དགེ་འདུན་རབ་གསལ་གྱིས།
ད་ལྟའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་འདི་འདྲ་ཞིག་གསུངས་མྱོང་། “བོད་ཀྱི་ཆབ་སྲིད་ཀྱི་དཀའ་རྙོག་འདི་སེལ་རྒྱུའི་ཐབས་ལམ་ནི་ད་ལྟའི་ཆར་དབུ་མའི་ལམ་གྱི་སྲིད་བྱུས་འདི་རེད། འདི་ནི་ང་ཚོ་གཅིག་པུའི་ཐོག་ནས་ཡོང་བ་ཞིག་མ་རེད། འདི་རྒྱ་ནག་གཞུང་ལ་བསྟུན་དགོས་པ་ཞིག་རེད།” ལུང་ཚིག་འདི་དག་ནི་ཇི་མ་ཇི་བཞིན་ཞིག་མིན། ངེད་ཀྱི་དྲན་ངོར་ཡོད་པ་ཙམ་ཞིག་ཡིན།
ཟླ་འདིའི་ཚོགས་འདུ་དེ་ནི་ངའི་བཙན་བྱོལ་གྱི་མི་ཚེའི་རིང་གི་ཚོགས་འདུ་འདི་འདྲ་གཉིས་པ་དེ་ཡིན། ཚོགས་འདུ་དང་པོ་དེ་ནི་ཆིག་སྟོང་དགུ་བརྒྱ་དགུ་བཅུ་གོ་གྲངས་ནང་མང་མོས་ཐག་གཅོད་འོས་བསྡུའི་ཚོགས་འདུ་འཚོགས་པ་དེ་རེད། དེ་དུས་ལྷ་བཟང་ཚེ་རིང་གིས་རང་བཙན་གྱི་སྐོར་ཤུགས་ཆེར་བཤད་པ་དེ་དྲན་ངོར་ལྷང་ངེར་འདུག དེ་མིན་སྐུ་ངོ་དང་སྐུ་དྲག་ཚོས་བཤད། མི་མང་གིས་ཉན། མཐའ་མ་དེར་༧རྒྱལ་བ་རིན་པོ་ཆེས་ཅི་གསུངས་བཀའ་སྒྲུབ་ཞུ་རྒྱུའི་ཐག་གཅོད་བྱས་ཏེ་དབུ་མའི་ལམ་འདམས་པ་རེད།
ང་ཚོའི་དམིགས་ཡུལ་གྱི་བསྒྲུབ་བྱ་གང་ཡིན་མིན་བཤད་རྒྱུ་དང་ཤེས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། འདི་ལ་དྲི་བ་དང་དྭོགས་པ་མེད། དམིགས་ཡུལ་མེད་པར་ལས་འགུལ་དང་ལས་དོན་སྒྲུབ་མི་ནུས་པ་གསལ་པོ་རེད། ད་དུང་ཁ་སང་དེ་རིང་གི་གསར་འགྱུར་དང་རྩོམ་ཡིག་ནང་དམིགས་ཡུལ་འདིའི་སྐོར་བརྗོད་མཁན་ནི་མང་དྲགས་ཡོད་པ་ལས་ཉུང་དྲགས་པ་ཞིག་མི་མཐོང་། དེས་ན་ངས་དེ་ལ་བསྐྱར་ཟློས་མི་བྱེད།
ངས་བཤད་ན་འདོད་པ་ནི་ཐབས་ལམ་གྱི་སྐོར་ཡིན། བྱེད་ཐབས་ཀྱི་སྐོར་ཡིན། བྱེད་ཕྱོགས་ཀྱི་སྐོར་ཡིན། ད་བར་གྱི་༼ལོ་ ༥༠༽བཙན་བྱོལ་བོད་མིའི་ལས་དོན་ལ་རོབ་ལྟ་ཞིག་བྱས་ཚེ། དོན་ཚན་གཉིས་ཀྱི་ནང་དུ་བསྡུ་ཆོག་པ་ཞིག་རེད། དེ་ནི་རང་དབང་སླར་གསོ་དང་བཙན་བྱོལ་གྱི་འཛིན་སྐྱོང་གཉིས་རེད། བཙན་བྱོལ་གྱི་འཛིན་སྐྱོང་ཐད་ལ་ང་ཚོས་ནུས་པ་ཆེན་པོ་བཏོན་ཡོད། གཞུང་གི་ལྷན་ཁང་ཁག་གི་ནང་ནས་མང་ཆེ་བ་ཡང་བཙན་བྱོལ་གྱི་འཛིན་སྐྱོང་ཐོག་འཁོར་ཡོད། དེའི་ནང་ནས་ཀྱང་ང་ཚོ་ “བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་”ཞིག་ཡོང་ཐབས་ལ་འཁོར་ཡོད། “དམངས་གཙོའི་སྲིད་གཞུང་”མིང་དོན་མཚུངས་པ་ཞིག་ཡོང་ཐབས་ཀྱི་འབད་བརྩོན་ནར་མར་བྱས་ཡོད། དཔེ་མཚོན་གསལ་ཤོས་ཤིག་ནི་ང་ཚོའི་ཆེས་མཐོའི་ཁྲིམས་ཁང་དེ་ཡིན། ཁྲིམས་ཁང་འདི་ལ་སྔོན་རྩིས་ཀྱི་ཡང་སྒོར་མོ་ཕོན་ཆེ་ཙམ་བཏང་ཡོད། འོན་ཀྱང་ལག་ལེན་གྱི་ཐོག་ནས་འདིའི་ཕན་ཐོགས་དེ་ཧ་ཅང་ཆུང་ཆུང་ཞིག་ཡིན།
