༼ བོད་མི་མང་སྤྱི་འཐུས་ལྷན་ཚོགས་མ་འཚོགས་གོང་གི་གོ་སྐབས།༽
བསྟན་འཛིན་རྣམ་རྒྱལ་གྱིས་སྤྱི་ལོ་༢༠༢༤་སྤྱི་ཟླ་༡༡་ཚེས་༡་ཉིན་ལ།
ཉེ་ཆར་ཁྲིམས་ཞིབ་པ་གསར་བ་བསྐོ་འཇོག་བྱ་རྒྱུའི་རྩ་ཁྲིམས་བསྐྱར་བཅོས་ལ་གྲོས་ཚོགས་ཀྱི་རྩ་འབོར་གསུམ་ཆ་གཉིས་སྟེ་མང་མོས་བྱུང་བ་ནི་བསམ་ཡུལ་ལས་འདས་པའི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་རེད། གལ་ཏེ་གསུམ་ཆ་གཉིས་ཀྱི་མཉམ་འབྲེལ་འདི་མུ་མཐུད་དུ་མཉམ་གནས་ཐུབ་ཚེ། གྲོས་ཚོགས་མ་འཚོགས་པའི་གོང་རོལ་དུ་གྲོས་ཚོགས་ཡར་རྒྱས་གཏོང་ཆེད་དང་། སྤྱི་ཚོགས་སུ་ཡུན་རིང་ལྷག་པའི་བོད་མི་དཀྱུས་མའི་འོས་འདེམས་ཐོབ་ཐང་དང་འབྲེལ་བའི་མང་ཚོགས་ཀྱི་བསམ་འཆར་གཉིས་ཐག་གཅོད་བྱེད་རྒྱུའི་གོ་སྐབས་ཤིག་ཅིའི་ཕྱིར་ཕུལ་མ་ཆོག་པ་ཡོད།
ང་ཚོའི་གྲོས་ཚོགས་ཡར་རྒྱས་གཏོང་རྒྱུའི་བསམ་འཆར་མང་པོ་ཡོད་ཀྱང་། ཐོག་མར་ཡར་རྒྱས་གཏོང་ཐུབ་པའི་གོམ་པ་སྟབས་བདེ་གཉིས་ཡོད།
གནད་དོན་དོན་ཚན་གཉིས།
༼དང་བོ།༽ཆོས་བརྒྱུད་སྤྱི་མཐུས་ཁག་ལ་འོས་ཤོག་འཕེན་པའི་ཐོབ་ཐང་དེ་གྲྭ་བ་དང་བཙུན་མ་ཁོ་ན་ལས་མེད་པ།
༼གཉིས་པ།༽ རྒྱ་གར་དང་བལ་ཡུལ་གནས་བཞུགས་བོད་མི་ཚོས་ཁོང་ཚོའི་འོས་མི་བཅུ་ལ་འོས་ཤོག་འཕེན་ཆོག་གི་ཡོད་ཀྱང་། ས་གནས་གཞན་ཁག་ཏུ་འོས་ཤོག་གཅིག་དང་གཉིས་ལས་མེད།
ཐབས་ལམ།
༡༽ གྲྭ་བཙུན་ཚོར་ཡོད་པའི་འོས་འཕེན་གྱི་ཐོབ་ཐང་དེ་ནང་ལྟར། བོད་མི་ཡོངས་ལ་ཆོས་བརྒྱུད་སྤྱི་འཐུས་འདེམས་པའི་ཐོབ་ཐང་སྤྲོད་དགོས།
༢༽བོད་མི་ཡོངས་ལ་ཆོལ་ཁའི་སྤྱི་འཐུས་ལ་འོས་འཕེན་གྱི་ཐོབ་ཐོང་སྤྲོད་དགོས་པ་སྟེ། རྒྱ་གར་དང་ཡང་ན་ས་གནས་གང་དུ་བཞུགས་མིན་ལ་མ་ལྟས་པར། རང་གི་ཆོལ་ཁའི་སྤྱི་འཐུས་གཅིག་ལ་འོས་ཤོག་གཅིག་འཕེན་ཆོག་རྒྱུ།
ལམ་ལུགས། འཛམ་གླིང་ཡོངས་སུ་འོས་བསྡུ་ས་ཁུལ་༡༠་བཙུགས་ཏེ་འོས་བསྡུའི་ས་ཁུལ་རེ་རེར་མི་གྲངས་སྟོང་ཕྲག་༡༠་ནས་༡༥་བར་ཡོད་ལ། མི་གཅིག་གིས་སོ་སོའི་ཆོལ་ཁ་ནས་འཐུས་མི་གཅིག་ལ་འོས་ཤོག་འཕེན་དགོས།
