ཐེ་བོ་དཀོན་མཆོག་ཤེས་རབ་ཀྱིས།
དེ་ཡང་རྒྱ་ཆེའི་ཀློག་པ་བོ་རྣམས་ཀྱི་སྙན་ལམ་དུ་ཞུ་རྒྱུར། ད་ལྟའི་ཆར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཞི་བའི་བཅིངས་གྲོལ་བཏང་ནས་ལོ་ ངོ་དྲུག་ཅུ་འཁོར་བའི་རྟེན་འབྲེལ་གྱི་མཛད་སྒོ་གཞི་རྒྱ་ཆེ་བ་ཞིག་བྱེད་ཀྱིན་ཡོད་ཀྱང་། དོན་གྱིས་བོད་འདི་བཙན་བཟུང་བྱས་ནས་སྡུག་གྱོང་མནར་གཅོད་ཚད་འདས་པ་ཞིག་གི་འོག དམྱལ་བ་མི་ཡུལ་དུ་མྱོང་བ་ལྟ་བའི་དཀའ་སྡུག་ལོ་ཟླའི་ཁྲོད། མཐོང་ཐོས་མྱོང་གསུམ་ཡོད་པའི་དོ་བདག་རང་ཉིད་ཀྱིས་དངོས་བྱུང་གི་ལོ་རྒྱུས་ཤིག་ ཚིག་བཅད་ཀྱི་ལམ་གོ་བདེར་བཀོད་པ་འདིས་རྒྱ་དམར་གྱི་རྫུན་གཏམ་གྱི་ལྟོ་བ་རལ་བའི་དགའ་བྱེད་རཱ་མཎའི་མདའ་ཡི་ཉག་ཕྲག་ཤིག་གོར་ཁ་རྒྱལ་པོའི་ཕོ་བྲང་གི་ཉེ་ཁྲིས་ནས་ངག་གི་འགྱུར་ཁུག་ལ་དྲངས་པའོ།།
ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ།
ཐུགས་རྗེ་སྤྱན་དཀྱུས་པདྨའི་འཛུམ་ཞལ་ནི། །
ཁ་བའི་ལྗོངས་སུ་རྟག་ཏུ་འཕེན་མཛད་པ། །
གངས་ལྗོངས་འགྲོ་བའི་མགོན་པོ་པད་དཀར་འཆང་། །
ནམ་ཡང་སྐྱེ་དགུའི་གཙུག་ན་མཛེས་གྱུར་ཅིག །
ཀྱེ་མ་སྔོན་ལས་བཙན་པོས་མནར་བ་འམ། །
སྲིན་པོ་མངོན་སུམ་གྱུར་པའི་ཀླ་ཀློ་འདིས། །
བསྐྲུན་པའི་དཀའ་སྡུག་མནར་གཅོད་གཟུགས་རིས་ཀུན། །
མ་ལུས་འཆར་བའི་མེ་ལོང་འདི་ལ་ལྟོས། །
སྲིད་པའི་གངས་རིས་རང་གི་ལོ་རྒྱུས་རྣམས། །
གྲགས་པའི་སྨྱུ་གུས་འབྲི་མགོ་བརྩམས་པ་ནས། །
རིགས་ཀྱི་ཕྱི་མོ་མི་འུ་གདུང་དྲུག་གིས། །
གངས་ལྗོངས་ནོར་འཛིན་བདག་གིར་བཟུང་ཞེས་གླེང་། །
ཕྱི་ནང་རྟེན་འབྲེལ་འཕྲུལ་གྱི་མེ་ལོང་ངོས། །
རིགས་ཀྱི་དར་རྒུད་སྣ་ཚོགས་གཟུགས་རིས་འབུམ། །
རྣམ་པར་བཀྲ་མོད་མི་རིགས་གཞན་ཞིག་གིས། །
