དབྱིན་ཇིའི་སྙན་ངག་མཁན་སྐུ་ཞབས་ཇོན་ གྷོཌ་ཕི་རི་ སེཀ་སི། (༡༨༡༦-༡༨༨༧)
དགེ་བཤེས་དགྲ་འདུལ་རྣམ་རྒྱལ་གྱིས་བོད་སྒྱུར་བྱས།
རྒྱ་གར་ཡུལ་གྱི་མི་དྲུག་སྟེ།།
ཤེས་པར་འདོད་པའི་བློས་རིངས་ནས།།
གླང་ཆེན་བལྟ་བར་ཐམས་ཅད་ཆས།།
དེ་ཀུན་དམུས་ལོང་ཡིན་མོད་ཀྱང་།།
རེ་རེས་རང་གི་བརྟག་པ་ལས།།
ཡིད་ནི་ཚིམས་པར་འགྱུར་བར་རེ།།
དང་པོས་གླང་ཆེན་ཕྱོགས་སུ་བསྐྱོད།།
འགྲིལ་བའི་སྟབས་ཀྱིས་དེ་ཡི་མོད།།
མཁྲེགས་པའི་ལུས་ཀྱི་ངོས་ལ་རེག།
དེ་མ་ཉིད་དུ་འདི་སྐད་དུ།།
ཨ་ཙ་མ་ན་གླང་ཆེན་ནི།།
གྱང་གི་ལོགས་དང་ཅིས་ཀྱང་འདྲ།།
གཉིས་པས་མཆེ་བར་རེག་བཞིན་དུ།།
ལྟོས་དང་འདི་རུ་ཅི་ཞིག་གདའ།།
ཅི་འདྲའི་ཟླུམ་ཞིང་རྣོ་ལ་འཇམ།།
ཞེས་པའི་མཚར་གཏམ་དབང་མེད་ཐལ།།
ཡ་མཚན་གླང་ཆེན་མདུང་དང་མཚུངས།།
ཁོ་བོ་ལ་ནི་ཧ་ཅང་གསལ།།
གསུམ་པས་གླང་ཆེན་ཕྱོགས་སུ་བསྐྱོད།།
སྟེས་ཀྱིས་ལག་པར་གླང་ཆེན་གྱི།།
འགུལ་ཞིང་ཁྱུག་པའི་གླང་སྣ་ཐེབས།།
སྙེམས་པའི་སྟབས་ཀྱིས་འདི་སྐད་དུ།།
གླང་ཆེན་ཞེས་བྱ་སྦྲུལ་དང་ནི།།
ཧ་ཅང་འདྲ་བར་ཁོ་བོས་ཤེས།།
བཞི་པས་མཚར་བཞིན་ལག་བརྐྱངས་པས།།
པུས་མོའི་ངོས་ལ་རེག་པར་གྱུར།།
ཡ་མཚན་སེམས་ཅན་འདི་ཉིད་ཀོ།
ཅི་འདྲའི་སྤྲོས་མེད་ཅིག་འདུག་སྟེ།།
གླང་ཆེན་ཞེས་ནི་བྱ་བ་འདི།།
སྡོང་རྐང་དང་ནི་མཚུངས་སོ་ཟེར།།
ལྔ་པས་སྟེས་ཀྱིས་རྣ་བར་རེག།།
དམུས་ལོང་བས་ཀྱང་དམུས་ལོང་གིས།།
འདི་ཉིེད་ཅི་ཡིན་བདེ་བར་ཤེས།།
དེས་ན་གླང་ཆེན་ཞེས་བྱ་བའི།།
མཚར་པོ་འདི་ནི་རླུང་གཡབ་བཞིན།།
ཡིན་པ་སུས་ཡིས་དགག་པར་ནུས།།
དྲུག་པས་ཉུལ་བར་བརྩམས་ཉིད་དུ།།
དཔྱང་འཕྲུལ་གཡོ་བའི་རྔ་མ་ནི།།
ལག་པར་ཐེབས་ཤིང་ཡུན་རིང་བར།།
ཕུར་ཞིང་ཉུག་མཐར་འདི་སྐད་དུ།།
གླང་ཆེན་ཞེས་ནི་བྱ་བ་འདི།།
ཐག་པ་འདྲ་བར་ཁོ་བོས་ཤེས།།
དེ་ལྟར་རྒྱ་གར་མི་འདི་རྣམས།།
རང་རང་གྲུབ་པའི་མཐའ་དག་ལ།།
ཧ་ཅང་དམ་པོར་གནས་བཞིན་དུ།།
རིང་པོའི་བར་དུ་དྲག་ཏུ་རྩོད།།
ཕྱོགས་ཙམ་བདེན་པ་ཀུན་མཉམ་ཡང་།།
སྤྱིར་ན་ཐམས་ཅད་ནོངས་པར་གྱུར།།
ངེས་དོན་གྱི་མཐའ་ཚིག
དེ་བཞིན་ཆོས་ལུགས་རྩོད་པའི་ནང་།།
ཞུགས་རྣམས་ཁོ་བོའི་སྣང་ཚོད་དུ།།
མ་རིག་མུན་ཀློང་སྟུག་པོའི་ཁྲོད།།
ཕན་ཚུན་དམ་བཅའ་མ་ལོན་ཞིང་།།
སུས་ཀྱང་མ་མཐོང་གླང་ཆེན་སྐོར།།
བབ་ཅོལ་ཁོ་ནས་དུས་འདའ་འོ།།
ཁ་བརྡ་དྲྭ་བའི་ནང་རོལ་དུ། །
རང་གི་མཐོང་བ་ཉི་ཚེ་བ། །
རྟོགས་པ་རྫོགས་པར་མངོན་རློམས་ཏེ། །
གཞན་མཐོང་དག་ལ་བརྙས་པར་བྱེད། །
དེ་འདྲའི་སྐྱེ་བོ་མང་གྱུར་པས། །
འཁོན་འགྲས་རྩོད་པའི་གླེང་བསླངས་ནས། །
གཟུར་གནས་བློ་ལྡན་སུན་བྱེད་པའི། །
འབྲས་མེད་ཚིག་གི་འཚུབ་ཆ་སློང་། །
དེས་ན་གོང་གི་ལེགས་བཤད་ནི། །
དེ་འདྲ་དག་ལ་སྙིང་བརྩེ་བའི། །
བསམ་པ་དཀར་པོས་སྨྲས་པ་ཏེ། །
བླང་དོར་མི་འཕྱུག་ཉམས་ལེན་བྱ། །
ཕྱོགས་ཙམ་མཐོང་བ་ཀུན་ལ་ཡོད། །
ཐམས་ཅད་མཐོང་བ་ཀུན་ལ་དཀའ། །
དེས་ན་མཐོང་ཆ་ཀུན་བསྡུས་ཏེ། །
ཤེས་བྱའི་དཀྱིལ་འཁོར་རྫོགས་པར་བྱ། །
ངོ་མ་གོ་བ་ལེན་རྒྱུ་འདུག