ཨ་དམར་པོ།
སུམ་གཉིས་ས་ཡི་དཀྱིལ་འཁོོར་ཕྱག་ཐེལ་གྱིས་མནན་ཏེ། །
ལུགས་ཟུང་སྲིད་ཀྱི་རླུང་རྟ་མཁའ་དབྱིངས་སུ་འཕུར་བ།།
ཤར་མཐའི་ལྕགས་སྤྱང་དམར་པོའི་སྡེར་འོག་ཏུ་ཚུད་ནས།།
ཤི་གསོན་མཚན་མ་བྲལ་བའི་ངང་ཚུལ་དེ་སྐྱོ་བ། །
མེས་པོའི་བླ་མཁར་བཙན་པོ་མེ་སྒྱོགས་ཀྱི་རྩེད་ར། །
བྱིན་ཅན་བླ་མའི་དབུ་ཞྭ་ཕྱགས་མ་ཡི་སྐུ་ཚབ།།
དབང་ཆེན་དཔོན་པོའི་ཐེལ་ཚེ་ཐབ་ཁུང་གི་ཁ་ཟས།།
གནམ་ས་བླ་འོག་བསྒྱུར་བའི་ཡོ་ལང་ནི་འཇིགས་པ།།
མལ་འབྱར་བྱིས་པ་བདག་མེད་འབུ་སྲིན་གྱི་བཟའ་བ།
ཉི་ཤུའི་ཡུགས་མོའི་མི་ཚེ་བང་སོ་ཡི་དགའ་མ།།
དྲུག་ཅུའི་རྒན་རྒོད་ཁེར་རྐྱང་ཁྱི་སྤྱང་གི་ཁ་གྱོག །
སྙིང་ཁམས་དུམ་བུ་གསིལ་བའི་ན་ཟུག་ནི་རྒོད་པ།།
སྲོག་ལས་གཅེས་བའི་ལྷ་སྐུ་ཕྱགས་ལུད་ཀྱི་མ་རྩ།།
གསེར་ལས་དཀོན་པའི་ཆོས་ཕུང་མེ་དཔུང་གི་གཞི་མ།།
ལྷ་ཆོས་སེར་པོའི་ཤམ་བུ་འབོལ་གདན་གྱི་རྒྱབ་ཤ།།
ཆག་སྒོ་ཆོས་ལ་གཟས་པའི་ཇུས་བཀོད་ནི་བཙོག་པ།།
ཀ་ཁའི་དབྱངས་འགྲོས་སྙན་མོ་ནག་ཉེས་ཀྱི་ས་བོན།།
སྦྲང་དཀར་རྩམ་པའི་བྲོ་བ་ཁྱི་ཕག་གི་ལྟོ་སྐལ།།
བང་སོ་རྙིང་བའི་གོས་རྒྱན་གད་སྙིགས་ཀྱི་སྤུན་ཟླ།།
རིགས་ཀྱི་ཚེ་སྲོག་བསྲེགས་པའི་ཕུགས་རེ་ནི་ངན་པ།།
དྲིན་ལྡན་མ་ལོའི་རུམ་ཁ་ལྕགས་སྐུད་ཀྱིས་བཙེམས་ཏེ།།
བརྩེ་ཆེན་བླ་མའི་ཕྱག་དབང་ལྕགས་སྒྲོག་གིས་བཅིངས་ཏེ།།
ཉེས་མེད་ཕུ་ནུའི་ཀླད་ཞོ་མེ་མདའ་ཡིས་འབྱོ་ནས།།
རང་དབང་མཚོན་ཆའི་སོ་ཡིས་ཞབས་འོག་ཏུ་བཅུག་པ།།
མཛོད་རྒུ་སྟོང་བར་བཏགས་ནས་ཤར་མཐའ་ལ་སྤོས་ཏེ།།
རི་ཆེན་འཕྲུལ་གྱིས་བསྔོགས་ནས་གཏེར་རྫས་ཡང་བྲུས་ཏེ།།
ཟུངས་ཁྲག་དཔྱ་ཁྲེལ་བཀལ་བའི་མནར་གཅོད་གྱི་ཁ་ནས།།
མུ་གེ་ནད་ཡམས་ཚ་མོས་ནང་ཁྲོལ་ཡང་བསྐམས་པ།།
དཔའ་བོའི་ཚེ་སྲོག་བཀུམས་ནས་ཡུམ་ཆེན་ལ་འཁོན་པ།།
སྡར་མའི་ངན་འཚང་བརྗོད་དེ་མེས་པོ་ལ་འཕྱ་བ།།
