ཤར་ཕྱོགས་ཁུག་རྟ།
བོད་ཐོག་རྒྱ་ནག་གིས་འཛིན་པའི་སྲིད་བྱུས་ལ་བོད་མི་རྣམས་ཀྱིས་བདེན་པའི་ལས་འགུལ་སྤེལ་ཐེངས་རེར། རྒྱ་ནག་གཞུང་གིས་དེ་ནི་ཏཱ་ལ་དང་ཏཱ་ལའི་རུ་ཚོགས་ཀྱིས་ངན་སྐུལ་ཇུས་འགོད་བྱས་པ་ཡིན་པར་བསྒྲགས་རྒྱུར་ཐེ་ཚོམ་དང་ངོ་ཚ་གང་ཡང་མེད་པས། ལས་འགུལ་ནམ་བྱུང་སྐབས་རྒྱ་ནག་གཞུང་གིས་ག་རེ་བརྗོད་ངེས་པ་ནི་བཙན་བྱོལ་བོད་མི་གད་པ་ཚུད་ཆད་ཀྱིས་ཚོད་དཔག་ཐུབ་ཀྱི་ཡོད། ལོ་འདིའི་ཟླ་ ༣ ཚེས་ ༡༦ ནས་བྱུང་བའི་རང་ལུས་མཆོད་མེར་སྒྲོན་ནས་བོད་ཀྱི་རང་དབང་རྩོད་མཁན་ཚོ་ལའང་དེ་བཞིན་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱུད་སྐུལ་བྱས་པར་བསྒྲགས་ཡོད། དེ་ནི་རྒྱ་ནག་གཞུང་གི་སྐྱག་རྫུན་ཁུངས་མེད་ཀྱི་རིག་པ་གསར་བ་གང་ཡང་མིན་སྟེ། ༨༩ ལོར་ལྷ་སར་ཞི་རྒོལ་བྱུང་དུས་དང་། ༢༠༠༦ ལོར་སྐུ་འབུམ་དུ་བོད་མི་སྡེབས་འཛོམས་བྱུང་སྐབས། ༢༠༠༨ ལོ་ནས་ཞི་བའི་ངོ་རྒོལ་ཆེན་མོ་བྱུང་དུས་སོ་སོར་རྒྱ་ནག་གཞུང་གིས། དེ་རིང་ནང་བཞིན་༧གོང་ས་མཆོག་དང་སྒྲིག་འཛུགས་ཀྱིས་ཇུས་བཀོད་བྱས་ཚུལ་གྱི་ཁྱབ་བསྒྲགས་རྫུན་མས་རང་ངོ་རུལ་སུངས་འགེབ་ཐབས་བྱས་ཡོད།
དེང་རྒྱལ་སྤྱིའི་ནང་ཨ་རི་དང་ཡུ་རོབ། དེ་བཞིན་རྒྱ་གར་དང་ཉི་ཧོང་། ཐའེ་ཝན་བཅས་ཀྱི་ཡུལ་ལུང་སོ་སོ་རྒྱ་ནག་གཞུང་གི་སྐྱག་རྫུན་བཤད་སྟངས་ལ་གད་མོ་ཤོར་ནས་སྡོད་པའི་སྐབས་ཡིན་པས། ཁོང་ཚོས་འདི་ལྟར་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་༧གོང་ས་མཆོག་དང་སྒྲིག་འཛུགས་ཀྱིས་ཇུས་གཞི་བཏང་ཚུལ་བསྒྲགས་ཀྱང་ཡིད་ཆེས་བྱེད་མཁན་ནམ་མཁའི་མེ་ཏོག་གི་སྤུན་ཡིན་ཡང་། ཆེན་པོ་རྒྱ་ནག་གི་ཤེས་ལྡན་གཟུར་གནས་ཅན་རྣམས་དང་། མི་མང་གང་འཚམས་ཞིག་ལ་གནས་སྐབས་གསལ་ཆ་མ་བྱུང་བའི་དཀའ་ངལ་འཕྲད་སྲིད་པ་ལས། དོན་དངོས་པོར་རྒྱ་ནག་དམར་ཕྱོགས་གཞུང་འཛིན་ཚོགས་པས་རང་གིས་རང་ཉིད་གསོད་བཞིན་པའི་གོམ་སྟབས་སུ་འགྱུར་བཞིན་ཡོད།