འོས་བསྡུའི་ཁྱབ་ཁོངས། ༼བསམ་འཆར།༽
༡ ཧི་མ་ཅལ་དང་་ཀཤ་མིར། ལ་དྭགས།
༢ ལྡི་ལི། ཨུ་ཏ་ར་ཁནཌ། ཡུ་པི་། ཨེམ་པི་། བྷི་ཧར།
༣ ཀར་ན་ཊ་ཀ། ཨོ་རི་ས།
༤ སྒང་ཏོག་དང་ནུབ་བྷང་གཱལ། ཨ་རུ་ན་ཅལ། མེ་གྷ་ལ་ཡ།
༥ བལ་ཡུལ་དང་འབྲུག
༦ ཨ་རི་དང་ཁེ་ན་ཌའི་ཤར་མཚོ་ཁུལ།
༧ ཨ་རི་དང་ཁེ་ན་ཌའི་ནུབ་མཚོ་ཁུལ། མེག་སི་ཀོ། ལྷོ་ཨ་མེ་རི་ཁ།
༨ ཨོ་སི་ཁྲུ་ལི་ཡ་དང་། ནེའུ་ཛི་ལན་ཌི། ཉི་ཧོང་། ཐའེ་ཝན། ཀོ་རི་ཡ།
༩ སུད་སི་དང་། ལིག་ཊེན་སི་ཊིན། དབྱིན་ཡུལ། ཨིར་ལན་ཌི།
༡༠ ཡུ་རོབ་མཉམ་འབྲེལ། (ཧྥ་རན་སི། བྷེལ་རྗམ་སོགས།)
བྱ་བའི་ཡུལ་ལ་བལྟས་ནས་ཁྲིམས་བཟོ་དགོས་པ་ལས་བྱེད་པ་པོ་གང་ཟག་བྱེད་གྲགས་པར་དམིགས་ནས་ཁྲིམས་བཟོས་ན་དེ་འདྲའི་ཁྲིམས་དེ་ཁྲིམས་འགལ་ཆགས་ཀྱི་རེད། ཁྲིམས་ཞིབ་པ་ཡོང་སའི་ལམ་ཁ་བཟོས་ནས་ལས་ཐོག་ཁྲིམས་ཞིབ་པའི་མདུན་ལམ་ལ་དོ་ཕོགས་བཏང་ན་འགྲིག་གི་ཨ་ཡོད།
ད་ལྟའི་སྤྱི་འཐུས་སྐབས་བཅུ་བདུན་འདིའི་མང་གཙོ་མདུན་སྐྱོད་ཕར་ཞོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལའང་ཁྲིམས་མཐུན་གྱི་འགན་འཁུར་མ་ཐུབ་པ་བཅའ་ཁྲིམས་དོན་ཚན་གསུམ་པ། ཆབ་སྲིད་ཀྱི་རང་བཞིན་ཟེར་བའི་ནང་། ༼ མང་གཙོ་མཉམ་འབྲེལ། ༽ ལ་མང་གཙོ་དང་། བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་བདུན་པ། ༼ སྤྱི་འཐུས་ལྷན་ཚོགས་དང་། སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར། ༽ ལ་སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར། ཟེར་བ་བཅའ་ཁྲིམས་པར་ཐེངས་དྲུག་པ་སྤྱི་ལོ་ ༢༠༡༩ འཁོད་པའི་ནང་གསལ་འདུག་ན་བཅའ་ཁྲིམས་ལ་ཡིད་ཆེས་དང་། བརྩི་བཀུར། བློ་གཏད་ཡོད་མཁན་ཚོའི་དེ་སྔོན་སྤྱི་ལོ་ ༡༩༩༡ ལོའི་བཅའ་ཁྲིམས་མ་དཔེ་དང་པར་ཐེངས་དྲུག་པ་སྤྱི་ལོ་ ༢༠༡༩ ལོའི་བཅའ་ཁྲིམས་གཉིས་ལ་གཟིགས་ན་མཁྱེན་ཐུབ།