ཤེས་རིག་དང་ནང་སྲིད་ཀྱི་ལས་དོན་དག་གིས་བཙན་བྱོལ་བོད་གཞུང་གི་ལས་ཀའི་བརྒྱ་ཆ་ཆེ་ཤོས་དེ་བཟུང་ཡོད། མཐར་གཏུགས་ན་འདི་དག་ནི་བོད་ཀྱི་སློབ་མ་རྣམས་ལ་སློབ་སྦྱོང་སྤྲོད་པ་དང་བཙན་བྱོལ་བོད་མི་རྣམས་ཀྱི་འཚོ་གནས་ལ་འགན་ཁུར་རྒྱུ་ལ་དམིགས་པ་ཞིག་ཡིན། ཤེས་ཡོན་གྱི་ཐད་ནས་ད་ལྟའི་ཆར་བོད་ཀྱི་སློབ་མ་ཚོ་ལ་བོད་དབྱིན་གཉིས་ཀའི་གནས་ཚད་ཞན་པའི་དཀྲོག་གཏམ་འཕེལ་བཞིན་ཡོད། གཞིས་ཆགས་ཀྱི་ཆ་ནས་བོད་ཀྱི་གཞིས་ཆགས་དེ་ཚོ་འཐོར་ཞིག་ཏུ་འགྲོ་བའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད། དེ་ལྟར་བསམ་བློ་ཞིག་བཏང་ཚེ། བཙན་བྱོལ་གཞུང་དམངས་ཀྱིས་ནུས་པའི་ཆེ་ཚད་དེ་བཙན་བྱོལ་གྱི་འཛིན་སྐྱོང་ཐོག་བཏང་ན་ཡང་གྲུབ་འབྲས་ཀྱི་ཐད་ལ་དྭོགས་པ་ཇེ་ཆེར་འགྲོ་བ་ཞིག་ཡོང་གི་ཡོད། འདི་བརྗོད་གཞི་གཅིག་ཡིན།
དེ་ནས་རང་དབང་སླར་གསོའི་གནད་དོན་དེ་རེད། གནད་དོན་འདི་ལ་ང་ཚོ་ལ་ལམ་ཁ་གཉིས་ཡོད། ལམ་ཁ་གཅིག་དེ་རྒྱལ་སྤྱིའི་ནང་རོགས་པ་འཚོལ་རྒྱུ་དང་དྲིལ་བསྒྲགས་བྱེད་རྒྱུ་དེ་རེད། ང་ཚོས་ལམ་ཁ་འདིའི་ཐོག་གོམ་པ་ཆེན་པོ་སྤོས་ཡོད། གྲུབ་འབྲས་ཀྱང་ཧ་ལམ་རྩེ་ཕུད་ཅིག་ཐོན་ཡོད། འོན་ཀྱང་གྲུབ་འབྲས་དེས་བོད་ནང་གི་དཀའ་རྙོག་སེལ་རྒྱུ་ལ་ཕན་ཐོགས་གང་བྱུང་ཡོད། འདི་ནི་ད་དུང་ཡང་དྲི་བ་ཞིག་རེད། ལམ་ཁ་གཉིས་པ་དེ་ནི་རང་དབང་སླར་གསོ་བྱེད་སའི་ཡུལ་ཏེ་བོད་ནང་ལ་ཅི་བྱས་དང་ཅི་བྱེད་དེ་རེད། ངོ་མ་བཤད་ན། ལམ་ཁ་འདི་ནི་ང་ཚོའི་དམིགས་ཡུལ་གྱི་ལམ་ཁ་ངོ་མ་དེ་རེད། འོན་ཀྱང་། བཙན་བྱོལ་བོད་མིའི་ཐོག་ནས་ལམ་ཁ་འདིའི་ཆེད་དུ་ལོ་རེའི་སྔོན་རྩིས་ཀྱི་ཐོག་ནས་སྒོར་མོའི་བརྒྱ་ཆ་ཅི་ཙམ་བཏང་ཡོད། མི་འགྲོའི་ཐོག་ནས་ལམ་ཁ་འདི་ལ་ལས་ཀ་བྱེད་མཁན་ག་ཚོད་བཞག་ཡོད། བདེ་སྲུང་ཉམས་ཞིབ་ལྟ་བུ་ཞིབ་འཇུག་གི་ལས་ཁུངས་ཙམ་ཡོད་པ་ལས་ཐ་ན་བོད་ནང་གི་ལས་དོན་ལ་དམིགས་པའི་ལྷན་ཁང་ཞིག་ཀྱང་ང་ཚོ་ལ་མེད། གངས་སྐྱིད་ལས་བྱེད་ཚོའི་བརྒྱ་ཆ་ག་ཚོད་ཅིག་ང་ཚོས་བོད་ནང་གི་ལས་དོན་སླད་དུ་བསྐོ་གཞག་བྱས་ཡོད། དྲི་བ་འདི་འདྲ་ཧ་ཅང་མང་།
