སྐར་ཆེན། ཡོ་རོབ།
དེ་རིང་འདི་ནས་ཡར་བརྩིས་ན་དམིགས་བསལ་ཚོགས་ཆེན་ཚར་ནས་ཉིན་གྲངས་ཉི་ཤུ་ལྷག་འགྲོ་གི་ཡོད།འོན་ཀྱང་། ངེད་ཀྱི་རྩོམ་འདི་ཉིན་གྲངས་ཉི་ཤུའི་རྗེས་སུ་བྲིས་བ་ཡིན། ཉིན་གྲངས་ཉི་ཤུའི་དུས་ཡུན་ནི་ངེད་ཀྱིས་དམིགས་བསལ་ཚོགས་ཆེན་གྱི་སྐོར་ལ་བསམ་བློ་བཏང་བའི་དུས་ཡུན་རེད། དུས་ཡུན་འདིའི་ནང་ལ་ངེད་ཀྱིས་དམིགས་བསལ་ཚོགས་ཆེན་གྱི་སྐོར་དང་འབྲེལ་བའི་གཞུང་འབྲེལ་གསུང་བཤད་དང་གསུང་འཕྲིན། ཟིན་བྲིས། གཞན་མི་སྒེར་བའི་གསུང་བཤད་དང་ཚོགས་པ་སྒེར་བའི་གསུང་བཤད། ཕྱིརྒྱལ་བའི་ཚོད་དཔག་དང་རྩོམ་བྲིས། ད་དུང་གསར་འགོད་པ་ཚོའི་གསར་འགྱུར་སོགས་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་བསྡུ་ལེན་བྱས། ཉན་ཤེས་བྱས། བསམ་བློ་བཏང་སྟེ་གཞི་ནས་རྨོངས་འཆར་ཆུང་ཆུང་ཞིག་འབྲི་ཁུལ་བྱས་བ་ཡིན།
ད་ལོའི་བོད་ནང་གི་ཛ་དྲག་བྱུང་རྐྱེན་དང་རྒྱལ་སྤྱིའི་གནས་བབ་བཅས་བོད་ཀྱི་རྩ་དོན་ཐོག་གོ་བསྡུར་བགྲོ་གླེང་ཞིབ་ལྷོད་ཅིག་གནང་ཆེད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༥༩བའི་ཆ་རྐྱེན་འོག་དམིགས་བསལ་ཚོགས་ཆེན་ཞིག་འཚོགས་དགོས་ཀྱི་འདུག་ཞེས་ཕྱི་ལོ་༢༠༠༨ལོའི་ཟླ༩ཚེས་༡༡ཉིན་༧གོང་ས་མཆོག་གིས་སྐུ་སྒེར་ཡིག་ཚང་བརྒྱུད་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་དང་བཀའ་ཤག་ལྷན་རྒྱས་ལ་བཀའ་གནང་། དུས་ཚོད་དེ་ནི་ཏག་ཏག་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་དྲུག་པ་རྡ་རམ་ས་ལར་འཚོགས་བཞིན་པའི་སྐབས་རེད། གྲོས་ཚོགས་ཚོགས་དུས་དྲུག་པ་ཚོགས་བཞིན་པའི་སྐབས་དང་བསྟུན་བཙན་བྱོལ་བོད་གཞུང་བཀའ་ཤག་ནས་ཚོགས་དུས་ཉིན་བདུན་པ་ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡༥ རེས་གཟའ་ཟླ་བ་ཉིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ འོག་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་ཞེས་པའི་ཚོགས་ཆེན་བསྡུ་བསྐོང་གནང་རྒྱུའི་ལས་རིམ་གྲོས་འཆར་ཞིག་སྤྱི་འཐུས་ཚོགས་འདུའི་སྟེང་ཕུལ། གྲོས་ཚོགས་ནང་བཀའ་སྤྱི་གཉིས་ནས་ཚོགས་འདུའི་ལས་རིམ་གྱི་གྲོས་འཆར་ལ་གོ་བསྡུར་སྦྱང་བཤད་གནང་བའི་མཐར་ཚོགས་འདུའི་མིང་ལ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ང་དགུ་པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་ཕྱི་ལོ་ ༢༠༠༨ ཅེས་དང་། ཚོགས་དུས། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༧ རེས་གཟའ་ཟླ་བ་ནས་ཚེས་ ༢༢ སྤེན་པའི་བར་ཉིན་དྲུག་རིང་སྔ་དྲོ་ཆུ་ཚོད་ ༩་༣༠ ནས་ཕྱི་དྲོ་ཆུ་ཚོད་ ༥་༠༠ བར།ཚོགས་ཡུལ་རྡ་སྟེང་བོད་ཁྱིམ་སློབ་གྲྭ། གཞན་ཚོགས་མིའི་ཡོང་ཁུངས་དང་ཚོགས་མིའི་གྲངས་ཁྱོན་༥༦༠གཏན་འབེབས་དང་དེའི་ཁོངས་སུ་གཞུང་གི་ལས་ཀྱི་སྣེ་མོར་མི་གཏོགས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཅུའི་སྐུ་ཚབ་གྲངས་ཉི་ཤུ་དང་རྒྱུན་ལྡན་བོད་དོན་ཐོག་ཐུགས་ཁུར་དང་འགན་འཁུར་ལས་འགུལ་གནང་མཁན་རྒྱ་བལ་འབྲུག་གསུམ་དང་། དེ་མིན་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་དང་བླངས་ཕེབས་མཁན་གྲངས་༤༨བཅས་འདུག ཚོགས་འདུའི་དབུ་འབྱེད་ཀྱི་མཛད་སྒོའི་སྟེང་དུ་། བཀའ་ཤག་གི་བཀའ་བློན་ཚོས་ཚོགས་ཆེན་གྱི་སྐོར་ལ་གསུང་བཤད་ཚིག་རྐྱང་གནང་གི་མིན་གསུངས་འདུག། ད་དུང་གཞུང་ཞབས་ཚོར་གཞུང་གི་སྲིད་བྱུས་དང་ལངས་ཕྱོགས་གླེང་སློང་མི་དགོས་པར་སོ་སོའི་ལྟ་ཚུལ་བཤད་དགོས་ཟེར། འདི་ཕྱི་གསལ་ནང་གསལ་གྱི་སྐད་ཆ་ཞིག་རེད་དམ་མ་རེད། གཞུང་ཞབས་ཚོས་ཚོགས་ཐོག་ཏུ་གཞུང་གི་སྲིད་ཇུས་དང་ལངས་ཕྱོགས་གླེང་མ་དགོས་བར་སོ་སོའི་ལྟ་ཚུལ་བཤད་ཆོག་ན་དམིགས་བསལ་ཚོགས་ཆེན་དབུ་མ་ཚུགས་པའི་སྔོན་ལ་གཞུང་ཞབས་ཚོར་དམིགས་བསལ་ཚོགས་ཆེན་དང་འབྲེལ་བའི་བཅར་འདྲི་བྱས་མི་ཆོག་པ་ཅི་རེད། ངེད་ཀྱི་རྨོངས་འཆར་ལྟར་ན། ཚོགས་ཆེན་ཐོག་ཏུ་གཞུང་གི་སྲིད་ཇུས་དང་ལྟ་བ་བཤད་མི་བཤད་དེ་སྐད་ཆ་གཞན་ཞིག་རེད། གལ་སྲིད་ད་རེས་དངོས་གནས་དྲང་གནས་༧གོང་ས་མཆོག་གི་ཐུགས་རེ་ནང་བཞིན་མང་ཚོགས་ཀྱི་བསམ་ཚུལ་བསྡུས་ཡོད་ན། ཚོགས་ཐོག་ཏུ་གཞུང་གི་སྲིད་ཇུས་དང་ལྟ་བ་གླེང་རྒྱུའི་གཞི་མེད། དེ་ལྟར་བྱུང་མེད་ན་ནི། ཚོགས་ཐོག་ཏུ་གཞུང་གི་སྲིད་ཇུས་དང་ལྟ་བ་མ་གླེང་རུང་ཚོགས་ཐོག་གི་སྐད་ཆ་དེ་གཞུང་གི་སྲིད་ཇུས་དང་ལྟ་བའི་སྣེ་ནས་འདུག་གི་རེད། ཕར་བཤད་ཚུར་བཤད་ཅི་ཞིག་བྱས་རུང་གཞུང་གི་དཀྱིལ་འཁོར་དེ་ལས་ཕར་བརྒལ་ཐུབ་ཀྱི་མ་རེད།
གང་ལྟར་། འཆར་གཞི་དེ་ཉིན་དེ་ག་རང་ལ་སྐུ་སྒེར་ཡིག་ཚང་བརྒྱུད་གོང་ས་མཆོག་ལ་ཕུལ་བར། ཕྱི་ཟླ་ ༩ ཚེས་ ༡༨ ཉིན་བཀའ་འཁྲོལ་གནང་འདུག ཕྱི་ཟླ་ ༩ ཚེས་ ༢༦ ཉིན་ཚོགས་དྲུང་ལས་ཁུངས་ནས་ཚོགས་འདུའི་སྐོར་གྱི་གསལ་བསྒྲགས་ཐེངས་དང་པོ་དེ་བྱས་འདུག ཕྱི་ཟླ་ ༡༠ ཚེས་ ༣ ཉིན་ཚོགས་དྲུང་ལས་ཁུངས་ནས་གསལ་བསྒྲགས་ཐེངས་གཉིས་པ་སྤེལ་ཏེ་ཚོགས་ཆེན་གྱི་གྲོས་གཞིའི་ཐོག་སྔོན་ཚུད་ནས་ཁྱབ་ཁོངས་མང་ཚོགས་ཀྱི་བསམ་འཆར་བསྡུས་ཏེ་ཚོགས་ཆེན་སྐབས་ཡིག་ཐོག་ལ་འབུལ་ཐུབ་པ་དགོས་རྒྱུའི་ལམ་སྟོན་གནང་འདུག འདི་ལྟར་བལྟས་ན། ༧གོང་ས་མཆོག་གིས་ཐོག་མར་བཀའ་གནང་བ་ནས་གསལ་བསྒྲགས་དང་པོའི་བར་ལ་ཉིན་གྲངས་ཉིན་གྲངས་༡༡ ་དང་། བཀའ་ཡིག་གནང་བ་ནས་གསལ་བསྒྲགས་གཉིས་པའི་བར་ལ་ཉིན་གྲངས་ ༡༩ ཡི་བར་ཁྱད་ཡོད། གཞན་མི་མང་གི་བསམ་ཚུལ་རྗེན་པ་ཞིག་ཡོང་བའི་སླད་དུ་༧གོང་ས་མཆོག་གིས་ཚོགས་ཆེན་ལ་དམིགས་པའི་དམིགས་བསལ་གསུང་འཕྲིན་ནི་ཕྱི་ཟླ་ ༡༡ ཚེས་ ༡༤ ཉིན་གནང་ཡོད་ཅིང་། གསུང་འཕྲིན་དེའི་ནང་། བཀའ་སྤྱི་ཐུན་མོང་ལ་འདི་ལོ་ཕྱི་ཟླ་་༩་ཚེས་༡༡་ཉིན་ལམ་སྟོན་བྱས་པ་ལྟར་ད་ཆ་ཚོགས་ཆེན་ཚོགས་ཉེར་ཡོད་པ་འདིའི་ཐོག་ཚོགས་མི་ཡོངས་ཀྱིས་རང་རང་ཁྱབ་ཁོངས་མང་ཚོགས་ཀྱི་བསམ་འཆར་ཇི་ཡོད་གསལ་འདོན་བྱེད་པའི་རེ་བ་ཡོད།་ ཅེས་དང་། སྲིད་དོན་ཚོགས་པ་ཁག་གིས་ཆབ་སྲིད་ལྟ་གྲུབ་མཁྲེགས་འཛིན་གྱིས་རྩོད་གླེང་བྱེད་པ་ལྟ་བུུ་མ་ཡིན་པར་མང་ཚོགས་ཀྱི་བསམ་འཆར་ངོ་མ་ལྷད་མེད་ཚོགས་ཆེན་གྱི་སྡིངས་ཆའི་ཐོག་གསལ་འདོན་བྱེད་དགོས། དེའི་ཐད་ཚང་མས་འབད་རྩོལ་བྱ་རྒྱུར་ངས་རེ་སྐུལ་ནན་པོ་བྱེད་ཀྱི་ཡོད། དམིགས་བསལ་ཚོགས་ཆེན་འདི་ནི་གོ་བསྡུར་སྦྱངས་ཤད་ཞིབ་ལྷུག་བྱས་པའི་ལམ་ནས་གཞི་རིམ་མང་ཚོགས་ཀྱི་བསམ་ཚུལ་ངོ་མ་ཇི་ཡིན་ཤེས་རྟོགས་ཡོང་ཐབས་ཁོ་ནའི་ཆེད་དུ་ཡིན་པ་ལས་ཆབ་སྲིད་ཀྱི་ཐབས་བྱུས་སམ་ཁག་དཀྲི་བྱེད་ཡུལ་ལྟ་བུའམ། ཡང་ན་ངེས་ཅན་གྱི་གྲུབ་དོན་གཅིག་གི་ཐོག་འབབ་རེ་བྱེད་པའི་མངོན་པར་མི་གསལ་བའི་དམགས་ཡུལ་ཡོད་པ་ཞིག་གཏན་ནས་མིན་པ་འདི་ངེས་པར་ཤེས་པ་བྱེད་དགོས། ཞེས་གསུངས་འདུག ད་དུང་༧གོང་ས་མཆོག་གིས་། ངོས་ནས་མང་གཙོའི་ལམ་སྲོལ་ཕྲ་ཚུགས་ཡོང་ཐབས་ལ་འབད་བརྩོན་རྒྱུན་བསྲིངས་བྱས་བའི་དམིགས་ཡུལ་ནི་བོད་མིའི་ཆབ་སྲིད་སྲ་བརྟན་རྒྱུན་གནས་ཡོང་ཐབས་ཁོ་ན་ལས་རང་ཉིད་འགན་ཁུར་བྱེད་འདོད་མེད་པའམ་ཡང་ན་གཡོང་ཐབས་བྱས་བ་གཏན་ནས་མིན་ཞེས་ཀྱང་གསུངས་འདུག
དེ་ནི་ཚོགས་འདུ་འཚོགས་པར་ཉིན་གསུམ་གྱི་སྔོན་ལ་རེད། འོན་ཀྱང་། མི་མང་གི་བསམ་ཚུལ་བསྡུས་ཚར་འདུག བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་མཇུག་འབྲས་གསལ་བསྒྲགས་དེ་ཕྱི་ཟླ་༡༡པའི་ཚེས་༡༦ཉིན་ཏེ། ཚོགས་ཆེན་གྱི་ཉིན་སྔ་མར་བྱས་འདུག གང་ལྟར་བསམ་ཚུལ་སྔོན་ལ་བསྡུས་ཚར་བ་དང་༧གོང་ས་མཆོག་གི་ཐུགས་འཚབ་གསུང་འཕྲིན་དང་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་མཇུག་འབྲས་ཀྱི་གསལ་བསྒྲགས་གཉིས་རྗེས་ལ་སླེབས་འདུག མང་ཚོགས་ཀྱི་བསམ་ཚུལ་སྔོན་ལ་ཤོར་བ་དེས་གཞི་རྩིའི་དོན་དག་ལ་མང་ཚོགས་ཀྱི་བསམ་ཚུལ་གྱིས་མ་སྙོབས་པ་དང་།མང་ཚོགས་ཀྱི་བསམ་ཚུལ་བསྡུ་ནོར་གྱིས་གནད་དུ་མ་འཁེལ་བ་བྱུང་ཡོད་པ་ཡིན་སྟབས། གསར་འགོད་པ་ཚོས་ཚོགས་ཞུགས་གནད་ཡོད་མི་སྣ་ཚོའི་ཁ་བསྔོགས་པའི་ནང་། བསམ་ཚུལ་སྔོན་ལ་ཤོར།ལམ་སྟོན་དང་འགྱུར་བ་རྗེས་ལ་བྱུང་བ་དེས། ཚོགས་ཆེན་དེ་མང་ཚོགས་ཀྱི་བསམ་ཚུལ་བཤད་ས་ཡིན་དང་ཚོགས་མི་ཚོ་སྒེར་གྱི་བསམ་ཚུལ་བཤད་ས་ཡིན་གྱི་གསལ་ཁ་མ་བྱུང་ཟེར་མཁན་མང་པོ་བྱུང་འདུག