ཡིད་སྐྱོ་དགོས་པ་ཞིག་ལ། དྲམ་བསྒྲགས་དང་མེ་མདས་ཐག་ཆོད་ཐབས་མེད་པའི་བོད་ཐོག་འཛིན་པའི་སྲིད་བྱུས་ལམ་དུ་མ་ལྷོངས་བར་རྒྱ་ནག་གཞུང་རང་ཡང་འ་ཆད་འུ་ཐུག་སྟེ། རྒྱ་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་མགྲིན་ཚབ་པ་ལིའུ་ཝེ་མིན་གྱིས་རྒྱ་ནག་གཞུང་འབྲེལ་གྱི་རྒྱུན་ལྡན་གསར་འགོད་གསལ་བསྒྲགས་ཞིག་གི་ཐོག་ཏཱ་ལའི་རུ་ཚོགས་ཀྱི་ཚོགས་མི་ཚོས་བོད་ནང་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་བྱས་པའི་གནས་ཚུལ་དེ་དག་ལ་སྐྱོན་བརྗོད་མ་བྱས་པ་མ་ཟད། ད་དུང་དེ་རིགས་ཀྱི་གནས་ཚུལ་མང་དུ་ཡོང་ཆེད་འཛམ་གླིང་གང་སར་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་རེད་ཟེར། སྐད་ཆ་འདི་དོན་དངོས་བྱས་ན། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་སློང་མོ་བརྒྱབ་སྟེ་བོད་ནང་ཞི་འཇགས་བཏང་འདོད་པས་ཡིན་ཞིང་། རྒྱལ་སྤྱིའི་ཁ་མིག་ཡོད་ཚད་རྒྱ་ནག་དམར་ཤོག་གཞུང་འཛིན་ཚོགས་པའི་སྟེང་བཙུགས་བཞག་པ་ཅུང་ཙམ་གཡོལ་ཐབས་ལོས་ཡིན་ཀྱང་། ༧གོང་ས་མཆོག་དང་སྒྲིག་འཛུགས་ཀྱིས་ཅིའི་ཕྱིར་ཁོང་ཚོ་སྐྱོན་བརྗོད་བྱ་འོས་སམ།
ཁོང་ཚོས་བོད་མིའི་རང་དབང་རང་སྲོག་བློས་གཏོང་གིས་རྩོད་བཞིན་པ་ནི། ༧གོང་ས་མཆོག་དང་སྒྲིག་འཛུགས་ཀྱིས་འཛམ་གླིང་ལ་དྲིལ་བསྒྲགས་བྱེད་བཞིན་པའི་བོད་ཀྱི་དཀའ་ངལ་ར་སྤྲོད་བྱས་པ་ཞིག་ཡིན་ལ། རང་སྲོག་བློས་བཏང་བ་དག་གིས་ཁ་ཕྲལ་མིན་ལ། ཆོས་དད་རང་དབང་དང་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ། བོད་ལ་རང་དབང་དགོས་པ། འགྲོ་འདུག་རང་དབང་དགོས་པ། སྨྲ་བརྗོད་རང་དབང་དགོས་པ། རྩོམ་འབྲི་ཁྱབ་སྤེལ་གྱི་རང་དབང་སོགས་ཀྱི་ཆེད་འཚེ་མེད་ཞི་བ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གི་ལམ་ནས་སྒྲུབ་པ་འདི། རྒྱ་ནག་གཞུང་གི་རྩ་ཁྲིམས་དང་བཅའ་སྒྲིག་ཁག་དང་ཅུང་ཙམ་ཡང་འགལ་མེད་ལ། ༢༠༠༨ ལོར་སྤྲད་པའི་བོད་མིའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་གཅིག་མཚུངས་ཆགས་ཡོད་པས། བོད་མིའི་མངོན་འདོད་གང་ཡིན་པ་དེའི་མགྲིན་ཚབ་བྱེད་པའི་བཙན་བྱོལ་བོད་མི་ཚོས་ཁོང་ཚོའི་བློས་གཏོང་གཏན་འགོག་བྱེད་པ་དང་། ཡང་ན་རྒྱ་ནག་གཞུང་གི་རེ་བ་ལྟར་སྐྱོན་བརྗོད་བྱེད་པའི་གཞི་རྩ་གང་དུ་སྲིད་དམ།