དེ་ལྟར་བསམས་སྐབས་སླར་ཡང་བཀའ་བློན་ཁྲི་པའི་བཀའ་སློབ་ཀྱི་སྐོར་ལ་བསམ་བློ་ཞིག་འཁོར་ཡོང་། བོད་ཀྱི་རང་བཙན་དང་ཡང་ན་རང་དབང་སླར་གསོའི་ཐད་ལ་རྒྱ་ནག་གཞུང་ཕྱོགས་ནས་ཡ་ལན་མ་བྱས་ཀྱི་བར་དུ་ང་ཚོ་ལ་བྱེད་རྒྱུ་གང་ཡང་མེད་པ་ཡིན་ནམ། ཡང་ན་ང་ཚོས་ལས་འགུལ་གྱི་ཁ་ཕྱོགས་ནོར་འཁྲུལ་ཅན་ཞིག་བཟུང་ཡོད་པ་ཡིན། ང་ཚོའི་དམིགས་ཡུལ་དེ་ “སྐྱབས་བཅོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་རྒྱུ་”དེ་ཡིན་ནམ། ཡང་ན་ང་ཚོའི་དམིགས་ཡུལ་དེ་ “དམངས་གཙོ་ཚད་ལྡན་ཞིག་བྱེད་རྒྱུ་”འདི་ཡིན། གལ་སྲིད་སྐྱབས་བཅོལ་བ་ཡག་པོ་ཞིག་དང་དམངས་གཙོ་ཡག་པོ་ཞིག་མ་བྱུང་ན་ང་ཚོའི་དམིགས་ཡུལ་ “རང་དབང་སླར་གསོ་བྱེད་རྒྱུ་”འདི་མི་འགྲུབ་པ་ཡིན་ནམ། ཡང་ན། “རང་དབང་སླར་གསོའི་ལས་དོན་”གྱི་ཆེད་དུ་དང་། དམངས་གཙོ་མིང་དོན་མཚུངས་པ་ཞིག་ཡོང་ཆེད་དུ་བཙུགས་པའི་ཁྲིམས་ཁང་དང་ལྷན་ཁང་ཁག་༼དགོས་མཁོ་ངེས་ཅན་མེད་པ་༽སྒོ་བརྒྱབ་ནས། དེའི་མི་ཤུགས་དང་དཔལ་འབྱོར་སོགས་བོད་ནང་གི་ལས་དོན་ཐད་གཏོང་ཐུབ་བམ། ཚོགས་ཆེན་ཐོག་གྲོས་མོལ་བྱེད་ན་འདིའི་རིགས་ལ་གྲོས་མོལ་བྱེད་འོས་པ་རེད། འདིའི་རིགས་ལ་ལན་ཐེབས་པའི་འགྱུར་བ་ཞིག་བྱུང་ཚེ། ང་ཚོས་རང་གི་”རྩ་དོན་”ལ་ཡང་ཏན་ཏན་གྲུབ་འབྲས་ཤིག་འབྱིན་ཐུབ་གི་རེད།
བོད་གཞུང་དྲ་ཚིགས་ནང་དུ་༸སྐྱབས་མགོན་ཐམས་ཅད་མཁྱེན་པའི་གསུང་འཕྲིན་ཞིག་འདུག གླེན་པ་ལུག་གིས་ཁ་བརྡ་ནང་དུ་མཆན་བུའི་ཚུལ་དུ་དགོད་རྒྱུ་ཡིན། གལ་སྲིད་མི་རུང་བ་འདྲ་ཡོད་ན་དྲ་བདག་གིས་ཕྱིར་འཐེན་བྱེད་རོགས་ཞུ།
༈བོད་ཕྱི་ནང་དུ་འཁོད་པའི་བོད་རིགས་ཡོངས་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དམིགས་བསལ་གསུང་འཕྲིན།
༄༅།།བོད་ཕྱི་ནང་དུ་འཁོད་པའི་བོད་རིགས་ཡོངས་ལ་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་འཚམས་འདྲི་དང་བཅས་གལ་ཆེའི་གནས་ཚུལ་འགའ་ཤས་བརྗོད་རྒྱུར།ངོས་རང་ཆུང་དུས་ནས་བོད་མིའི་འཕྲལ་ཕུགས་ཀྱི་བདེ་དོན་སླད་བོད་ཀྱི་ཆབ་སྲིད་མང་གཙོའི་ལམ་སྲོལ་དུ་བསྒྱུར་རྒྱུ་གལ་ཆེར་མཐོང་སྟེ་ཆོས་སྲིད་ཀྱི་འགན་ཁུར་བླངས་ནས་བཟུང་འབད་རྩོལ་གང་ཡོང་བྱས་པ་ཡིན།འོན་ཀྱང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་གནོན་འོག་གྲུབ་འབྲས་ཐོན་ཐུབ་པ་མ་བྱུང༌།བཙན་བྱོལ་དུ་འབྱོར་མ་ཐག་གཞུང་གི་སྒྲིག་འཛུགས་བསྐྱར་བཅོས་དང་འབྲེལ་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་བྱས་པ་ནས་བཟུང་བོད་མིའི་མང་གཙོའི་འཕེལ་རིམ་བཙན་བྱོལ་བའི་གནས་བབ་ལ་གཞིགས་པའི་གང་ལེགས་བྱུང་སྟེ་ད་ཆ་དེང་རབས་མང་གཙོའི་མཚན་ཉིད་ཡོངས་སུ་ཚང་བའི་བཅའ་ཁྲིམས་དང་ལྡན་པའི་གཞུང༌།གྲོས་ཚོགས་དང་འཛིན་སྐྱོང་གི་འགོ་ཁྲིད་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱེད་བཞིན་ཡོད་པ་བཅས་བོད་མི་རིགས་ཀྱི་འགན་ཁུར་བོད་མི་མང་ཚོགས་ཀྱིས་བླངས་ཐུབ་པའི་གནས་བབ་ཅིག་ཆགས་ཡོད་པ་དགའ་སྤོབས་བྱ་འོས་ཀྱི་གནས་སུ་མཆིས།