ད་དུང་ཚོགས་ཆེན་གྱི་སྒང་ནས་མི་སྒེར་གྱི་བསམ་ཚུལ་བཤད་ཡོད་དམ་མང་ཚོགས་ཀྱི་བསམ་ཚུལ་བཤད་ཡོད་ལབ་ཡ་དེ་ཞིབ་འཇུག་གཏིང་ཟབ་བྱེད་རྒྱུའི་གནད་ཆགས་འདུག དེས་ག་ལ་ཚད། མང་ཚོགས་ཀྱི་ས་ནས་བསམ་ཚུལ་ཇི་ལྟར་བསྡུས་ཡོད་མེད་ནི་གནད་དོན་དེ་རེད། དགོན་སྡེ་ཁག་དང་གཞིས་ཆགས་ཁག དེ་མིན་ད་དུང་སྤོབ་གྲྭ་ཁག་བཅས་ནས་བོད་ནང་གི་ཛ་དྲག་བྱུང་རྐྱེན་དང་རྒྱལ་སྤྱིའི་གནས་བབ་བཅས་གཞི་ལ་བཞག་ནས་བསམ་ཚུལ་མ་བསྡུས་བར་དབུ་མའི་ལམ་དང་རང་བཙན་གཉིས་ལས་གང་ལ་འདོད་པ་ཡོད་མེད་ཀྱི་འོས་ཤོག་གི་བསྡུས་འདུག འདི་ནི་མང་ཚོགས་ཀྱི་བསམ་ཚུལ་བསྡུ་སྟངས་ངོས་ཀྱི་ནོར་འཁྲུལ་ཆེ་ཤོས་དེ་རེད་འདུག ངེད་ཀྱི་རྨོངས་འཆར་ལྟར་ན། བོད་ཀྱི་རྩ་དོན་དེ་བོད་རྒྱའི་གནད་དོན་ཡིན་ན། བོད་རྒྱའི་གནད་དོན་གྱི་འགྱུར་བའི་རིམ་པ་དང་གྲོས་མོལ་གྱི་མཇུག་འབྲས་མ་ཤེས་བར་བསམ་ཚུལ་ཅི་ལྟར་བཤད་དགོས་སམ། ང་ཚོའི་མི་མང་ལ་མངོན་ཤེས་ཡོད་དམ། ཡང་ན་ཆབ་སྲིད་ལབ་ཡ་དེ་མཇུག་འབྲས་དང་འགྱུར་བ་ལ་མ་བལྟས་བར་སྲིད་ཇུས་བཟོ་སྟངས་ཤིག་ཡིན་ནམ། མང་ཚོགས་ཀྱི་ས་ནས་ད་ལོའི་བོད་ནང་གི་ཛ་དྲག་བྱུང་རྐྱེན་དང་རྒྱལ་སྤྱིའི་གནས་བབས་གཞི་ལ་མ་བཞག་པར་བསམ་ཚུལ་འདྲ་བོ་བསྡུས། བསམ་ཚུལ་དེ་ཡང་ཞིབ་ཚགས་པོའི་སྒོ་ནས་མ་བསྡུས་བར་སྟབས་བདེ་བོའི་སྒོ་ནས་བསྡུས། མང་ཚོགས་ལ་གསལ་བསྒྲགས་བྱེད་རྒྱུར་ཡང་ཉིན་༡༩ལྷག་འགོར། མང་ཚོགས་ཀྱི་བསམ་ཚུལ་༧གོང་ས་མཆོག་གི་དམིགས་བསལ་གསུང་འཕྲིན་གྱི་སྔོན་ནས་བསྡུས་ཚར། བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་མཇུག་འབྲས་ནི་མང་ཚོགས་ཀྱི་བསམ་ཚུལ་རྡ་ལམ་ས་ལར་སླེབས་པའི་རྗེས་སུ་གསལ་བསྒྲགས་འདྲ་བོ་བྱས། འདི་ལྟར་བྱས་ན་། མི་མང་གི་བསམ་ཚུལ་དངོས་གནས་བ་ཞིག་ཚོགས་ཆེན་གྱི་མདུན་ཅོག་སྒང་ལ་སླེབས་རྒྱུ་ནི་ཧ་ཅང་གིས་ཁག་པོ་རེད། མིམང་གི་བསམ་ཚུལ་བསྡུ་སྟངས་འདི་འདྲ་ཞིག་མིན་པ་ནི་ཞིབ་པར་དཔྱད་ན་ཧ་མི་གོ་བའི་ཚོད་མ་རེད།
གང་ལྟར། ཚོགས་ཆེན་དེ་ཉིན་དྲུག་གི་རིང་ལ་མཇུག་བསྡུས་བ་རེད་། དམིགས་བསལ་ཚོགས་ཆེན་མཇུག་སྡོམ་གསུང་བཤད་དུ་བཀའ་བློན་ཁྲི་བའི་གསུངས་ན། ད་རེབ་དམིགས་བསལ་ཚོགས་ཆེན་དེ་བཅའ་ཁྲིམས་རིན་པོ་ཆེ་གཏན་ལ་ཕབ་རྗེས་ཀྱི་ཧ་ཅང་དོན་དང་ལྡན་ལ་ཆིག་སྒྲིལ་གྱི་ནུས་བ་མཚོན་པ། ཆབ་སྲིད་ཀྱི་ལངས་ཕྱོགས་ཁ་ཁ་་ཡིན་ཡང་། འགག་རྩར་ཐུག་སྐབས་མཉམ་རུབ་ཡིན་པ་གསལ་བོར་མཚོན་ཡོད་ལ། ཡུ་གར་ལ་མགོ་མེད་ཀྱང་ལུས་ཡོད། བོད་པར་མགོ་ཡོད་ཀྱང་ལུས་མེད། ཟེར་བའི་སྐད་ཆ་དེ་རབ་ནས་བོད་པར་མགོ་ཡོད་པ་ཙམ་དུ་མ་ཟད་ལུས་ཡོད་པ་གསལ་བོ་ཆགས་སོང་ཞེས་གསུངས་འདུག
མི་མང་གི་བསམ་ཚུལ་བསྡུ་སྟངས་ནོར་བ་དང་མི་མང་གི་བསམ་ཚུལ་དངོས་གནས་དེ་སླེབས་ཐུབ་མེད་པ། བསམ་ཚུལ་འདོན་སའི་གནས་ཚུལ་རབ་རིབ་ཅན་ཡིན་པ། གཞུང་གིས་བཀོད་ཁྱབ་ཀྱིས་མ་འདང་བ་སོགས་བྱས་རུང་མཐའ་མར་འབབ་ས་འདྲ་བོ་གཅིག་གི་སྒང་ལ་སླེབས་པ་དེ་ཧ་ཅང་དོན་དང་ལྡན་ལ་ཆིག་སྒྲིག་གྱི་ནུས་མཚོན་པ་རེད་ལབ་ན་ནི་བཀའ་བློན་ཁྲི་བའི་གསུངས་དེ་ལ་རྒྱུ་མཚན་འདུག དེ་མིན་གཞན་རྒྱུ་མཚན་གཏིང་ཟབ་ཞིག་མེད་པ་འདྲ།