ད་དུང་། ལིའུ་ཝེ་མིན་གྱིས་ཏཱ་ལའི་རུ་ཚོགས་ཀྱིས་གནས་ཚུལ་དེ་ཚོར་སྒྲོ་བཏགས་པ་དང་དཀྲོགས་གཏམ་བཟོས་ཏེ་སྤེལ་བ་མ་ཟད། ད་དུང་བོད་མི་གཞན་རྣམས་ལ་སྐུ་ལུས་མེར་བསྲེགས་གཏོང་དགོས་པའི་སྐུལ་འདེད་བྱེད་ཀྱི་ཡོད་པ་རེད་ཅེས་དཔང་རྟགས་གང་ཡང་མེད་པར་བྱུང་རྒྱལ་དུ་བཤད་འདུག བོད་ནང་གནས་ཚུལ་གང་བྱུང་བ་རྣམས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གང་ཞིག་ཏུ་ཚུལ་ཅི་ལྟར་སྒྲོ་བཏགས་མིན་མྱུར་ཏུ་གསར་འགོད་གསལ་བསྒྲགས་ཀྱི་ལམ་ནས་སྤེལ་སྟེ་དབུས་བོད་མིའི་སྒྲིག་འཛུགས་ངོ་ཚ་ཁ་སྐྱེངས་མི་བཟོ་བར། གང་དུ་སྒྲོ་བཏགས་པ། སྣོན་པ་བརྒྱབ་པ་རྣམས་སྐོང་དགོས་དོན་ཁྱོན་ནས་མི་འདུག་ལ། རྒྱ་ནག་གཞུང་གིས་ད་ཐེངས་དཔང་རྟགས་ཚད་ལྡན་གྱིས་བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་ཐེངས་གཅིག་རྒྱལ་སྤྱིའི་སྟེང་ངོ་ཚ་ཁ་སྐྱེངས་བཟོ་ཐུབ་ན། བོད་མི་རྣམས་ཀྱིས་མི་ལོ་མང་པོར་བསགས་པའི་ཤ་འཁོན་རྣམས་བརྗེད་དུ་འཇུག་ཐུབ་ངེས་ཡིན།
ལིའུ་ཝེ་མིན་གྱིས་ད་དུང་། བོད་མིའི་རང་ལུས་མེར་བསྲེག་བཏང་སྟེ། ངོ་རྒོལ་བྱས་པ་དེ་ནི་དྲག་པོའི་སྒོ་ནས་རྒྱ་གཞུང་མགོ་རྟིང་སློག་རྒྱུར་འཆར་གཞི་ཡོད་པའི་ལས་འགུལ་གྱི་ཟུར་ཞིག་ཡིན་པ་དང་། རང་ལུས་མེར་བསྲེགས་བཏང་བ་དེ་ནི་འགྲོ་བ་མིའི་གཞི་རྩའི་བྱ་སྤྱོད་དང་མི་མཐུན་པ་མ་ཟད། ལྷག་པར་དུ་ནང་པའི་ལྟ་གྲུབ་དང་འགལ་བ་ཞིག་རེད་ཟེར། ད་ལྟའི་རྒྱ་ནག་གཞུང་འདིས་རང་གི་རུལ་སུངས་དང་། ལོ་རྒྱུས་ནང་བསགས་པའི་ཤ་འཁོན་དང་ནག་ཉེས་ཀྱིས་དམར་ཤོག་ཚོགས་པ་མགོ་རྟིང་མི་སློག་པར། བོད་ཀྱི་རང་དབང་དོན་དུ་རང་སྲོག་མཆོད་མེར་སྒྲོན་པ་ཞིག་གིས་རྒྱ་ནག་གཞུང་མགོ་རྟིང་སློག་པར་བསམས་པ་ནི། ༧གོང་ས་མཆོག་གིས་གསུངས་པའི་གུང་བྲན་ཏང་རྒས་ཡོལ་འགྲོ་ལ་ཉེ་བ་ཞེས་པའི་གསུང་ཚིག་འདི་དང་མཐུན་ཞིང་། རང་གི་ནག་ཉེས་ཀྱི་རང་ནོངས་པེ་ཅིན་མཁར་