ཡུལ་འདི་བཟུང་བའི་ལོ་རྒྱུས་རུས་སྦལ་སྤུ། །
ཆོས་སྲིད་སྣང་བ་དཀར་བོས་ཡུག་ཅིག་ཏུ། །
ཀུན་ནས་ཁྱབ་པའི་བོད་ལྗོངས་ཆོས་ཀྱི་ཞིང་། །
མཐོང་བས་བདེ་ལྡན་ཞིང་གི་མཛེས་སྡུག་འབུམ། །
ཁེངས་པ་བཏང་ནས་ཡུལ་འདིར་ཚོགས་པ་བཞིན། །
རང་བྱུང་ཁམས་ཀྱི་ཕུན་ཚོགས་མ་ལུས་པ། །
གཅིག་ཏུ་སྤུངས་པའི་མཚར་སྡུག་ལ་ཆགས་ནས། །
སྐབས་གསུམ་བདག་པོས་རང་གི་གནས་དོར་ཏེ། །
ས་འཛིན་དཀར་བོའི་གཟུགས་ཀྱིས་འོངས་སམ་སྙམ། །
དེ་ལ་འཁུ་བའི་རྒྱ་དམར་ཇག་ཚོགས་ཀྱིས། །
ཞི་བའི་ཞིང་ཁམས་དཀྲུགས་པ་མ་བཟོད་ནས།།
གངས་དཀར་ལྷ་མོ་བཤུམས་པའི་སྤྱན་ཆབ་རྣམས། །
སྣ་ཚོགས་ཆུ་ཀླུང་ཟོལ་གྱིས་འབབ་པ་བཞིན། །
དར་ཆ་དམར་བོས་ཉི་ཟླ་བཙོན་དུ་བཟུང་། །
སེར་སྐྱའི་མདོག་འཛིན་དམག་གིས་ས་གཞི་ཁེབས། །
གནམ་ས་སྒུལ་བའི་འཕྲུལ་མཚོན་ལྡིར་སྒྲ་ཡིས། །
འཆི་བདག་གཤིན་རྗེའི་སྙིང་རྩ་འདར་སྙམ་བྱེད། །
དེ་ལྟར་ན་ཡང་རིགས་ཀྱི་དཔའ་བརྟུལ་བརྒྱས། །
རང་ས་གོར་མོ་སྲུང་བའི་སྙིང་སྟོབས་ཀྱིས། །
འཇིགས་མེད་ལག་པའི་ཁུ་ཚུར་ནམ་མཁའ་ལ། །
སྒྲེང་བཞིན་རང་སྲོག་དམར་བོ་འབེན་ལ་བཙུགས། །
དཔའ་བོའི་ཁྲག་གིས་སྦགས་པའི་རི་འདབས་ན། །
ཁྱོ་བྲལ་ཡུགས་ས་སྟོང་གི་སྨྲེ་སྔགས་དང་། །
ཕ་མེད་དྭ་ཕྲུག་ངུ་བའི་དབྱངས་རྟ་རྣམས། །
རི་སྤྱང་སྔོན་མོའི་སྐད་དང་ལྷན་དུ་ཐོས། །
བཞེངས་པའི་ལྷ་ཁང་དམར་བོ་རྨང་ནས་གཏོར། །
བརྩིགས་པའི་མཁར་རྫོང་མཐའ་དག་ཤུལ་མེད་བཟོས། །
བསགས་པའི་རིན་ཆེན་རྒྱུ་ནོར་ཧམ་འཕྲོགས་བྱས། །
རང་ཁྱིམ་རང་བདག་བྱུང་བའི་མངོན་རྟགས་ཤིག །
མཁས་གྲུབ་སྐྱེས་ཆེན་མ་ལུས་བཙོན་དུ་བཅུག །
ཆོས་བྱེད་དགེ་འདུན་ཐམས་ཅད་ཁྱིམ་དུ་ཕབ། །
སྐྱེ་བོ་མཐའ་དག་ལུས་སེམས་སྡུག་གིས་མནར། །