ད་ནི་གནད་དོན་གཞན་ཞིག་གི་ངོས་དེ། ཉིན་དྲུག་གི་རིང་ལ་བཙན་བྱོལ་གྱི་བོད་མིའི་སྐུ་ཚབ་༥༦༠ཐམ་པས་མི་མང་གི་བསམ་ཚུལ་བཤད་ལབ་ན་འདྲ། སོ་སོ་སྒེར་གྱི་བསམ་ཚུལ་བཤད་ལབ་ནའང་འདྲ། མཐའ་མའི་ཐག་གཅོད་ཅི་ཞིག་བྱུང་ཡོད་མེད་དེ་རེད་།་ གང་ལྟར། ཕྱི་ལོ་༢༠༠༨ལོའི་ཟླ་༡༡ཚེས་༢༡ཉིན་རེས་གཟའ་སྤེན་པར་བཅའ་ཁྲིམས་དོན་ཚན་ང་དགུ་བའི་འོང་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་བསྐོང་འཚོགས་གནང་བའི་རྒྱབ་གཉེར་སྙན་ཐོ་དོན་ཚན་ལྔ་འདྲ་བོ་ཞིག་ཕྱི་ལ་བཏོན་འདུག
བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བའི་སྐོར་ལ་ནང་གསེས་དོན་ཚན་གསུམ། བཙན་བྱོལ་བོད་གཞུང་གི་སྲིད་བྱུས་དང་ལངས་ཕྱོགས་སྐོར་ལ་ནང་གསེས་དོན་ཚན་གཉིས། རྒྱ་ནག་སྲིད་གཞུང་དང་མི་མང་གི་སྐོར་ལ་ནང་གསེས་དོན་ཚན་ལྔ་། སྒྲིག་འཛུགས་ཡར་རྒྱས་དང་ལས་དོན་ཚགས་ཚུད་སྐོར་ལ་དོན་ཚན་གཅིག བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་དོན་ཚན་གཅིག་བཅས་ཚོགས་འདུའི་སྤྱི་ཡོངས་ཀྱི་དགོངས་འཆར་གྲུབ་པར་བྱས་འདུག
ནང་གསེས་དོན་ཚན་རྣམས་ཀྱི་གནད་རྣམས་མདོར་ན། རྒྱ་ནག་གི་ཧམ་བཤད་ལ་བོད་གཞིས་བྱེས་གཉིས་་ཀྱི་བོད་མི་ཡོངས་ནས་ངོ་རྒོལ་མཐའ་གཅིག་ཏུ་ཡོད། ༧གོང་ས་མཆོག་ཕྱེད་བགྲེས་ཡོལ་དང་བགྲེལ་ཡོལ་དུ་མ་ཕེབས་པར་ཆོས་སྲིད་ཀྱི་འགན་ཡོངས་རྫོགས་མུ་མཐུད་དུ་ཁུར་རོགས་། འབྱུང་འགྱུར་གྱི་སྲིད་ཇུས་ཐད་༧གོང་ས་མཆོག་གིས་དུས་ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱིས་ལམ་སྟོན་གནང་རོགས་། བོད་མིའི་རྩ་དོན་སྒྲུབ་བྱེད་ཀྱི་དམིགས་ཡུལ་ནི་མཐའ་གཅིག་ཏུ་འཚེ་མེད་ཞི་བ་ཡིན། བོད་རྒྱ་འབྲེལ་མོལ་ལ་གྲུབ་འབྲས་གང་ཡང་མ་བྱུང་མེད་པས། དེའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད། རྒྱ་ནག་སྲིད་གཞུང་གིས་ནོར་འཁྲུལ་ངོས་ལེན་བྱེད་དགོས་སོགས་རེད་འདུག ༧གོང་ས་མཆོག་གིས་ངོས་ནས་མང་གཙོའི་ལམ་སྲོལ་ཕྲ་ཚུགས་ཡོད་ཐབས་ལ་འབད་བརྩོན་རྒྱུན་སྲིང་བྱས་བའི་དམིགས་ཡུལ་ནི་བོད་མིའི་ཆབ་སྲིད་སྲ་བརྟན་རྒྱུན་གནས་ཡོང་ཐབས་ཁོ་ན་ལས་རང་ཉིད་འགན་ཁུར་བྱེད་འདོད་མེད་པའམ་ཡང་ན་གཡོལ་ཐབས་བྱས་པ་ཞིག་གཏན་ནས་མིན་ཞེས་ཡང་ནས་བསྐྱར་དུ་ནན་བཤད་བྱས་བཞིན་ཏུ་མཐའ་མ་དེར་ང་ཚོས་འགན་དེ་འཁྱོག་གི་མི་འདུག་ཟེར་བ་འདྲ་བོའམ་ཡང་ན་ང་ཚོས་མང་གཙོ་ཕྲ་ཚུགས་ཡོང་བའི་ལས་དོན་སྒྲུབ་ཐུབ་ཀྱི་མི་འདུག་ཟེར་བ་འདྲ་བོ་བྱས་ཏེ་༧གོང་ས་མཆོག་ལ་བསྐྱར་དུ་འགན་ཡོངས་རྫོགས་ཁྱེད་ཀྱིས་འཁུར་རོགས་ལབ་ན། ཆབ་སྲིད་ཀྱི་ཕུགས་རྒྱང་རིང་བའི་ཐག་གཅོད་ཞིག་རེད་དམ། བོད་ཀྱི་རྩ་དོན་ཐད་འགན་བབ་འཁྱེར་སྟངས་ཤིག་རེད་དམ།