ངོས་ནས་མང་གཙོའི་ལམ་སྲོལ་ཕྲ་ཚུགས་ཡོང་ཐབས་ལ་འབད་བརྩོན་རྒྱུན་སྲིང་བྱས་པའི་དམིགས་ཡུལ་ནི་བོད་མིའི་ཆབ་སྲིད་སྲ་བརྟན་རྒྱུན་གནས་ཡོང་ཐབས་ཁོ་ན་ལས་རང་ཉིད་འགན་ཁུར་བྱེད་འདོད་མེད་པའམ་ཡང་ན་གཡོལ་ཐབས་བྱས་པ་ཞིག་གཏན་ནས་མིན།འདས་པའི་བྱུང་རབས་ལས་ཉམས་མྱོང་དང༌།དེང་རབས་རྒྱལ་སྤྱིའི་གནས་བབ་ལས་བསླབ་བྱ་བླངས་ཏེ་བོད་དོན་བདེན་མཐའ་མ་གསལ་བར་བོད་མིའི་འཐབ་རྩོད་རྒྱུན་འཁྱོང་བྱེད་ཐུབ་པ་དང༌།བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་བྱེད་ཐུབ་པ་བཅས་ཀྱི་ཆེད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཙན་བྱོལ་བོད་མི་མང་ཚོགས་ཀྱིས་སྲ་བརྟན་འཛིན་སྐྱོང་ཐུབ་པ་དགོས་རྒྱུ་ནི་ཧ་ཅང་གལ་གནད་ཆེ་བ་ཡིན།
བཙན་བྱོལ་དུ་འབྱོར་བ་ནས་བཟུང་མང་གཙོའི་སྙིང་དོན་ལག་བསྟར་གྱིས་བོད་མིའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེ་ཁག་མང་ཚོགས་ཀྱི་བསམ་འཆར་བསྡུས་ཏེ་ཐག་ཆོད་བྱ་རྒྱུའི་འབད་རྩོལ་རྒྱུན་འཁྱོངས་བྱས་ཡོད།ད་ལྟ་ང་ཚོས་འཛིན་བཞིན་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཡང་ལོ་རབས་བདུན་ཅུ་པའི་འགོ་སྟོད་དུ་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་སོགས་མང་ཚོགས་ཀྱི་སྐུ་ཚབ་མཚོན་པའི་འགོ་ཁྲིད་རྣམས་དང་བསམ་ཞིབ་གོ་བསྡུར་ལན་མང་བྱས་ཏེ་གཏན་འབེབས་བྱས་པ་མ་ཟད།སི་ཊས་སི་སྦག་གི་གཏམ་བཤད་ནང་དུའང་མཐའ་མའི་ཐག་གཅོད་བོད་མི་མང་གིས་བྱ་རྒྱུ་ཡིན་པ་གསལ་པོར་བཀོད་ཡོད།
ཕྱི་ལོ་༡༩༩༣་་༩༤ནས་བོད་རྒྱའི་འབྲེལ་ལམ་ཆད་རྗེས་སླར་ཡང་བོད་མིའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཇི་དགེའི་སྐོར་གཞིས་བྱེས་མང་ཚོགས་དང་གོ་བསྡུར་གྱིས་ཐག་གཅོད་བྱ་རྒྱུའི་ཆེད་མང་མོས་ཐག་གཅོད་འོས་བསྡུའི་ལས་རིམ་འགོ་འཛུགས་བྱས་པ་ཡིན།འོན་ཀྱང་མཐའ་མ་དངོས་གཞི་འོས་བསྡུ་མ་དགོས་པར་སྔོན་འགྲོའི་བསམ་འཆར་མང་ཤོས་གཞིར་བཟུང་སྤྱི་ལྷན་ནས་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་ངོས་ལ་དུས་བསྟུན་ཐག་གཅོད་བྱ་དགོས་བརྗོད་པ་ལྟར་ད་བར་