ཁྱོད་ཀྱིས་བཅིངས་གྲོལ་བཏང་བའི་མངོན་རྟགས་ཤིག །
དེ་ལྟའི་སྣང་ཚུལ་སེམས་ཀྱིས་མ་བཟོད་པར། །
རིགས་ཀྱི་ལ་ཞེན་དཀར་བའི་ཕོ་རྒོད་ཚོས། །
རི་བྲག་ཁྲོད་ནས་ངར་སྐད་ཐེངས་ཅིག་བསྒྲགས། །
དམངས་ཀྱིས་དགའ་བསུ་ཐོབ་པའི་མངོན་རྟགས་ཤིག །
དྲག་པོའི་སྟོབས་ཀྱིས་སྙེམ་པའི་རྒྱ་དམར་གྱིས། །
རང་མཚང་འགེབས་ཕྱིེར་སྡིགས་མོའི་ཚིག་ཁོ་ནས། །
བཙན་གྱིས་བཞག་ལ་ཆིངས་ཡིག་མིང་དུ་བཏགས། །
ཝ་སྐྱེས་བདུད་མོའི་ངན་ཇུས་འཁྲུལ་མེད་ཅིག །
དབུས་འགྱུར་ལྷ་ལྡན་རྒྱལ་ཁབ་པདྨའི་མཚོ། །
བཙན་རྒྱལ་གཉིས་འཐུང་ཁྱུ་ཡིས་རྣམ་པར་དཀྲུགས། །
དེ་གཟིགས་རྒྱལ་དབང་ཉིན་མོར་བྱེད་པའི་མགོན། །
འཁོར་བཅས་འཕགས་ཡུལ་མཁའ་ལ་མངོན་པར་གཤེགས། །
དེ་ལྟརནོར་འཛིན་སྒེག་མོའི་གཙུག་ཏོར་ཉིད་དུ་འཇིག་རྟེན་བྱེད་པོས་ཆེད་དུ་སྤྲུལ་པ་ལྟ་བུ་གངས་ཅན་སཱ་ལའི་སྨན་ལྗོངས་ཆེན་མོ་འདིར་ཆུ་འཛིན་རྒྱལ་མཚན་ཅན་སྙིང་ལ་ཞུགས་པས་གཉིས་འཐུང་དབང་བོ་ཀུན་ནས་སྨྱོ་བར་གྱུར་པ་དང་ཚུལ་མཚུངས་པ་རྒྱ་དམར་ཀླ་ཀློའི་དཔུང་གིས་བཙནའཛུལ་དྲག་གནོན་མི་བཟད་པ་བྱས་ཤིང་།དེར་བོད་ལྗོངས་སྤྱི་བོ་ གནམ་བསྟན་ཡོངས་ནས་ཞི་དྲག་གི་ཐབས་ཤེས་སྣ་ཚོགས་ཀྱིས་འགོག་ཐབས་བྱས་ཀྱང་།ལེགས་པའི་འབྲས་བུ་ཅུང་ཟད་ཙམ་ཡང་སྨིན་པར་མ་གྱུར་པས།མཐར་༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་བོ་མཆོག་དང་གཞུང་ས་དགའ་ལྡན་ཕོ་བྲང་ཆེན་པོ་འཁོར་སྟོང་ཕྲག་དུ་མ་དང་བཅས་ཏེ།ཇི་ལྟར་ཀུན་གསལ་དབྱིངས་ན་རྒྱུ་ སྐར་བདག་པོ་སྐར་མའི་ཚོགས་བསྐོར་ཏེ་གཤེགས་པ་ལྟར་རྒྱ་གར་འཕགས་པའི་ཡུལ་ དུ་བཙན་བྱོལ་ལ་ཕེབས་པ་སྟེ། རབ་ཏུ་བྱེད་པ་དང་བོའོ།།
བསགས་པའི་ཟས་ནོར་མཐའ་དག་བཙན་གྱིས་འཕྲོགས། །
སྐྱེ་བོའི་ཚོགས་རྣམས་ནད་མུག་བསྐལ་པས་མནར། །