གཞན་བོད་རྒྱ་འབྲེལ་མོལ་ལ་གྲུབ་འབྲས་གང་ཡང་མ་བྱུང་པས། འགན་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད་ལབ་ན། དེ་ཆབ་སྲིད་ཀྱི་དྲིལ་བསྒྲགས་འདྲ་བོ་ཆགས་ཀྱི་རེད་མ་གཏོགས་ང་ཚོའི་རྩ་དོན་བསྒྲུབ་པར་ཕན་ཐོགས་ཀྱི་མ་རེད། ད་རེས་ཚོགས་ཆེན་བརྒྱུད་འགན་ཡོངས་རྫོགས་རྒྱ་ནག་ལ་ཡོད་ཟེར་བ་དང་བཀའ་བློན་ཁྲི་བའི་བོད་རྒྱ་འབྲེལ་མོལ་ཡོང་མ་ཡོང་ཚང་མ་རྒྱ་ནག་གཞུང་ལ་རག་ལས་ཀྱི་རེད་ཟེར་བའི་སྐད་ཆ་དེ་གཉིས་མཚེ་མ་རེད། འགན་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད་ཟེར་བ་དང་རྒྱ་ནག་གཞུང་གིས་ནོར་འཁྲུལ་ངོས་ལེན་བྱེད་དགོས་ཟེར་བ་འདི་གཉིས་ནི་ཆབ་སྲིད་ཀྱི་དྲིལ་བསྒྲགས་འདྲ་བོ་ཆགས་འགྲོ་གི་རེད་མ་གཏོགས་བོད་མིའི་རྩ་དོན་སྒྲུབ་ཐབས་ལ་ཕན་ཐོགས་པའི་སྐད་ཆ་དང་ཇུས་འདྲ་བོ་མ་རེད། ངེད་ཀྱི་རྨོངས་འཆར་ལྟར་ན། གལ་སྲིད་བོད་ལ་ཆེས་མཐོའི་རང་སྲིད་རང་སྐྱོང་རེག་པའི་དབང་དུ་བཏང་ན་ཡང་རྒྱ་ནག་སྲིད་གཞུང་གིས་ནམ་ཡང་ཁས་ལེན་མི་འདོད་པ་ནི་རང་ཉིད་ཀྱིས་བཟོས་བའི་ལོ་རྒྱུས་ཀྱི་ནག་ཉེས་དེ་ཚོ་རེད། འདི་ནི་བོད་པ་མ་ཡིནཔའི་འཛམ་གླིང་གི་སྲིད་གཞུང་གཙང་མར་ཡོད་པའི་ཆབ་སྲིད་ཀྱི་ལེགས་བྱང་རེད། ཁྱེད་ཀྱིས་སོམས་དང་།
བོད་ནང་གི་ཛ་དྲག་བྱུང་རྐྱེན་དང་རྒྱལ་སྤྱིའི་གནས་བབ་བཅས་བོད་ཀྱི་རྩ་དོན་ཐོག་གོ་བསྡུར་གནང་བའི་མཐའ་མའི་འབབ་ས་དེ་གནད་དོན་འདི་འདྲ་ཞིག་ཡིན་ན། དམིགས་བསལ་ཚོགས་ཆེན་ཞིག་འཚོགས་དགོས་བ་ཡོད་འགྲོ། འཛམ་གླིང་རྒྱལ་ཁབ་༡༡ ལྷག་ནས་སྐུ་ཚབ་ཚོགས་མི་གྲངས་༥༦༠སྐད་བཏང་དགོས་བ་ཡོད་འགྲོ། ངེད་ཀྱི་བསམ་པར། ལས་ཀ་འདི་འདྲ་ཞིག་བྱེད་རྒྱུའི་ཚབ་ཏུ་ཉིན་དྲུག་གི་རིང་ལ་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་བོད་རིགས་འདུས་སྡོད་ས་ཁུལ་ཁག་ཏུ་བོད་པའི་རྩ་དོན་ལ་ཕན་པའི་ལས་འགུལ་རེ་སྤེལ་ནས་བོད་ནང་གི་ཆབ་སྲིད་བཙོན་པ་ཚོ་གློད་གྲོལ་ཡོང་བའི་ལས་འགུལ་འདྲ་སྤེལ་ན་མི་ཡག་གམ། བོད་ནང་གི་བོད་མི་ཚོའི་འཚོ་གནས་ལ་ཕན་ཐོགས་པའི་ལས་གཞི་རེ་འཛུགས་ཐུབ་ན་མི་ཕན་ནམ།
ད་དུང་གནད་དོན་གཞན་ཞིག་ནི། དམིགས་བསལ་ཚོགས་ཆེན་གྱི་རྒྱབ་གཉེར་སྙན་ཐོ་འདི་མ་ཡིན་པར། དེ་ནི་ད་ལོའི་བོད་ནང་གི་ཆོལ་གསུམ་བོད་མིའི་ཞི་རྒོལ་ཆེན་མོ་དེ་བྱུང་བའི་རྗེས་ནས་བཟུང་དམིགས་བསལ་ཚོགས་ཆེན་མ་འཚོགས་སྔོན་གྱི་དུས་ཡུན་དེའི་ནང་ལ་༧གོང་ས་མཆོག་དང་བཀའ་ཤག་གི་མདུན་ལ་སླེབས་པའི་སྙན་ཐོ་གཞན་ཁག་ཅིག་རེད། ད་ནི་བོད་གཞུང་གི་བཀའ་ཟུར་བཅུ་གསུམ་ནས་ཕྱི་ལོ་༢༠༠༨ལོའི་ཟླ་༣པའི་ཚེས་༡༨ཉིན་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་དང་འཛིན་སྐྱོང་སྒྲུབ་ཕྱོགས་ཐད་ཚིག་ཐོ་དོན་ཚན་བཅུ་ཅན་