སྡུག་གི་ན་བུན་འཁྲིགས་པའི་སྨྲེ་སྔགས་གྱི་རྦ་རླབས།།
དམྱལ་ཁམས་རིམ་རྒུར་དཔྱད་ཀྱང་ཡོད་སྣང་ཞིག་མི་སྐྱེས།།
འབྲི་མོའི་ངུར་སྒྲའི་གསེང་ན་ངུ་སྐད་རེ་འདུག་པ།།
རྟ་མཆོག་འཚེར་སྒྲའི་ཤུལ་ན་མིག་ཆུ་རེ་མོད་པ།།
ལུག་ཆུང་འབའ་སྒྲའི་ཀློང་ན་ན་ཟུག་རེ་རྒོད་པ།།
ལས་དབང་སྐྱུར་མོའི་འཚོ་བ་ཅི་འདྲ་ཞིག་རྩུབ་པ།།
མེ་ཏོག་ཁ་གཡང་བཞུར་བའི་རྒྱབ་རི་ཡི་ཕག་ན།།
གཤིན་རྗེ་ཁྲིམས་ར་བསླངས་པའི་ཁྲིམས་གཅོད་ཀྱི་ངར་ཁས།།
ཤ་ཁྲག་ཕུང་བོ་བཞུས་ཏེ་ཁྲག་རླངས་ཀྱི་སྨུག་པས།།
ས་ཆེན་སྤྱི་གཙུག་གཡོགས་པའི་ལས་དབང་ལ་གཟིགས་དང་།།
བྱེའུ་ཆུང་གཟེབ་ལ་ཚུད་པའི་ཚུར་སྣང་གི་མཐའ་ན།།
བདག་མཁན་བུ་མོའི་གཡོ་བསླུའི་དུང་བ་དེ་ཟབ་ཀྱང་།།
སྤྲོ་སྣང་གླུ་རུ་འགུགས་པའི་རྩེད་སྤྱད་ལས་མེད་གཤིས།།
རྩུབ་མོའི་ཤིང་ཐུར་རྩེ་ན་འདར་བ་ལ་གཟིགས་དང་།།
འཇིགས་རུང་གཤིན་རྗེ་ནག་པོའི་ཁྲིམས་ཁང་གི་སྦུབས་ན།།
སོས་དལ་བག་ལྷོད་བྲལ་བའི་དངངས་སྐྲག་གི་ངོ་གདོང་།།
དྭངས་གསལ་ཉི་མའི་ངོགས་ན་དམར་རྗེན་དུ་མངོན་ཀྱང་།།
མཐོང་བའི་མིག་འབྲས་དཀོན་པའི་དུས་བབ་འདི་ཀྱེ་ཧུད།།
རྩོམ་འདིའི་མིང་ཚེར་མ་དམར་པོ་བཏགས་ན་ཁྲིག་ཁྲིག་རེད།
ཁ་བརྡ་དྲ་བའི་དྲ་བདག་གཙོས་དྲ་གྲོགས་ཡོངས་ལ་ཁམས་འདྲི་ཞུ། ང་དྲ་བ་འདིར་གསར་དུ་ཞུགས་པ་ཡིན།
བྲིས་བ་ལེགས།
ཕྱག་ཐེལ་དང་རྒན་རྒོད་ལྟ་བུའི་ཡིག་འབྲུ་འགའ། མིང་ཚིག་ཡིན་ནམ་བསྡུས་ཚིག་ཞིག་ཡིན་པའི་གསལ་ཁ་མ་རྙེད་དོ།
དེ་མིན།
དམྱལ་བར་འདུག་འདོད་མེད་ན།
དམྱལ་གླུ་ལེན་པས་མི་ཕན།
ཐར་བ་ཐོབ་ན་འདོད་ན།
ཐར་མགུར་བཞེང་ན་ཕན་པ།།
གཤིན་རྗེའི་ལྕགས་མཁའ་ནག་པོ་འཇིགས་འཇིགས་སུ་སྐད་ཀྱང་། །
ཕྱོགས་བཞི་མཚམས་བརྒྱད་ཀུན་ན་ལྕགས་སྒོ་ཞིག་མེད་ལ། །
གང་ལ་འགྲོ་འདུག་རང་དབང་ཅི་འདོད་དུ་མཆིས་པས། །
མི་ཡུལ་འགྲིམས་པའི་གྲོགས་དག་འདི་ག་རུ་ཕེབས་ཤོག །