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་བྱས་པ་དང༌།ཕྱི་ལོ་༢༠༠༢ལོ་ནས་བཟུང་བོད་རྒྱའི་འབྲེལ་ལམ་བསྐྱར་མཐུད་ཀྱིས་འབྲེལ་མོལ་ཐེངས་བརྒྱད་བྱས་ཡོད།དེ་ལ་བརྟེན་ནས་རྒྱལ་སྤྱིའི་ནང་བོད་དོན་ཐོག་དོ་སྣང་གསར་པ་ཞིག་སླེབས་ཏེ་ཕྱོགས་ཀུན་ནས་ཚད་མཐོའི་རྒྱབ་སྐྱོར་ཐོབ་ཡོད་པ་དང༌།དེ་བཞིན་རྒྱ་མི་རིགས་ཤེས་ཡོན་ཅན་གྱི་རྒྱབ་སྐྱོར་ཡང་ཇེ་མང་དུ་སོང་ཡོད།འོན་ཀྱང་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མ་བྱུང་བ་དང༌།རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གང་ཡང་བྱུང་མེད།
འབྲེལ་མོལ་ཐེངས་དྲུག་པའི་རྗེས་གནས་སྐབས་འབྲེལ་མོལ་མུ་མཐུད་བྱ་འཆར་མེད་རུང༌།འདི་ལོ་བོད་ནང་བྱུང་བའི་ཛ་དྲག་གི་གནས་ཚུལ་ལ་བརྟེན་ནས་ཕྱི་ཟླ་ལྔ་པའི་ཚེས་ཤར་ལ་ནང་མོལ་གྱི་གོ་བསྡུར་ཞིག་དང༌།ཕྱི་ཟླ་བདུན་པའི་ཟླ་འགོར་འབྲེལ་མོལ་ཐེངས་བདུན་པ།འདི་ཟླའི་ནང་འབྲེལ་མོལ་ཐེངས་བརྒྱད་པ་བཅས་མ་ལན་མ་འགྱོད་པའི་ཚུལ་དུ་བྱས་ཀྱང་དོན་དམ་གྱི་གྲུབ་འབྲས་གང་ཡང་མ་བྱུང༌།
འདི་ལོ་ཕྱི་ཟླ་གསུམ་པ་ནས་བཟུང་བོད་ནང་བོད་མི་རྒན་གཞོན་དང༌།ཕོ་མོ་སེར་སྐྱ་ཆོས་དད་ཡོད་མེད་སོགས་ཀྱི་དབྱེ་བ་མེད་པར་སློབ་ཕྲུག་ཡན་གྱི་ཆོལ་གསུམ་བོད་རིགས་རྣམས་ཀྱིས་རང་གི་སེམས་ནང་འདོད་པ་མ་ཁེངས་པའི་སེམས་ནད་གཏིང་ཟབ་ཡོད་པ་དེ་དག་ལུས་སྲོག་བློས་བཏང་གིས་སྙིང་སྟོབས་ཆེན་པོས་ཁྲིམས་མཐུན་ཞི་བའི་ལམ་ནས་གསལ་པོ་ཕྱིར་བཏོན་བྱས་ཡོད།སྐབས་དེར་ངོས་ནས་རྒྱ་ནག་གཞུང་གིས་དངོས་ཡོད་གནས་ཚུལ་ལ་གཞིགས་པའི་ཐབས་ལམ་ཞིག་ལག་ལེན་བསྟར་རྒྱུའི་རེ་བ་ཆེན་པོ་བྱས་པ་ཡིན།འོན་ཀྱང་དེ་ལས་ལྡོག་སྟེ་བོད་མིའི་སེམས་ཀྱི་རེ་འདུན་ནག་བསུབ་བཏང་ནས་ཁ་བྲལ་བ་དང༌།ལོག་སྤྱོད་པ་ཟེར་བའི་ཉེས་མིང་བཀལ་ནས་དྲག་གནོན་ཚད་མེད་བཏང་རྐྱང་བྱས་སོང༌།སྐབས་དེར་ངོས་ནས་བློས་འགན་བཟོད་མིན་གྱིས་སྲིད་འཛིན་ཧུ་ཅིན་ཐའོ་ལ་གནས་ཡིག་བསྲིངས་པ་སོགས་རྒྱལ་སྤྱི་དང་རྒྱལ་ནང་བཅས་ཕྱོགས་གང་སར་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱས་ཀྱང་དོན་འབྲས་ཆེ་བ་མ་བྱུང༌།སྐབས་དེར་ཨོ་ལམ་པིཀ་རྩེད་འགྲན་པེ་ཅིང་དུ་འཚོག་རྒྱུའི་སྦིར་ཟིང་ཡོད་མུས་ལ་བརྟེན་བོད་མི་མང་ཚོགས་ལ་གོ་བསྡུར་བྱ་རྒྱུའི་ལས་རིམ་བྱེད་བདེ་མ་བྱུང་ཡང༌།ད་ཆ་གྲོས་བསྡུར་བྱ་རྒྱུའི་དུས་ཚོད་འོས་འཚམས་སུ་མཐོང་སྟེ་བཅའ་ཁྲིམས་དོན་ཚན་ང་དགུ་པའི་ཆ་རྐྱེན་འོག་དམིགས་བསལ་ཚོགས་ཆེན་ཞིག་བསྡུ་བསྐོང་དགོས་རྒྱུ་བཀའ་སྤྱི་ཐུན་མོང་ལ་འདི་ལོ་ཕྱི་ཟླ་༩ཚེས་༡༡ཉིན་ལམ་སྟོན་བྱས་པ་ལྟར་ད་ཆ་ཚོགས་ཆེན་ཚོགས་ཉེར་ཡོད་པ་འདིའི་ཐོག་ཚོགས་མི་ཡོངས་ཀྱིས་རང་རང་ཁྱབ་ཁོངས་མང་ཚོགས་ཀྱི་བསམ་འཆར་ཇི་ཡོད་གསལ་འདོན་བྱེད་པའི་རེ་བ་ཡོད།