ཞིག་བཀའ་ཤག་ལ་ཕུལ་པ་དང་གཞན་ཕྱི་ལོ་༢༠༠༨ལོའི་ཟླ་༤བའི་ནང་ཚིག་ཐོ་དོན་ཚན་བརྒྱད་ཅན་ཞིག་བཀའ་ཤག་ལ་ཕུལ་བ། ད་དུང་ཕྱི་ཟླ་༩བའི་ཚེས་༢༢ཉིན་རྒྱབ་ནས་བདུན་གཅིག་རིང་བཀའ་ཟུར་རྣམས་ཀྱིས་བཞུགས་སྒར་་ཉེ་འདབས་ཀྱི་ནོར་གླིང་རིག་གཞུང་གཅེས་སྐྱོང་ཁང་དུ་བོདདོན་སྐོར་ལ་གྲོས་མོལ་གྱི་ཚོགས་འདུ་ཞིག་འཚོགས་ཤིང་ཚེས་༢༦ཉིན་དགོངས་འཆར་དོན་ཚན་བཅུ་འཁོད་པ་ཞིག་༧གོང་ས་མཆོག་དང་བཀའ་ཤག་བཅས་ལ་ཕུལ་འདུག གང་ལྟར་བཀའ་ཟུར་ཐུན་མོང་གིས་བཀའ་ཤག་ལ་ཕུལ་བའི་ཚིག་ཐོའི་སྤྱི་ཡོངས་ཀྱི་འབབ་ས་དང་ད་རེས་ཀྱི་དམིགས་བསལ་ཚོགས་ཆེན་གྱི་མཐའ་མའི་ཐག་གཅོད་ཀྱི་རྒྱབ་གཉེར་སྙན་ཐོ་གཉིས་གཅིག་པ་ཆགས་འདུག ཡང་མིན་ན། བཀའ་ཟུར་རྣམས་ཀྱིས་མི་མང་ལ་བསམ་ཚུལ་ཅི་ཡོད་སྔ་མོ་ནས་མཁྱེན་འདུག ཡང་མིན་ན་བཀའ་ཟུར་ཐུན་མོང་གི་དགོངས་འཆར་དེ་ད་རེས་ཀྱི་དམིགས་བསལ་ཚོགས་ཆེན་གྱི་དགོངས་འཆར་ཆགས་འདུག ཡང་མིན་ན་བཀའ་ཟུར་རྣམས་ཀྱིས་མི་མང་གི་བསམ་ཚུལ་དང་མངོན་འདོད་གཙོ་བོར་བཞག་སྟེ་ཚིག་ཐོ་སྔ་མ་དག་ཕུལ་བ་ཡིན་གྱི་རེད། འདི་ལྟའི་གནས་ཚུལ་དེ་སྔོན་ཚུན་ནསམཁྱེན་ཡོད་ན་ད་རེས་ཀྱི་དམིགས་བསལ་ཚོགས་ཆེན་དེ་ཚོགས་མི་དགོས་བཀའ་ཟུར་ཐུན་མོང་གི་དགོངས་འཆར་དེ་གསལ་བསྒྲགས་བྱས་ན་འགྲིག་གི་འདུག་སྙམ། ད་ནི་གཙོ་བོ་དེ་རྒྱབ་གཉེར་སྙན་ཐོ་འདི་མང་ཚོགས་ཀྱི་བསམ་ཚུལ་གཙོ་བོར་བཞག་ཡོད་དང་། ཡང་ན་ཚོགས་འདུར་ཞུགས་མཁན་སྒེར་གྱི་བསམ་ཚུལ་གཙོ་བོར་བཞག་ཡོད་མེད་དེ་ཞིབ་འཇུག་བྱེད་དགོས་བའི་གནད་དོན་ཞིག་ཆགས་འདུག་
གཞན་༧གོང་ས་མཆོག་གིས་ཐེངས་འདིའི་དམིགས་བསལ་ཚོགས་ཆེན་གྱི་ཚོགས་བཅར་བ་རྣམས་ལ་བཙན་བྱོལ་ནང་གི་འཐུས་ཤོར་གྱི་ཆ་དང་ཡར་རྒྱས་གཏོང་དགོས་རིགས་འགའ་ནན་བཤད་བྱས་འདུག་མ་གཏོགས་དམིགས་བསལ་ཚོགས་ཆེན་སྐོར་ལ་ཕྱོགས་བསྡོམས་འདྲ་བོ་གནང་མི་འདུག འདི་ལ་ཏན་ཏན་རྒྱུ་མཚན་ཞིག་ཡོད་ཀྱི་རེད། དམིགས་བསལ་ཚོགས་ཆེན་འདིའི་རྒྱབ་མདུན་ནས་མཐོང་ཐུབ་པའི་གནད་དོན་གཞན་ཞིག་ནི། བོད་མི་མང་ལབ་ནའང་འདྲ། གཞུང་གི་སྲི་ཞུའི་སྣེ་མོར་གཏོགས་མཁན་ཚོ་ལབ་ནའང་འདྲ། ཚང་མས་༧གོང་ས་མཆོག་གི་དགོངས་བའི་རྗེས་ཟིན་གྱི་མེད་པ་ནི་ཕྱི་གསལ་ནང་གསལ་རེད་འདུག
ངེད་ཀྱི་རྨོངས་འཆར་ལྟར་ན། ད་རེས་ཀྱི་དམིགས་བསལ་ཚོགས་ཆེན་འདིར་མི་མང་གི་བསམ་ཚུལ་སླེབས་པར་དུས་ཚོད་ཀྱི་བཀག་རྒྱ་ལབ་ནའང་འདྲ། གནས་ཚུལ་གྱི་བཀག་རྒྱ་ལབ་ནའང་འདྲ། གཞན་མི་མང་གི་མངོན་འདོད་དང་བསམ་ཚུལ་གཙོ་བོར་མ་བཞག་པར་ཚོགས་མི་སྒེར་བའི་བསམ་ཚུལ་གཙོ་བོར་བཞག་པ་རེད་ལབ་ནའང་འདྲ། ཡང་ན་༧གོང་ས་མཆོག་གི་བཀའ་དགོངས་མ་ལྕོག་པར་ཚོགས་འདུ་འདྲ་བོ་ཞིག་གྲུབ་ཙམ་ཞེས་བ་རེད་ལབ་ནའང་འདྲ། གང་ལྟར། ༧གོང་ས་མཆོག་གི་ཐུགས་དགོངས་བཞིན་མི་མང་གི་བསམ་ཚུལ་དངོས་གནས་བ་དེ་སླེབས་ཐུབ་མི་འདུག