བོད་ཁམས་གློ་བུར་ཡི་དྭགས་གྲོང་དུ་བསྒྱུར། །
གནམ་ས་བླ་འོག་བསྒྱུར་པའི་ཡར་རྒྱས་ཤིག །
ཀུན་གཟིགས་ཟླ་བ་དགྲ་གཅན་གཟའ་ཡིས་བསྒྲིབས། །
མཛེས་པའི་གངས་ལྗོངས་མུན་པའི་ནང་དུ་ལྷུང་། །
འཐབ་འཛིངས་བུ་ཡུག་དྲག་པོ་ཀུན་ནས་ལྡང་། །
ཀླ་ཀློའི་གཅན་གཟན་གཏུམ་པོས་སྲོག་ལ་རྔམ། །
རིག་གནས་གསར་བརྗེའི་རླུང་ནག་འཚུབ་མའི་ཁྲོད། །
རིགས་ཀྱི་མེས་པོའི་བླ་སྲོག་ཐིམ་ནས་ཡལ། །
འཐབ་རྩོད་དྲག་པོའི་མཚོན་ཆ་སྙིང་ལ་གཟན། །
དམངས་ལ་བདེ་སྐྱིད་བསྐྲུན་པའི་མངོན་རྟགས་ཤིག །
སྤྱོ་གཤེ་སྡིགས་མོའི་སྟག་གི་ངར་རོའི་ཁྲོད། །
མགོན་མེད་གཅིག་པུར་ལུས་པའི་རང་རིགས་རྣམས། །
རང་སྲོག་དམར་བོ་གཤིན་རྗེའི་ཁ་ལ་ཚུད། །
ཏང་གི་བྱམས་བརྩེ་ཐོབ་པའི་རྣམ་པ་ཞིག །
དཀའ་སྡུག་རི་བོ་འཁུར་དུ་མ་བཟོད་པས། །
གྲོང་ཁྱེར་དམར་བོར་བསྙད་བཏགས་གྱེན་ལང་གིས། །
བོད་དོན་བདེན་པའི་འབོད་སྒྲ་ཐེངས་ཅིག་བསྒྲགས། །
དམར་བོའི་རིང་ལུགས་བཟང་བའི་མངོན་རྟགས་ཤིོག།
གཅན་གཟན་གཏུམ་པོའི་གཟུགས་འཆང་དམག་དཔུང་གིས། །
ཉེས་མེད་དམངས་རྣམས་བསད་པའི་ཁྲག་དམར་ཞིག། །
རྗེས་རབས་ཚོགས་ལ་ཁ་ཆེམས་གསོན་པོར་བཞག །
མི་རིགས་རྩ་མེད་བཟོ་བའི་མངོན་རྟགས་ཤིག །
སྐུ་རྟེན་ཕལ་ཆེར་ཞིག་རོའི་རྣམ་པ་མངོན། །
གསུང་རབ་ཕལ་ཆེར་ཐལ་བའི་ཕུང་བོར་གྱུར། །
མི་རྣམས་ཕལ་ཆེར་འཐབ་འཛིངས་ལས་ཀྱིས་མནར། །
ཀླ་ཀློ་འཁྲུལ་མེད་ཡིན་པའི་དན་རྟགས་ཞིག །
སྣ་ཚོགས་ལས་འགུལ་ལ་བཏགས་གཡོ་ཟོལ་གྱིས། །
སྐྱེ་བོ་མཐའ་དག་དོན་མེད་སྡུག་ལ་སྦྱར། །
མར་ལེ་རིང་ལུགས་བཟང་བའི་དྲིལ་བསྒྲགས་ཀྱིས། །
འཐོམ་ཞྭ་ནག་པོ་གཡོགས་པའི་དུས་རབས་ཤིག །
མའོ་ཡི་དགོངས་པར་བསྟོད་པའི་སྒྱུ་ཐབས་དེས། །
མི་བཟད་ངལ་རྩོལ་ལས་ཀྱི་ཁུར་བོ་ཞིག །
