པདྨ་ཚེ་དབང་ཤཱསྟྲིས།
༡། དར་དམར་འོག་གི་བོད།
དུས་ངན་ས་ཁྱིའི་ལོ་ལ།།
གངས་ཕྲུག་རྩེད་མོར་གཡེངས་སྐབས།།
འབྲུག་གིས་དུག་མདའ་འཕངས་པས།།
སྙིང་ལ་གཅོང་ནད་བཟོས་སོང༌།།
ང་བརྒྱད་ལོ་ནས་བཟུང་སྟེ།།
བརྒྱ་ཕྲག་ཕྱེད་ལ་མནར་བའི།།
བོད་མིའི་སེམས་ཀྱི་ཆུ་ལྒང༌།།
ཉིས་སྟོང་བརྒྱད་ལོར་བརྡོལ་སོང༌།།
ཕྱི་ནས་བོད་སྐྱོད་གོམ་བགྲོད།།
ནང་ནས་ཞི་བའི་འགོག་རྒོལ།།
ཆོལ་གསུམ་བོད་མིའི་རྡོག་རྩ།།
རྒྱལ་དར་འོག་ཏུ་བསྒྲིལ་སོང༌།།
བོད་ལ་རང་དབང་དགོས་པའི།།
དགོས་འདུན་བརྒྱ་ཁ་གཅིག་བསྒྲགས།།
འབོད་ཚིག་གཅིག་གི་འོག་ནས།།
བོད་མིའི་མངོན་འདོད་གསལ་སོང༌།།
འོན་ཀྱང་གུང་ཁྲན་ཏང་གིས།།
ནག་མེད་ཉེས་འདོགས་བྱས་ཏེ།།
ཁྲག་དྲི་བྲོ་བའི་དྲག་གནོན།།
བོད་མིའི་ཐོག་ཏུ་བྱས་སོང༌།།
བསད་པ་བརྒྱ་ཕྲག་མང་པོ།།
རྨས་པ་སྟོང་ཚོ་འདས་པ།།
བཙོན་འཇུག་ཁྲི་ལས་བརྒལ་པ།།
གསར་བརྗེའི་དུས་དང་མཉམ་སོང༌།།
ད་ཆ་བོད་ཡུལ་ཡོངས་རྫོགས།།
བཙོན་ར་ཆེན་པོར་བསྒྱུར་ཏེ།།
བོད་མི་ས་ཡ་དུ་མས།།
དམྱལ་ཁམས་མི་ཡུལ་མྱོང་སྐབས།།
རང་དབང་ཞི་བདེར་དགའ་བའི།།
རྒྱལ་སྤྱིའི་གཞུང་མང་གཉིས་ནས།།
བོད་མིར་བདེན་པའི་རྒྱབ་སྐྱོར།།
བྱེད་པའི་དུས་ཤིག་མིན་ནམ།།
༢། མནར་གཅོད་འོག་གི་བོད།།
གདུང་དྲུག་རིགས་ལས་མཆེད་པའི།།
ཆོལ་གསུམ་བོད་མི་རྣམས་ཀྱི།།
མི་ལོ་ཉིས་སྟོང་བརྒལ་བའི།།
ལོ་རྒྱུས་དཔལ་ཡོན་ཞིང་སར།།
རྒྱལ་ཞེན་ལྷག་བསམ་ས་བོན།།
སྙིང་སྟོབས་བརྩོན་པའི་བཤེར་དང༌།།
དཔའ་མཛངས་དྲོད་ཀྱིས་བསྐྱངས་ཏེ།།
རིག་གཞུང་འབྲས་བཟང་སྨིན་ཡོད།།
འོན་ཀྱང་དཀར་མིན་ལས་ཀྱི།།
རླུང་ཤུགས་དྲག་པོས་འདེད་པའི།།
གུང་ཁྲན་སད་དང་སེར་བས།།
འཇིགས་པའི་ཉེན་ཁ་ཡོད་ཁར།།
བོད་ཡུལ་རྒྱ་ཡུལ་བསྒྱུར་བའི།།
སྲིད་བྱུས་དམར་པོའི་མེ་རླབས།།
དྲག་གནོན་རླུང་གིས་བསྐུལ་ཏེ།།
ཉིན་ནས་ཉིན་དུ་བསྲེགས་ཆེ།།
ཉེན་འཕྲང་དུས་སྐབས་འདི་ནས།།
ཐར་བའི་ཐབས་ཤིག་ཨེ་ཡོད།།
འཚེ་བའི་མེ་དཔུང་གསོད་པའི།།
ཞི་བའི་ཆར་ཞིག་ཨེ་འབབ།།
གསོད་རྡུང་མནར་གཅོད་འོག་ནས།།
ཐར་བའི་དུས་ཤིག་ཨེ་རྙེད།།
དྲག་གནོན་བཙོན་འཇུག་འོག་ནས།།
གསོན་པའི་རེ་བ་ཨེ་འདུག།
༣། ཏང་གི་གཡོ་སྒྱུ།།
