(དར་དམར་འོག་གི་མཐོང་ཐོས་མྱོང་གསུམ་གཏམ་དུ་གླེང་བ་གངས་ལྗོངས་ལ་ལྟ་བའི་མེ་ལོང་།)
ཐེ་བོ་དཀོན་མཆོག་ཤེས་རབ་ཀྱིས།
བསླུ་ཐབས་གོམས་པའི་རྔ་ཡབ་གཙོ་མོ་ཡིས། །
ནུབ་རྒྱུད་ཐོན་འབྱེད་སྙན་ཚིག་མཛེས་མར་བརྫུས།
ཁྱད་འཕགས་རིག་གཞུང་དེད་དཔོན་ལྔ་བརྒྱའི་ཚོགས། །
ཚེ་སྲོག་འཕྲོག་པའི་སྦྱོར་ངན་ཅི་ཡང་བརྩམས། །
འོད་མེད་སྐར་ཆུང་ཟླ་བར་བཙན་གྱིས་བསྐོས། །
ཆོས་ཀྱི་འདུན་སར་བདུད་ཀྱི་རྒྱལ་མཚན་སྒྲེང་། །
ཆོས་དད་རང་མོས་རྫུན་ཚིག་གཅེར་བུར་ཕྱུང་། །
རང་སྐྱོང་ཟེར་བཞིན་བོད་དཔོན་རྒྱ་ཡིས་བྱས། །
རོགས་སྐྱོར་ཟེར་བཞིན་གཡོན་མ་ཁྱུ་ཞིག་ཁྲིད། །
བརྟན་ལྷིང་ཟེར་བཞིན་འགྲོ་འདུག་རང་དབང་བྲལ། །
མི་རིགས་སྲིད་ཇུས་ལེགས་པའི་ཚུལ་ལ་ལྟོས། །
སྣ་ཚོགས་ལས་ལ་བསྙད་པའི་འབུ་གཟན་ཚོགས། །
ཁྱུ་དང་ཁྱུར་བྱས་གནས་འདི་ཡོངས་གང་བས། །
བོད་ཁམས་རྒྱ་ལ་སྒྱུར་བའི་གཡོ་ཇུས་འབུམ། །
རང་མཚང་གསལ་བའི་མེ་ལོང་འཁྲུལ་མེད་ཅིག །
བོད་མིའི་ངག་ལ་རྒྱ་སྐད་བཙན་གྱིས་བཅུག །
བོད་མིའི་ལག་ལ་རྒྱ་ཡིག་བཙན་གྱིས་བཞག །
བོད་ཡིག་བེད་མེད་བཟོ་བའི་སྲིད་ཇུས་འདིས། །
ཐུན་མིན་རིག་གཞུང་སྲོག་དབང་ཉམས་པར་བྱས། །
དེ་མཐོང་གངས་ལྗོངས་རིགས་མྱུག་བརྒྱ་སྟོང་གིས། །
རྣམ་དཔྱོད་སྨྱུ་གུ་སྐྱོད་པའི་གར་སྟབས་ལ། །
བརྟེན་ནས་རྒོལ་ཡིག་རིགས་པའི་མཚོན་རྣོན་འབུམ། །
འཕངས་པས་གཡོ་སྒྱུའི་མགོ་བོ་ས་ལ་ལྷུང་། །
རིགས་ཀྱི་སྒྱུ་རྩལ་མཁས་པའི་ངག་སྒོ་ནས། །
ལར་ཞེན་དཀར་བོ་དབྱངས་རྟ་སྙན་མོར་དྲངས། །
རྒོལ་ཚིག་སྦྱར་ཡིག་ཕྱོགས་རྣམས་ཀུན་ནས་མཐོང་། །
དམངས་ཀྱི་གདོང་ན་སྐྱོ་ཉམས་འགོག་མེད་མངོན། །
ཉེར་དགུའི་མཚན་མོར་འཕྱ་བའི་བཙོན་ཁང་ན། །
རང་རིགས་ཆབ་སྲིད་བཙོན་པ་སྟོང་ཕྲག་བརྒྱས། །
མི་བཟད་མནར་གཅོད་སྣ་ཚོགས་མྱོང་བཞིན་དུ། །
རེ་བའི་མིག་འབུར་འཕགས་ཡུལ་ཕྱོགས་ལ་གཏད། །
ཧི་མ་ལ་ཡའི་གསང་བའི་གངས་ལམ་ན། །
རང་སྲོག་ཉག་ཐག་་གྲང་ངར་མཚོན་གྱི་ཁར། །
འདྲེན་བཞིན་རིགས་ཀྱི་མྱུ་གུ་ཁྲི་ཕྲག་གིས། །
ཞབས་རྗེས་དམར་བོ་ཁ་བའི་ཁྲོད་ལ་བཞག །
དེ་ལྟར་གཡོ་ཐབས་ཀྱི་སྤྲིན་ནག་ཀུན་ནས་འཁྲིགས་པའི་ཀླ་ཀློ་གདེངས་ཅན་ནག་པོ་འདིས། དུག་གི་ཁ་