དམངས་ཀྱི་ཕྲག་པར་བཀལ་པའི་ངང་ཚུལ་འདིས། །
ཁྱོད་ཀྱི་བཀའ་དྲིན་དྲན་འོས་རྒྱུ་མཚན་ཅི། །
དེ་ལྟར་༧གོང་ས་མཆོག་གིས་དབུ་ཁྲིད་པའི་གཞུང་ས་དགའ་ལྡན་ཕོ་བྲང་བ་ཆེན་པོའི་ཆོས་སྲིད་ཟུང་འབྲེལ་གྱི་ཉི་མ་ཆེན་པོ་ནི་ནུབ།ཀླ་ཀློ་གསོན་པོར་གྱུར་པ་རྒྱ་དམར་གཞུང་གི་གཡོ་ཇུས་ཀྱི་མུན་པོ་ཆེན་པོ་ནི་ཀུན་ཏུ་འཐིབས།ལས་འགུལ་སྣ་ཚོགས་ལ་སྒྲོ་ བཏགས་པའི་བུ་ཡུག་ནི་ཀུན་ནས་ཀུན་ཏུ་འཚུབས་ཏེ།འུ་བུ་ཅག་ལ་སྡུག་པའི་སྡུག་ རབས་ནི་བཤད་ན་བཤད་མི་ཚར་བ་ཞིག་དང་། བྲིས་ན་བྲིས་མི་ཚར་བ་འདི་བྱུང་བ་སྟེ། རབ་ཏུ་བྱེད་པ་གཉིས་པའོ། །
བཟློག་མེད་སྔོན་ལས་བཙན་པོའི་དགའ་བྱེད་མདས། །
ལང་ཀའི་བདག་པོ་ལྡ་བའི་ལམ་དུ་བཏང་། །
གཡོ་ཇུས་གཏིང་ནས་གནག་པའི་སྲིན་ཕྲུག་གིས། །
ལང་ཀ་པུ་རིའི་སྲིད་ཀྱི་ཁ་ལོ་བསྒྱུར། །
སཱ་ལའི་སྨན་ལྗོངས་མཛེས་པའི་རྒྱན་གཅིག་པུ། །
རང་བྱུང་ནགས་ཚལ་བཅད་ནས་རྒྱ་ལ་དྲངས། །
རི་ལུང་ཐམས་ཅད་གོས་མེད་གཅེར་བུར་ཕྱུང་། །
ཁོར་ཡུག་སྲུང་སྐྱོབ་བྱས་པའི་ལག་རྗེས་ཤིག །
སྣ་མང་རིན་ཆེན་གཏེར་ཁས་ཕྱུག་པ་རྣམས། །
མ་ལུས་བཏོན་ནས་ཙི་ནའི་མཛོད་དུ་དྲངས། །
གངས་ལྗོངས་འཛིན་མའི་ནང་རོལ་སྟོང་བར་གྱུར། །
གནམ་ས་བླ་འོག་བསྒྱུར་བའི་ཡར་རྒྱས་ཤིག །
ཟད་མེད་རྡོ་སྣུམ་གཏེར་ཁ་རྒྱ་ཡིས་འཁྱེར། །
ཟད་མེད་ཚྭ་ཡི་མཛོད་ཆེན་ཁྱོད་ཀྱིས་འཕྲོགས། །
རྩ་ཆེན་རི་དྭགས་ཕལ་ཆེར་བསད་ནས་རྫོགས། །
ལམ་བཟོས་ཟམ་རྒྱག་བྱས་པའི་དམིགས་ཡུལ་ཞིག །
ཡར་རྒྱས་འཛུགས་སྐྲུན་ཁ་གཡང་སྒྲོག་བཞིན་དུ། །
དུག་རྫས་སྙིགས་རོས་འབྱུང་ཁམས་ཀུན་ནས་སྦགས།།
མ་ཡུམ་གངས་ལྗོངས་མཛེས་སྡུག་ལང་ཚོ་ཉམས། །
ཁྱོད་ཀྱིས་ང་ཚོར་བྱིན་པའི་ཡར་རྒྱས་ཤིག །
སྣ་ཚོགས་གཡོ་འཕྲུལ་དུག་གི་མདའ་མོ་ཡིས། །