ཚོགས་ཆེན་ནང་འདི་ལོ་བོད་ནང་བྱུང་བའི་རླབས་ཆེན་གྱི་ལས་འགུལ་ཁག་དང༌།དེ་འབྲེལ་རྒྱལ་སྤྱིའི་གནས་བབ།ད་ལྟའི་རྒྱ་ནག་གཞུང་གི་བྱེད་ཕྱོགས་བཅས་དངོས་ཡོད་གནས་ཚུལ་རྣམས་གཞི་རྩར་བཞག་སྟེ་འབྱུང་འགྱུར་བོད་མིའི་རྩ་དོན་སྒྲུབ་ཕྱོགས་ཁྱོན་ཡོངས་ཀྱི་གནས་ཚུལ་ཐོག་འཕྲལ་ཕུགས་རྒྱང་གསུམ་གྱི་བསམ་བློ་བཏང་སྟེ་ཚོགས་མི་ཚང་མས་བོད་ཀྱི་ཡུལ་མིའམ་སྤྱི་འབངས་གཅིག་གྱུར་ཡིན་པའི་གནས་བབ་ཀྱིས་འདྲ་མཉམ་དང༌།ཕྱར་གྲུ་མཉམ་འདེགས།ཁུར་མཉམ་ལེན་གྱི་སྒོ་ནས་གང་དགའ་ཅི་ལེགས་ཀྱི་གོ་བསྡུར་ལྷུག་པོ་བྱེད་དགོས།དེ་ཡང་དེང་རབས་སྲིད་དོན་ཚོགས་པ་ཁག་གིས་ཆབ་སྲིད་ལྟ་གྲུབ་མཁྲེགས་འཛིན་གྱིས་རྩོད་གླེང་བྱེད་པ་ལྟ་བུུ་མ་ཡིན་པར་མང་ཚོགས་ཀྱི་བསམ་འཆར་ངོ་མ་ལྷད་མེད་ཚོགས་ཆེན་གྱི་སྡིངས་ཆའི་ཐོག་གསལ་འདོན་བྱེད་དགོས།དེའི་ཐད་ཚང་མས་འབད་རྩོལ་བྱ་རྒྱུར་ངས་རེ་སྐུལ་ནན་པོ་བྱེད་ཀྱི་ཡོད།
དམིགས་བསལ་ཚོགས་ཆེན་འདི་ནི་གོ་བསྡུར་སྦྱངས་ཤད་ཞིབ་ལྷུག་བྱས་པའི་ལམ་ནས་གཞི་རིམ་མང་ཚོགས་ཀྱི་བསམ་ཚུལ་ངོ་མ་ཇི་ཡིན་ཤེས་རྟོགས་ཡོང་ཐབས་ཁོ་ནའི་ཆེད་དུ་ཡིན་པ་ལས་ཆབ་སྲིད་ཀྱི་ཐབས་བྱུས་སམ་ཁག་དཀྲི་བྱེད་ཡུལ་ལྟ་བུའམ།ཡང་ན་ངེས་ཅན་གྱི་གྲུབ་དོན་གཅིག་གི་ཐོག་འབབ་རེ་བྱེད་པའི་མངོན་པར་མི་གསལ་བའི་དམིགས་ཡུལ་ཡོད་པ་ཞིག་གཏན་ནས་མིན་པ་འདི་ངེས་པར་ཤེས་པ་བྱེད་དགོས།
ཏཱ་ལའི་བླ་མས་༢༠༠༨ཕྱི་ཟླ་༡༡ཚེས་༡༤ལ།
ཁོ་རེ་གླེན་པ་ལུག
ཡག་པོ་ཞེ་བོ་གཅིག་འདུག ཁྱོད་ཀྱི་འདི་གང་འདྲ་བྱས་ནས་unicode ཐོག་ལ་སྒྱུར་ཐུབ་སོང་། ངས་ཐབས་མང་པོ་བྱས་ནས་TCRC ཡི་བོད་ཡིག་དེ་Unicode ལ་སྒྱུར་ཐབས་བྱས་པ་ཡིན། འབྲས་བུ་བྱུང་མ་སོང་།
ང་ལ་ད་དུང་པན་ཊི་ཏའི་ནང་བཏགས་པའི་བོད་ཡིག་གི་ཡིག་ཆ་ཁ་ཤས་ཡོད། ཡིན་ནའི་འདི་ད་ལྟ་unicode ཐོག་ལ་སྒྱུར་ཐུབ་ཀྱི་མིན་འདུག ཁྱེད་དྲ་གྲོགས་ཚོར་ཐབས་ཤེས་ཨེ་ཡོད།
བཙན་བྱོལ་གཞུང་ལ་བོད་ནང་ལ་གཏོང་རྒྱུའི་སྒོར་མོ་ཞིག་ཨེ་ཡོད། གལ་སྲིད་ཡོད་པ་ཡིན་ན་དང་པོ་བཙན་བྱོལ་གཞུང་དང་དེའི་ཁྱབ་ཁོངས་གཞིས་ཆགས། སློབ་གྲྭ་སོགས་སྲ་ཐག་ཐག་ཅིག་བཟོ་རྒྱུ་དེ་གལ་ཆེ། བཙན་བྱོལ་གྱི་སྒྲིག་འཛུགས་ནི་ང་ཚོའི་ཡུན་རིང་པོའི་འཐབ་རྩོད་ཀྱི་རྨང་གཞི་ཡིན་པ་རེད།