དེ་ནི་ཚོགས་ཆུང་ཁག་བཅོ་ལྔ་ནས་ཚོགས་དྲུང་ལས་ཁུངས་ལ་ཕུལ་བའི་སྙན་ཐོ་རྣམས་ཕྱོགས་བསྒྲིགས་ཀྱིས་འགྲེམས་སྤེལ་བྱ་འཆར་ཡོད་པ་དེ་ཚོའི་ནང་ནས་ཞིབ་འཇུག་གི་རྒྱུ་ཆ་ཁ་ཤས་རེག་རྒྱུ་མེད་འགྲོ་བསམ་།
མང་ཚོགས་ཀྱི་བསམ་ཚུལ་དེ་ཚོགས་འདུའི་སྟེང་སླེབས་ཡོད་མེད་དང༌། ཡང༌། མང་ཚོགས་ཀྱིས་གནད་དོན་གྱི་མགོཚོས་ཡོད་མེད་སོགས་ནི་ད་ལྟའི་གླེང་གཞི་ཆེ་གྲས་རེད། འདིར་དཔེ་མཚོན་ཙམ་བཤད་ན། རྡ་རམ་ས་ལ་ན་མདོ་སྨད་ཀྱི་མི་གྲངས་ཉིས་སྟོང་བརྒལ་བ་ཞིག་ཡོད་པ་དང༌། དེ་ཚོའི་ནང་ནས་མི་སུམ་ཅུ་ཙམ་ཞིག་བསམ་ཚུལ་ལས་ཚོགས་འདུའི་སྟེང་སླེབས་ཡོད་པ་མ་རེད་ཟེར། ང་ལ་ཨ་མདོ་བ་ངོ་ཤེས་ཚོས་བཤད་པ་ལྟར་ན། རྡ་སའི་མདོ་སྨད་ས་གནས་རྒྱུན་ལས་ཟེར་བ་དེ་ཚོས། ཉིན་ལྔའི་གོང་ས་གསལ་བསྒྲགས་ཤིག་སྦྱར། དེ་ནས་ཚོགས་འདུ་འཚོགས་དུས། མི་གྲངས་སུམ་ཅུ་ཙམ་འདུག་ཟེར། དེ་རྡ་ས་ས་གནས་ཀྱི་བསམ་ཚུལ་ཡིན་ཟེར་ནས་མདོ་སྨད་ཀྱི་དམིགས་བསལ་ཚོགས་ཆེན་ལ་འཁྱེར། དེ་འདྲ་དག་ནི་དམིགས་བསལ་ཚོགས་ཆེན་སྟེང་སྤུངས་ཡོད་པ་འདྲ། མི་མང་གི་བསམ་ཚུལ་བསྡུས་ཤོག་ལབ་དུས། མི་མང་ལ་བསམ་བློའི་གྲ་སྒྲིག་དང༌། གོ་བསྡུར་སྦྱང་བཤད་ཀྱི་དུས་ཚོད། མི་མང་གི་བསམ་ཚུལ་འདོན་པའི་གོ་སྒྲིག་སོགས་ཚགས་ཚུད་པོ་དགོས་རྒྱུ་ལ། དེ་འདྲ་མ་བྱུང་བའི་དཔེ་མཚོན་འདྲ་ནི་འདི་འདྲ་དག་མང་པོ་གདའ་ཟེར། ཚོགས་ཆེན་སྟེང་ནས་ཀྱང༌། བསམ་ཚུལ་གྱི་ཚབ་ལ། མང་ཉུང་ཤིག་བཤད་ནས་བསྡད་སོང་ཟེར། བདེན་ནི་སྐར་ཆེན་བདེན་པར་འདུག ཚོགས་ཆེན་བཅོ་ལྔའི་སྙན་ཐོ་ཕྱོགས་བསྒྲིགས་དང་རྒྱབ་གཉེར་སྙན་ཐོ་གཉིས་ཡ་འགལ་ཆགས་ཡོད་ན་ཅི་བྱེད། ང་ནི་དེར་སེམས་ཁྲལ་ཧ་ལས་པ་ལངས་ཀྱི་འདུག
༄༅།། དམིགས་བསལ་ཚོགས་ཆེན་སྟེང་མི་མང་གི་བསམ་ཚུལ་ཆ་ཚང་ཞིག་སླེབས་ཐུབ་མེད་པ་བདེན་ནའང་བོད་ཕྱི་ནང་གཉིས་ནས་གང་ལ་གང་འཚམས་ཤིག་སླེབས་ཐུབ་ཡོད་པ་རེད། གང་ལྟར་མཐའ་འབྲས་དབུ་མའི་ལམ་ལ་མང་མོས་རྒྱབ་སྐྱོར་བྱུང་བ་དེས་༸ཎནསྣྲཀགོང་ས་མཆོག་གི་ཐུགས་མཉེས་པོ་བྱུང་ཡོད་ལ། ད་རེས་ཡུ་རོབ་ཏུ་ཕེབས་པའི་སྐབས་སུའང་བོད་དོན་ལ་རྒྱབ་སྐྱོར་གྱི་ཤུགས་སྔར་བས་ཆེ་བ་ཐོབ་པའི་རྐྱེན་དུ་སོང་བ་ང་ཚོ་ཚང་མས་གསལ་པོར་མཐོང་སོང་བ་འདི་ཡིན། ལྷག་པར་རྒྱ་ཕྱོགས་ནས་མིང་དབུ་མ་དང་དོན་རང་བཙན་ཞེས་སྙོན་འཛུགས་བྱེད་བཞིན་པ་འདི་ལ་ད་ནི་མིང་དོན་གཉིས་ཀ་དབུ་མ་རེད་འདུག་པས་ཅི་བྱེད་དགོས་སྙམ་པའི་བསམ་ཞིབ་བྱེད་དགོས་པ་ཞིག་བཟོས་ཡོད་པས། དམིགས་བསལ་ཚོགས་ཆེན་དེས་༸ཎནསྣྲཀགོང་ས་མཆོག་གི་ཐུགས་རེ་ཕལ་ཆེར་འགྲུབ་ཡོད་ཅེས་བཤད་ཆོག
དྲ་དཔོན་ལ་ཟུར་ཞུ། ངའི་ཐོ་མིང་དེ་རྐང་རྗེན་པ་ཞེས་པ་ཡིན་ནའང་བོད་ཡིག་ཏུ་འབྲི་ཐུབ་མ་སོང་། དགོངས་དག དེ་ནས་རྐང་རྗེན་པ་ཞེས་འགོད་རོགས་གནང་།