པཎ་ཆེན་དུང་ཟླ་ནུབ་རིའི་ཕག་ལ་འཕངས། །
བོད་འབངས་ཀུ་མུད་མྱ་ངན་གདུང་བས་མནར། །
སེམས་ཁུར་རྒྱབ་སྐྱོར་ཡོད་པའི་མངོན་རྟགས་ཤིག །
དེ་ལྟར་སྡུག་བསྔལ་ཁུར་ནི་རབ་ལྕི་བས། །
མ་བཟོད་ཞི་དུལ་སྤྱོད་པའི་རབ་བྱུང་དང་། །
འཚེ་མེད་ཞི་བར་དགའ་བའི་གངས་ཕྲུག་གིས། །
ཞི་བའི་འབོད་སྒྲས་ས་ཆེན་གཡོ་བར་བྱས། །
དེ་ཉིད་མ་བཟོད་ཀླ་ཀློའི་དཔུང་ཚོགས་ཀྱིས།།
བསད་རྨས་ཁྲག་གིས་འཁོར་ལོ་བསྐོར་བ་ལ།།
དམངས་ཀྱི་ཁ་རྡུང་ཕོག་པའི་ངོ་ཚ་ཉོས།།
ཁྱོད་ཀྱི་བཀའ་དྲིན་དྲན་འོས་རྒྱུ་མཚན་ཅི།།
དེ་ལྟར་རྒྱ་ནག་དམར་བོའི་གཞུང་གིས་རང་ཉིད་ཀྱི་ངན་སྤྱོད་སྲིན་མོའི་གཟུགས་རིས་རྣམ་པར་འགེབས་པའི་གཡོ་འཕྲུལ་ཤིན་ཏུ་གཏིང་རིང་བ་དག་ནི་རབ་ཏུ་བཏིང་བར་བྱས་ཏེ། དེང་རབས་ཅན་དང་ཁྲོམ་རའི་དཔལ་འབྱོར་སོགས་ཀྱི་ཁ་གཡང་སྙན་མོ་དག་གིས་མི་རྣམས་མགོ་ཀུན་ནས་རྨོངས་པར་བྱས་ཤིང་། རང་བྱུང་གཏེར་་ཁས་རབ་ཏུ་ཕྱུག་པ་དག་མ་ལུས་པ་གཡོ་འཕྲོགས་ཇི་ལྟར་བྱས་པའི་ཚུལ་ཏེ། རབ་ཏུ་བྱེད་པ་གསུམ་པའོ།།
༼རྒྱ་ཆེའི་ཀློག་པ་རྣམས་ལ་ཞུ་རྒྱུར་རྩོམ་ཡིག་འདིའི་འཕྲོ་ད་དུང་མུ་མཐུད་ནས་རབ་བྱེད་དུ་མའི་བདག་ཉིད་ཅན་དུ་འགོད་ངེས་ཡིན།༽
དབྱངས་ཅན་མགྲིན་པར་ཞུགས་པའི་རིག་བྱེད་གླུས།།
དམར་པོའི་ངོ་གདོང་ལན་ཅིག་བཀྲལ་བ་འདིས།།
གཡོ་དང་རྫུན་གྱི་རྡུལ་ཕྲན་བརྩེགས་པའི་རི།།
རྨང་ནས་འགྱེལ་བར་བྱས་འདི་ཅི་བས་མཚར།།
ཉམས་དང་འགྱུར་བས་བལྟམས་པའི་སྙན་ངག་འདི་བཀླགས་པ་ཡིན། འདིའི་མཇུག་མ་ལ་སྒུག་ཡོད།
མཐོང་ཞིང་མྱངས་པའི་དཀའ་སྡུག་གྲངས་མེད་པ། །
བྱང་ཁོག་སྟོད་ལ་སྦས་ནས་ཡུན་རིང་འདས། །
དེ་རིང་དྲུག་ཅུའི་སྟོན་མོའི་སྦར་མོ་ཡིས། །
བྲད་དེ་ཕྱི་རུ་ཕྱུང་བ་ཡིད་རེ་དགའ། །