བོད་རིགས་རྩ་མེད་བཟོ་བའི།།
སྲིད་བྱུས་ཁ་དཀར་གཏིང་ནག།
རིག་གཞུང་རྩ་གཏོར་གཏོང་བའི།།
འཐབ་བྱུས་འཇིགས་སྐུལ་ལག་ལེན།།
མང་ཚོགས་མགོ་བསྐོར་གཏོང་བའི།།
རྫུན་དང་གཡོ་སྒྱུའི་དྲིལ་བསྒྲགས།།
ཁོར་ཡུག་ཉམས་ཉེས་གཏོང་བའི།།
འདོད་རྔམས་སྲིན་བུའི་བརྣབ་སེམས།།
ཆིག་བསྒྲིལ་ཁ་ལ་འཁྱེར་ནས།།
འཆམ་མཐུན་གཏོར་བའི་གཤེད་མ།།
ཡར་རྒྱས་དྲིལ་བསྒྲགས་འོག་ནས།།
ཉམས་རྒུད་གཏོང་བའི་ཕུང་འདྲེ།།
བློ་མཐུན་ཐ་སྙད་སྤྱད་ཀྱང༌།།
བློ་འགེལ་མི་རུང་ཁྱི་སྤྱང༌།།
རྒྱལ་ཞེན་ཡོད་མདོག་བསྟན་ཀྱང༌།།
རྒྱལ་ཁབ་དཀྲུགས་པའི་བྱེད་གཏེ།།
སོ་མྱུལ་གང་སར་བཀྲམས་ཏེ།།
ཞེད་སྣང་དངངས་སྐྲག་ཁོར་ཡུག།།
སྐྲུན་པའི་སྒེར་སྤྱོད་སྲིད་གཞུང༌།།
རྒྱ་དམར་མིན་ན་སུ་རེད།།
༤། གདུང་སེམས་མཉམ་སྐྱེད།
ལྔ་བཅུའི་ལོ་ནས་བཟུང་སྟེ།།
སྤུན་ཟླ་འབུམ་ཕྲག་མང་པོས།།
བསྟན་སྲིད་མི་རིགས་དོན་དུ།།
རང་སྲོག་བློས་གཏོང་བྱས་ཡོད།།
ལྷག་པར་ཉེ་བའི་དུས་འདིར།།
ཆོལ་གསུམ་སྟོད་སྨད་ཀུན་ཏུ།།
བོད་མི་སེར་སྐྱ་ཡོངས་ཀྱིས།།
ཞི་བའི་རྔམ་སྟོན་བྱེད་སྐབས།།
རྒྱ་དམར་དྲག་དམག་དཔུང་གི།།
དྲག་སྤྱོད་སྣ་ཚོགས་འོག་ཏུ།།
བསད་རྨས་བརྒྱ་ཕྲག་འགའ་ཤས།།
བཙོན་འཇུག་སྟོང་ཕྲག་འདས་པ།།
བྱས་ཀྱང་བོད་མིའི་སྙིང་སྟོབས།།
དེ་བས་ཆེ་རུ་འཕར་ཏེ།།
སྐད་འབོད་འབྲུག་སྒྲ་བསྒྲགས་ནས།།
འགོག་རྒོལ་རྒྱུན་ཆད་མི་འདུག།
དཔའ་བོ་ཕོ་མོ་རྣམས་ལ།།
གདུང་སེམས་མཉམ་སྐྱེད་མཚོན་ཕྱིར།།
གཞིས་བྱེས་བོད་མི་ཡོངས་ནས།།
རྟག་ཏུ་གངས་ལྗོངས་སོམས་ཤིག།
༥། ཛ་དྲག་གནས་བབ།
ད་ཡོད་བོད་མིའི་གནས་བབ།།
ཁྲ་ཚང་འོག་གི་བྱིའུ་ཚང༌།།
སྤྱང་ཚང་འོག་གི་ལུག་ཁྱུ།།
བཤས་རའི་ནང་གི་བ་ཕྱུགས།།
འདི་འདྲའི་གནས་སྟངས་འོག་གི།།
བོད་མི་ས་ཡ་དྲུག་ལ།།
འཇིག་རྟེན་ལྷ་མི་ཡོངས་ཀྱིས།།
མགོན་སྐྱབས་དཔུང་གཉེན་མཛོད་དང༌།།
ཉོན་མོངས་འདོན་གྱིས་སྨྱོས་པའི།།
ཏང་གི་མགོ་ཁྲིད་རྣམས་ལ།།
གཞན་གྱི་སྡུག་བསྔལ་མཐོང་བའི།།
བློ་མིག་གསར་པ་སྩོལ་དང༌།།
མཆོག་གསུམ་བདེན་པའི་མཐུ་ཡིས།།
རྫུན་གྱི་ཕུང་པོ་བརྟོལ་དང༌།།
ཆོལ་གསུམ་གཅིག་བསྒྲིལ་ནུས་མཐུས།།
དྲག་པོའི་མཁར་རྫོང་བཤིགས་དང༌།།