དུ་མ་ཤོངས་པའི་དམར་ཤོག་ཚོགས་པའི་ཚོགས་མི་ཚོར་འདི་འདྲའི་དངངས་སྐྲག་ཡོད་པ་ནི་བརྗོད་མི་དགོས་པ་ཞིག་ཡིན་ལ། ལེ་བྷེ་ཡ་དང་ཨེ་ཇིབ་སོགས་ཀྱིས་མཚོན་དེང་འཛམ་གླིང་གི་མང་གཙོ་རང་དབང་གི་མེ་ཏོག་ཕྲ་ལམ་མེར་བཞད་དུས། དམར་ཤོག་སྒེར་གཅོད་པ་རི་བོང་རྡོ་བརྫུས་ཀྱིས་སྡོད་ས་མེད་པ་ནི་གསལ་བོ་ཡིན་པས། མགོ་རྟིང་སློག་པའི་སྔ་རྟགས་ཐོན་པའི་གཞུང་ནི་རྒྱ་ནག་མི་མང་གི་འདོད་བློ་དང་མཐུན་པའི་གཞུང་ཞིག་མིན་པར། དེ་ནི་ད་ལྟའི་རྒྱ་ནག་གི་རྒྱལ་རབས་ནང་ནག་ཉེ་ཆེ་ཤོས་ཀྱི་གཞུང་འཛིན་གུང་བྲན་ཏང་དམར་ཤོག་ཚོགས་པ་ཡིན་ལ། ༡༩༤༩ ལོའི་ ༡༠ ཚེས་ ༡ ལ་ཁྲིམས་མེད་ལུགས་མེད་ཀྱིས་བཙུགས་པའི་ཀྲུང་ཧྭ་མི་དམངས་སྤྱི་འཐུན་རྒྱལ་ཁབ་ཟེར་བ་འདི་ཡིན་ལ། དེའི་བྱེད་པོ་རྣམས་མགོ་རྟིང་སློག་རྒྱུ་ནི་འཛམ་གླིང་ཞི་བདེ་དང་། ལྷག་ཏུ་གླིང་ཆེན་ཨེ་ཤ་ཡའི་བདེ་སྐྱིད་འཚོ་བར་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་པས། ཁོང་ཚོས་གཞན་ཕན་སྙིང་སྟོབས་ཀྱིས་རང་སྲོག་བློས་གཏོང་གནང་བ་ནི་འགྲོ་བ་མིའི་ཡ་རབས་ཀུན་སྤྱོད་འབྱུང་ཡུལ་རང་ལས་གཞན་གཅེས་ཀྱི་བྱང་ཆུབ་སེམས་དཔའི་ཉམས་ལེན་དངོས་གནས་དེ་ཡིན།
དེས་ན་བཀའ་བློན་ཁྲི་པས་ཕྱོགས་སྡོམ་གནང་བ་བཞིན། བོད་ནང་གི་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་དེ་རིགས་མ་སྤེལ་ཐབས་མེད་ཆགས་པའི་རྒྱུ་རྐྱེན་གཙོ་བོ་ནི་ད་ལྟ་བོད་ནང་ཆབ་སྲིད་ཀྱི་དམ་དྲག་དང་རིག་གཞུང་རྩ་གཏོར། དཔལ་འབྱོར་དབྱེ་འབྱེད། དེ་བཞིན་ཁོར་ཡུག་གཏོར་བཤིག་སོགས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེས་ཡིན། གསུངས་པ་ལྟར། རྒྱ་ནག་དམར་ཤོག་ཚོགས་པས་གང་མྱུར་བོད་མིའི་འདོད་འདུན་ལ་ཁྲིམས་དང་དངོས་ཡོད་གཉིས་ཆར་མཐུན་པའི་དགོངས་བཞེས་མ་གནང་ཚེ། འབྱུང་འགྱུར་རིག་གཞུང་ཕྱུག་པོ་ཡོད་པའི་རྒྱ་ནག་མི་མང་ལ་མང་གཙོའི་གཞུང་འཛིན་ཞིག་ཡོང་བའི་རེ་བ་བྱེད་ཀྱི་ཡིན།
ཤར་ཕྱོགས་ཁུག་རྟ་ལགས་སྐུ་ཁམས་བཟང་།