རྗེས་མ་དག་ལ་སྒུག་ནས་ཡོད།
དར་དམར་བསྐལ་བའི་མེ་ཆེན་གྱིས།
གངས་ལྗོངས་སྣོད་བཅུད་རྨེང་ནས་བསྲེག།
གནམ་གྱི་སྐར་རྡོ་ལྷུང་བ་ཡིས།
རང་བྱུང་ཁམས་རྣམས་རྨེང་ནས་བྲུས།
ཡག་མོ་འདུག
དབྱངས་ཅན་མགྲིན་པ་ལ་ཆགས་པའི། །
གང་གི་ཕྱག་སོའི་འཕྲུལ་གྱི་མདས། །
ཤར་གྱི་སྲིན་པོ་དག་གི་སྙིང་། །
དུམ་པུར་བྱས་པ་ངོ་མཚར་ཆེ། །
དམར་པོའི་གཡོ་ཇུས་དུག་གི་རླངས། །
གངས་རིར་ཕོགས་པའི་བྱས་ཉེས་དག །
གསལ་བའི་རབ་བྱེད་དུང་སྒྲ་འདི། །
རང་ཅག་སད་པར་འབོད་སྒྲ་ཉིད། །
གང་གི་ངག་རིག་མཐུ་འོག་ལས། །
མཚར་བའི་གུས་སློབ་འཁྱམ་པོ་ཞིག །
རེ་བའི་མིག་ཟུང་གསོན་པོ་ཡིས། །
རབ་བྱེད་སྣེ་མོར་བསྒུགས་ནས་ལྟ། །
དབྱངས་ཅན་མགྲིན་པར་ཆགས་པ་ཡི། །
གང་གི་སོར་མོའི་འཕྲུལ་གྱི་མདས། །
ཤར་གྱི་སྲིན་པོ་དག་གི་སྙིང་། །
དུམ་པུར་བྱས་པ་ངོ་མཚར་ཆེ། །
དམར་པོའི་གཡོ་ཇུས་དུག་གི་རླངས། །
གངས་རིར་ཕོགས་པའི་བྱས་ཉེས་དག །
གསལ་བའི་རབ་བྱེད་དུང་གི་སྒྲ། །
སྒྲོགས་འདི་དགའ་བ་སྒོམ་པར་རིགས། །
གང་གི་ངག་རིག་མཐུ་འོག་ལས། །
མཚར་བའི་གུས་སློབ་འཁྱམ་པོ་ཞིག །
རེ་བའི་མིག་ཟུང་གསོན་པོ་ཡིས། །
རབ་བྱེད་སྣེ་མོ་བསྒུགས་ནས་ལྟ། །
ཐེ་བོ་དཀོན་མཆོག་ཤེས་རབ་ཀྱིས། །
རྒྱ་ནག་སྙིང་ནག་དམར་འཛར་རེ། །
ཕུག་པའི་བདེན་ཚིག་ཚིགས་བཅད་དུ། །
འཕྲོ་མཐུད་རབ་འབྱེད་མི་སྒྲུག་སུ། །
གྲུ་འཛིན་མགོན་པོ་ཁ་བའི་ལྗོངས་ནས་ཕུད།
འོད་མཚན་མགོན་པོ་མུན་པའི་བཙོན་དུ་བཅུག
པོ་ཏ་ལ་ཡི་རྩེ་མོར་དར་དམར་སྦྲེངས།
ཤྭཀྱ་མུ་ནིའི་དབུ་རྒྱན་རྒྱ་ཡུལ་ཁྱེར།
དགོན་པ་ལྔ་སྟོང་གྱང་རོ་ས་རྡོར་གྱུར།
གསེར་སྐུ་ཟངས་སྐུ་རྒྱ་གཏིང་ཇག་ཡུལ་ཁྱེར།
ཕྱག་དཔེ་འབུམ་ཕྲག་མེ་ལྷའི་ཞལ་དུ་བཏབས།
དེ་ཚོ་བསམ་ན་མིག་ནས་མཆི་མ་བརྫགས།