གཞིས་ཆགས་ཁག་ཉམས་ཞན་དང་འཐོར་ཞིག་ལ་འགྲོ་བཞིན་པ་འདི་ངེས་པར་དོ་སྣང་བྱ་དགོས་པ་ཞིག་རེད། གཞིས་ཆགས་ཁག་འཐོར་བ་ཡིན་ན་སློབ་གྲྭ་ཁག་ཀྱང་འཐོར་རྒྱུ་ཡིན་པ་རེད། བཙན་བྱོལ་བོད་གཞུང་གི་གནས་སྟངས་ཅི་འགྱུར་ཆ་མ་འཚལ། ཐུབ་བསྟན་བསམ་འགྲུབ་ལགས་ཀྱིས་གསུངས་ན། རྒྱལ་བ་རིན་པོ་ཆེས་དེ་ལ་ཐུགས་ཁྲལ་གནང་གི་འདུག་ཟེར།
དེང་སང་བོད་ནང་གི་དཔལ་འབྱོར་གྱི་གཞུང་རྟ་ཇེ་ཕྲར་ཕྱིན་ཏེ། བོད་མི་ཚོས་དཔལ་འབྱོར་གྱི་དཀའ་ངལ་མ་ཐེག་པར་སྐྱོ་ངག་བར་མེད་འདོན་བཞིན་འདུག་ཟེར། ཞིང་འབྲོག་མི་མང་ཚོས་མ་རྩ་ཆེན་པོ་བྱིན་ཏེ་བརྐོས་པའི་དབྱར་རྩ་དགུན་འབུའི་རིན་གོང་ཆགས་པའི་ཐོག ཞིང་པ་ཚོས་ས་ཞིང་ཐོག་ཏུ་ལོ་གཅིག་ལ་རྔུལ་ཆུས་བཏུས་པའི་གྲོ་ནས་སྲན་གསུམ་གྱི་རིན་གོང་ཆགས་པར་རྐྱེན་བྱས་ཏེ། ཟ་ཁང་དང་ཚོང་ཁང་། འགྲུམ་འགྲུལ་སོགས་ལ་ཉམས་ཆགས་ཆེན་པོ་གྱུར་ཏེ། བོད་མི་ཚོས་ང་བརྒྱད་ཀྱི་མུ་གེ་ཟེར་བའི་སྡུག་བསྔལ་ཆེན་པོ་དེ་སླར་ཡང་མི་འབྱུང་བར་སྨོན་ལམ་འདེབས་བཞིན་ཡོད་ཚོད། འདི་ནི་རྒྱ་ནག་གཞུང་གིས་ད་ལོར་བོད་མི་མང་གིས་ཞི་བའི་གྱེན་ལངས་བྱས་པར་འཁོན་ནད་འཛིན་བཞིན་ཡོད་པ་དང་། བསམ་གཟས་ནས་བོད་མིའི་ཐོག་སྡུག་པ་མིག་བཙུམ་གྱི་སྲིད་བྱུས་ཤིག་ལག་བསྟར་བྱེད་ཀྱི་ཡོད་པའི་བཤད་ཚུལ་ཞིག་འདུག དེ་བདེན་སྟབས། བཙན་བྱོལ་བོད་གཞུང་གིས་ཉམས་ཆུང་འཁོས་ཆུང་དུ་གྱུར་བའི་གཞིས་ལུས་མི་མང་གི་གནས་སྟངས་རྒྱལ་སྤྱིའི་སྟེང་དུ་ཁྱབ་བསྒྲགས་དང་། གནས་སྟངས་འདིའི་ཐད་གླེང་སློང་ཤུགས་ཆེར་བྱས་ཏེ་ཐབས་ཤེས་ཤིག་ཅི་ནས་ཀྱང་གནང་དགོས་པ་འདུག་སྙམ།
དགེ་འདུན་རབ་གསལ་ལགས་ཀྱི་དགོངས་ཚུལ་ལ་བསམ་བློ་གཏོང་རྒྱུ་འདུག
དྲ་གྲོགས་བསམ་ཤེས་ལགས། ཁྱེད་ཀྱིས་TCRC ཧི་གཟུགས་ལ་བསྒྱུར་འདོད་ན། དང་པོར་TCRC དེ་ word note ནང་ཁྱེར་ནས་སྨོན་ལམ་ཡིག་གཟུགས་དང་པོ་ལ་བསྒྱུར་དགོས་པ་དང༌། དེ་ནས་UDP ནང་ལ་ཁྱེར་ན་ད་གཟོད་ཧི་གཟུགས་ལ་འགྱུར་ཐུབ། UDP ནང་གི་གདམ་བྱ་དག་ཁྱེད་ཀྱིས་ཤེས་ཀྱི་ཡོད་ཤག་རེད།