གུས་པ་ནི་ཁྱེད་ཀྱི་རྩོམ་ཡིག་བཀླག་རྒྱུར་དགའ་བའི་ཀློག་པ་པོ་ཞིག་ཡིན།ལྷག་པར་ཁྱེད་ཀྱི་རྒྱ་དམར་ལ་དགག་ལན་གྱི་རྩོམ་ཡིག་དེ་དག་ནི་གནད་ལ་འཁེལ་ཞིང་ཆབ་སྲིད་ཀྱི་བྱང་ཚད་ལྡན་བཅས་ཡོད་པས་བདག་གི་ཡིད་དབང་རབ་ཏུ་འཕྲོགས།མུ་མཐུད་ནས་དེ་ལྟའི་རྩོམ་སྤེལ་རྒྱུར་རེ་སྒུག་བྱེད་བཞིན་ཡོད།
རྗེས་སུ་མཇལ་ཡོང་།
རྒྱ་དམར་གྱི་མགྲིན་ཚབ་པ་དེས་བཤད་པའི་སྐད་ཆ་དེར་ང་ཡང་ཚོར་སྣང་མི་འདྲ་བ་ཞིག་བྱུང་། ནམ་རྒྱུན་ཏ་ལས་ངན་བསྐུལ་བྱས་པའི་སྐོར་ཁོ་ན་ཤོད་ཀྱང་། ད་ཆ་གོང་ས་མཆོག་དང་། བཙན་བྱོལ་གཞུང་ནས་བཀག་མ་སོང་ཟེར་དུས་ཁོང་ཚོ་འུག་ཐུག་ནས་རང་བཞིན་གྱིས་ཚུར་མགོ་མགུར་བ་འདྲ་བོའི་ཚོར་སྣང་བྱུང་། མ་གཞི་གཡོ་སྒྱུར་བྱང་ཆུབ་པའི་རྒྱ་དམར་ཇག་པ་དེ་ཚོའི་བྱ་སྤྱོད་དེ་རང་རེད། གུས་ནས་དྲན་པ་ཞིག་ལ་དེ་སྔོན་ལྷ་སར་རྒྱ་དམར་ལ་རྒོལ་པའི་ལས་འགུལ་རིམ་པར་ཐོན་པར་རྒྱ་དམར་འུ་ཐུག་ནས་ཀུན་གཟིགས་མཆོག་བོད་མིར་སློབ་གསོ་རྒྱག་པར་ཕེབས་དགོས་པའི་བཀའ་བཏང་བར་ཀུན་གཟིགས་མཆོག་གིས་རྙོག་ཕྲ་ཚང་མ་ཁྱོད་ཚོས་བཟོས་ད་འབ་བསུ་མ་བསྡུས་པར་ང་ཚོ་བེད་སྤྱོད་བྱ་ཡི་ཡོག་རེད་ཅེས་བཀའ་ཕེབས་ཡོད། ཀུན་གཟིགས་མཆོག་བོད་དུ་ཕེབས་རྗེས་རྒྱལ་གཅེས་བཙོན་པ་མང་པོ་ཞིག་བཙོན་ནས་གློད་པ་དང་། སླད་ཕྱིན་རྒྱ་དམར་གྱི་ལས་བྱེད་རྣམས་ནས་བོད་མིར་དྲག་གནོན་དེ་ལྟར་བྱས་ན་གནས་ཚུལ་ཐབས་སྡུག་གང་འདྲ་བྱུང་ཡང་འགན་ཁྱེད་ཚོས་འཁུར་དགོས་གསུངས་ཡོད། ཁོང་བཞུགས་ཡོད་ན་རྔ་བའི་དགེ་འདུན་པ་དེ་དག་གི་སྐུ་སྲོག་མཆོད་མེར་ཕུལ་མི་དགོས་པ་ཞིག་ཆགས་སྲིད་ད་དེ་ཚོ་བསམ་ན་སེམས་སྐྱོ་བོ་དགོས་པ་ཞིག་རེད།
དྲ་གྲོགས་སྐྱུ་རྩིས་བཤད་པ་དངོས་བདེན་རེད།
པཎ་ཆེན་རིན་པོ་ཆེ་དེ་མ་གཞི་དགེ་ལུགས་པའི་བླ་ཆེན་གཉིས་ཀྱི་ནང་ནས་གཅིག་ཡིན་ཀྱང་།
ཁོང་གི་སྐུ་ཚེའི་ནང་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་རྩ་བ་ནས་གནང་མི་མྱོང་བ་ཞིག་རེད།
ངོ་མ་བླ་མ་དེ་ཕངས་སོང་།
བླ་མ་དེས་བོད་ནང་ཐུགས་འགན་བཞེས་པའི་བྱ་བ་མང་པོ་མཛད་སོང་།
བླ་མ་དེ་ལྟ་བུ་ད་ལྟ་བཞུགས་ཡོད་ན།