རླངས་རེག་པ་ཙམ་གྱིས་རྣམ་པར་དཀར་བའི་བདེ་ལེགས་ཀྱི་ལོ་ཏོག་མཐའ་དག་རབ་ཏུ་འཇོམས་བཞིན་དུ།
ནུབ་རྒྱུད་ཆེན་མོ་ཟེར་སོགས་བསླུ་ཚིག་གི་འཇལ་ཚོན་རྣམ་པར་བཀྲ་བས་མི་རྣམས་མགོ་བོ་རྨོངས་སུ་རེ་མོད།
འོན་ཀྱང་བོད་མི་རིགས་མི་མང་གིས་དེའི་ཆོས་ཉིད་ཁོང་དུ་ཆུད་ཟིན་པས་བྱིས་པའི་སྒྱུ་ཐབས་དེ་ལ་རྨོངས་ག་ལ་
སྲིད། དེ་ལྟར་ཡང་རྣམ་དཔྱོད་པདྨའི་འདབ་མ་ཡངས་པོར་གྲོལ་བའི་འུ་བུ་ཅག་གི་ཤེས་ལྡན་པ་དག་དང་། མཚོ་
བྱུང་མགྲིན་པར་ཞུགས་པ་ལྟ་བུའི་གླུ་བ་དང་གླུ་མ་དག་གིས་རྩོམ་རིག་གི་སྒྱུ་རྩལ་དང་། ངག་གི་འགྱུར་ཁུག་
དབྱངས་རྟ་སྙན་མོ་རྣམ་པར་གྲོལ་བ་དང་འགྲོགས་ནས་ཕ་རོལ་པོའི་གཡོ་ཐབས་ཀྱི་རང་མདོག་དམར་རྗེན་དུ་
གསལ་བར་བྱས་པ་དང་། བོད་མི་ཁྲི་ཕྲག་དུ་མས་ལུས་སྲོག་ལོངས་སྤྱོད་སོགས་ལ་བལྟོས་པ་མེད་པར་ཚངས་པའི་
གནས་ལ་བསྙེགས་པ་ལྟ་བུའི་ཧི་མ་ལ་ཡའི་རི་བོ་དག་བརྒལ་ཏེ་བཙན་བྱོལ་ལ་ཕེབས་པ་འདི་དག་གིས་ཀྱང་ཕ་
རོལ་པོའི་ཁ་ལ་མི་སྨྲ་བའི་རྒྱས་བཏབ་པ་སྟེ། རབ་ཏུ་བྱེད་པ་བཞི་བའོ། །
འཆམ་མཐུན་ཚིག་གི་སྒྱུ་ཐབས་ཞགས་པ་ཡིས། །
ཐུན་མིན་རིག་གཞུང་མགུལ་བ་རབ་ཏུ་བསྡམས། །
བསྐྱར་དར་ཆེན་མོའི་གཡོ་ཇུས་འཇའ་ཚོན་གྱིས། །
སྐྱེ་བོ་མཐའ་དག་མུན་པའི་གླིང་དུ་ཁྲིད ། །
རྒྱལ་གཅེས་ཆོས་གཅེས་རླུང་དམར་འཚུབ་པའི་ཁྲོད། །
རྒྱལ་བསྟན་མར་མེ་གནས་པའི་གོ་སྐབས་ཕྲ། །
འབྱོར་འབྲིང་སྤྱི་ཚོགས་ཡོལ་བའི་རྒྱབ་རོལ་ན། །
ཁོར་ཡུག་ཁྱུར་མིད་གཏོང་བའི་སྲིན་མོ་ཞིག །
གྲོང་གསེབ་གསར་བའི་ཆུ་སྐྱར་བསླུ་ཚིག་གིས། །
སྲོལ་རྒྱུན་ཉ་མོ་གསོད་པའི་ལྐོག་ཇུས་བཤམས། །
མེ་འཁོར་ལྕགས་ལམ་བསྐྲུན་པའི་ངོ་སོ་ཡིས། །
བོད་ཁམས་ནོར་མཛོད་སྟོང་བའི་ངན་ལྟས་ཤིག །
ལྟ་ངན་སྨག་རུམ་ཀུན་ནས་འཐིབས་པའི་ཀློང་། །
ཀླ་ཀློ་གཅན་གཟན་གཏུམ་པོའི་ངར་སྐད་དང་། །
ཅོལ་ཆུང་རྒྱུག་ཁྱི་སྲིན་བྱའི་སྐད་ངན་དག །
མནར་གཅོད་བུ་ཡུག་དྲག་པོའི་ཁྲོད་ན་ཐོས། །
འཚེ་མེད་ཞིི་བའི་སྐྱ་རེངས་དཀར་བོ་ཡིས། །
དྲངས་པའི་རྒྱལ་མཆོག་མཛད་འཕྲིན་ཉི་མའི་འོད། །
ལྟ་བར་མ་བཟོད་རྒྱ་དམར་འབྱུང་བོའི་བྱས། །
ངན་གཡོ་མུན་པའི་ཁུང་བུར་སྐྱབས་སུ་རེ། །