ད་དུང་གནད་འདོན་ལ་གསལ་བཤད་ཅིག་བྱེད་འདོད་བྱུང་། དེ་ནི་འདི་ལོའི་བོད་ཀྱི་ཞི་རྒོལ་ཆེན་མོ་དེ་བྱུང་བའི་རྗེས་ལ་རྒྱ་གཞུང་གིས་འདི་ནི་ཏ་ལའི་རུ་ཁག་གིས་བྱས་པ་རེད་ཅེས་བརྗོད་སྐབས་དེར། བོད་གཞུང་གིས། “ང་ཚོ་འདི་ལ་ཐེ་བྱུས་མེད། ང་ཚོ་ལ་ཉེས་པ་མ་འགལ་རོགས།”ཞེས་ཧ་ལམ་མནའ་མ་བསྐྱལ་ཙམ་དུ་བཤད་པ་རེད། ང་ལ་བསམ་ཚུལ་ཞིག་བྱུང་། བོད་གཞུང་གིས་ “གནས་ཚུལ་འདི་ང་ཚོས་བསླངས་པ་ཡིན། ད་དུང་ཡང་མུ་མཐུད་ནས་འདི་འདྲ་སློང་གི་ཡིན། གཟབ་གཟབ་བྱས་ན་མ་གཏོགས་འདི་ལས་ཆེ་བ་འདི་དང་དེ་འདྲ་ཡོང་གི་ཡོད།” ཅེས་བཤད་ན་ཧ་ལས་རྒྱུ་ག་རེ་ཡོད་རེད། ང་ཚོ་ལ་གཞན་གྱིས་རང་མི་བསད་ཀྱང་མ་ཎི་འདོན་མཁན་གྱི་གཞུང་ཞིག་ལས། གཞན་གྱིས་རང་མི་བསད་ན་དམེ་ཤ་ལེན་མཁན་གྱི་གཞུང་ཞིག་དགོས་པ་རེད། མ་རེད་དམ།
གཏམ་བཙུར་ན་མི་འོངས་བསྒུགས་ན་ཡོང་།
སྐུ་ཞབས་དགེ་འདུན་རབ་གསལ་ལགས། ངས་སྐུ་ཉིད་ཀྱིས་རྩོམ་ཡིག་སྤེལ་རྒྱུ་མི་འདུག་བསམ་མོད། མ་བསམ་ས་ནས་སྐུ་ཉིད་ཀྱིས་རྩོམ་ཡིག་སྤེལ་གྱིན་འདུག རྩོམ་ཡིག་འདི་དུས་བབ་ཟིན་བྲིས་ནང་སློང་མོ་རྒྱག་གི་ཡིན། དེར་བཀོད་རོགས་གནོངས། འདྲེན་བཀོད་ཅིག་བྱ་རྒྱུ་དེ་ཁྱེད་ལ་དཀའ་ངལ་དེ་ཙམ་ཡོད་རྒྱུ་མ་རེད་བསམ་གི ངེད་ཅག་གཞོན་སྐྱེས་ཚོས་སེམས་བསམ་པའི་རེ་བཞག་བཅོལ་སའི་ཁྱེད་ཚོ་ལྟ་བུའི་རྩོམ་པ་བོ་རྒན་གྲས་ཚོ་ཁ་རོག་གེར་བཞུགས་དུས་ངེད་ཚོ་བློ་ཕམ་གི མ་ཟད་ངེད་ཅག་ལ་ལམ་སྣ་འདྲེན་མཁན་མེད་པར་བགྲོད་བཞིན་པའི་སྣང་བ་ཤིན་ཏུ་ལྕི། ཐུགས་རྗེ་གཟིགས། ངེད་ཅག་མ་སྐྱུར་རོགས།
དུས་བབ་ཟིན་བྲིས་ཚང་གི་གཞོན་སྐྱེས་ཚོ་མ་སྐྱུར་རོགས།
ཨ་རོ་འགྱུར་མེད་ལགས།
ངས་འདི་ནས་དུས་བབ་ཟིན་བྲིས་ཀྱི་གསང་ཡིག་བརྗེད་སོང་སྟབས། ཅི་བྱ་གཏོལ་བྲལ་དུ་ལུས་ཡོད། ཁ་སྔོན་ལུང་རིགས་བཞུགས་མེད་སྐོར་ཐོས་ནས་ཁོང་ཚུར་ཕེབས་ཕེབས་བར་སྒུག་བཞིན་བསྡད་ཡོད། ང་ལ་གསང་ཡིག་གསར་པ་ཞིག་བཟོ་དགོས་འདུག དེ་ཡང་གློག་འཕྲིན་བརྒྱུད་བསྐུར་ཐུབ་ན་བཀའ་དྲིན་ཆེ་ཞུ། ངེད་ཀྱི་རྩོམ་ཐུང་དེ་ལ་བཅོས་ཤིག་བྱས་ནས་དུས་བབ་ཟིན་བྲིས་སུ་འཇོག་ངེས་ཡིན།
གུས་བཅས།
རབ་གསལ་གྱིས་ཕུལ།
སྐུ་ཞབས་དགེ་འདུན་རབ་གསལ་ལགས།
ཉིད་ཀྱིས་གསུང་ལན་གནང་བར་སྙིང་ནས་ཐུགས་རྗེ་ཆེ། ད་ལྟ་རྩོམ་སྒྲིག་པ་ལུང་རིགས་རྒྱལ་ལགས་ཕྱིར་ལས་ཁུངས་སུ་ཕེབས་ཚར་འདུག་ལ། ཉིད་ཀྱིས་དྲ་རྒྱ་བརྒྱུད་ཁོང་ལ་འབྲེལ་བ་གནང་འཐུས། འོན་ཀྱང་། གཏམ་ཨ་མས་བཤད་རྒྱུ་ཨ་ཕས་བཤད་ཅེས་པའི་དཔེ་ལྟར་དངོས་གནས་བཤད་ན་ཕྲན་གྱིས་སྐུ་ཉིད་ལ་《གུས་བཅས་》ཟེར་དགོས་མོད། འོན་ཀྱང་། སྐུ་ཉིད་ཀྱིས་ཕྲན་ལ་ཚུར་གསུངས་ཡོང་དུས་ཕྲན་ནི་ངོ་ཚ་ནས་གདོང་པགས་ཚ་བེར་བེར་གྱུར་སོང་།
གང་ལྟར་ཉིད་ཀྱི་རྩོམ་ཡིག་འདི་ཉིད་དུས་བབ་ཟིན་བྲིས་སུ་བཀོད་རྒྱུར་སྒུག་བསྡད་ཡོད། ཐུགས་རྗེ་ཆེ།