བོད་ཀྱི་གནས་སྟངས་ཐབས་སྐྱོ་བོ་འདི་འདྲ་བ་མཐོང་མི་ཐུབ་པ་ཐག་ཆོད།
ད་ཚར་སོང་བ་རེད།
ད་ལྟ་ཁོང་གི་བཀའ་དྲིན་དྲན་ཐུབ་མཁན་ཉུང་དུ་འགྲོ་གི་འདུག
ལྷག་པར་དུ་བོད་ནང་འཚར་ལོངས་བྱུང་ཞིང་། བཙན་བྱོལ་ནང་སླེབས་པའི་བོད་རིགས་གཞོན་སྐྱེས་ཁག་ཅིག
ཁོང་གི་བཀའ་དྲིན་བརྗེད་ནེ་བཟོ་འདྲ་འདུག ཨ་གསར་ཅན་གྱི་སྐྱག་ཕྲུག་དེ་ཚོ་དངོས་གནས་ཐབས་སྐྱོ་བོ་རེད།
བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཕར་ཞོག
སོ་སོའི་དོན་དག་འགྲིག་དུས། པཎ་ཆེན་བླ་མའི་མཚན་ཡང་སྨྲོས་མ་ཐུབ་མཁན་གྱི་སྐྱག་འབུ་ག་ཚོད་ཡོད།
དགེ་ལུགས་པས་པཎ་ཆེན་བླ་མའི་ཡང་སྲིད་དེ་ཡང་མགོ་ཐོན་མ་སོང་།
དགེ་ལུགས་པའི་ལྟོ་ཕོར་བླ་མ་མཆོད་པ་ཟེར་བ་དེ། པཎ་ཆེན་བླ་མས་མཛད་སོང་བ་མ་རེད་པས།
སྐྱག་འབུ་འདི་ཚོ་ཀླད་མེད་ཁྱུ་ཅིག་རེད།
པན་ཆེན་བཅུ་པ་མཆོག་སྐུ་དངོས་སུ་མ་བཞུགས་ཀྱང་ཁོང་རང་ཉིདལས་ལྷགས་པའི་ཡིག་འབྲུ་ཁྲི་བདུན་གྱིས་རྒྱ་ནག་ལ་རྒོད་ལན་སྤྲོད་བཞིན་པ་རེད།
ཀུན་གཟིགས་མཆོག་གི་བཀའ་དྲིན་དེ་དངོས་གནས་བསམ་མི་ཕོད་པ་ཞིག་རེད།
ཤར་ཕྱོགས་ཁུག་རྟ་ལགས་ནི་བསམ་ཕོད་པ་དང་འབྲི་ཕོད་པའི་ཕ་བཟང་གི་བུ་རྒོད་ཅིག་ཡིན་པ་མཚོན་ཐུབ་གི ། གནད་ལ་ཕུགས་པའི་རྩོམ་ཡག་པོ་ཞིག་བྲིས་འདུག །
ཁུག་རྟའི་རྩོམ་ཡིག་གིས་པེ་ཅིན་གྱི་དཔོན་དམག་ཚོའི་སེམས་པ་འདར་གི་ཡོད་འདྲ་རེད། དངོས་གནས་དགེ་ཆོས་ཀྱི་ཡང་སྤྲུལ་འཁྲུལ་མེད་མིན་འགྲོ་བསམ། ད་ནི་ཨ་ལགས་ཟམ་གདོང་གིས་ནོར་མེད་ཀི་ཡ།
གྲོགས་པོ་རྣམ་པ་ཕེབས་ནས་དགྲ་ཡོང་ན་མདུང་མོ་མཉམ་འཛུགས་བྱས་པ་དགའ་ཡོད། ང་ཚོ་བཙན་བྱོལ་བོད་མི་སྤར་མོ་གང་མ་གཏོགས་མེད་ཀྱང་རྒྱ་ནག་གཞུང་ཆེན་པོ་དེ་དང་བསྡུར་ན་ལོ ༥༠ ནང་ཕྱོགས་གང་ས་ཅི་ཐད་ནས་ང་ཚོ་འཛམ་གླིང་ནང་མགོ་མགྱོགས་ཆོག་ཆོག་ཅིག་ཡོད་པ་༧རྒྱལ་མཆོག་གིས་རྟག་ཏུ་གསུངས་པ་བཞིན། བོད་རང་གི་དོན་དག་བོད་མི་རང་ལ་ཐུག་ཡོད་པས་ཚང་མས་རང་ནུས་ལ་དཔག་ཚོད་རེ་དུས་ཚོད་དང་བསྟུན་པའི་ཐོག་ཆད་མེད་བྱས་ན། རྒྱ་ནག་གཞུང་འདི་ལྟར་འུ་ཐུག་རྒྱུ་དངོས་ཡོད་རེད།