དཔལ་དགྱེས་པ་རྡོ་རྗེ།
བརྒྱུད་གསུམ་བླ་མའི་ཞབས་ལ་འདུད།།
རྨོངས་པའི་གཞན་དབང་སོང་བ་ཡི།།
ཁམས་གསུམ་འགྲོ་བ་སྐྱོབ་པའི་ཕྱིར།།
དུ་བ་འཐེན་པའི་ཉེས་དམིགས་བཤད།།
སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས།།
ཐ་མག་ངན་སོང་ལྟུང་བྱེད་གསུངས།།
སློབ་དཔོན་སངས་རྒྱས་གཉིས་པ་ཡིས།།
དུ་འཐེན་གསང་ཆེན་མི་འགྲུབ་གསུངས།།
བཀའ་གཏེར་མན་ངག་ཕལ་མོར་ཆེར།།
ཐ་མག་དུག་གསུམ་རྒྱུ་ཡིན་གསུངས།།
གངས་ཅན་གསོ་བ་རིག་པ་ནས།།
གློ་མཆིན་སྙིང་རྩ་འགག་པར་གསུངས།།
འཛམ་གླིང་རིག་ཚན་སྨྲ་བ་ཚོས།།
དུ་འཐེན་སྨྱོ་ནད་ཅན་དུ་བཤད།།
༡༽དུ་བ་འཐེན་ལ་ལྷ་མི་འཁོར།།
སྡུག་འདྲེ་ཁོག་པའི་ནང་དུ་ཞུགས།།
མ་རབས་དགའ་བའི་ལོག་སྤྱོད་རིགས།།
ཐ་མག་ཁ་འདི་ཡིན་པར་གསུངས།།
༢༽ ལུས་ལ་ན་ཚ་འདི་དུ་བས་བསྐྱེད།།
ངག་ལ་གྲེ་འགག་དུ་བས་འབྱུང་།།
སེམས་ལ་མ་རིག་དུ་བས་འཕེལ།།
དེས་ན་ཐ་མག་སྤོངས་དགོས་གསུངས།།
༣༽ ཁོར་ཡུག་དྲི་མ་ངན་པས་ཁྱབ།།
དཀར་ཕྱོགས་རྒྱལ་བས་སྐྱོབ་མི་ནུས།།
ནག་ཕྱོགས་དགའ་བའི་དུ་བ་རིགས།།
རྩ་ནས་སྤོང་ན་མཁས་བཙུན་ཡིན།།
༤༽ ཕོ་ཡིས་འཐེན་ན་རྒྱ་འདྲེ་འཁོར།།
མོ་ཡིས་འཐེན་ན་ཐེའུ་འཁྲུ།།
བྱིས་པས་འཐེན་ཚེ་ཐག་ཐུང་།།
དེས་ཐ་མག་སྤོང་དགོས་གསུངས།།
སྦྲུམ་མས་དུ་བ་རྔུབ་པ་ན།།
ཕྲུ་གུ་དབང་རྩ་མི་ཚང་འགྱུར།།
དུ་འཐེན་བཟང་སྤྱོད་དངོས་སུ་འགལ།།
གངས་ཅན་བོད་པས་དུ་བ་སྤོངས།།
དུ་བས་ཕྱི་ལ་འབྱུང་བཞི་འཁྲུགས།།
དུ་བས་ནང་དུ་དུག་ལྔ་འཕེལ།།
དུ་བས་གསང་བའི་རྐྱེན་ངན་བྱེད།།
དུ་བ་སྤོངས་ཞིག་གངས་ཅན་པ།།
དུ་བས་དགེ་བཅུའི་ཁྲིམས་དང་འགལ།།
དུ་བས་བླ་མའི་དགོངས་པ་འཁྲུག།
དུ་བས་ཁྱིམ་ཚང་བདེ་འཇགས་གནོད།།
དུ་བ་སྤོངས་ཤིག་གྲོགས་པོ་ཚོ།།
དུ་བས་འཁོར་ཡུག་གནོད་སྐྱོན་བྱེད།།
དུ་བས་གཞན་ལ་ན་ཚ་སྤེལ།།
དུ་བས་ཚེ་སྲོག་མྱུར་ཏུ་གཅོད།།
དུ་བའི་ཉེས་པ་བསམ་མི་ཁྱབ།།
དུ་བ་སྤོང་ནས་ཆོས་ལ་བརྩོན།།
ལུས་བདེ་སེམས་སྐྱིད་ན་ཚ་བྲལ།།
རྒྱལ་ཁམས་བདེ་བའི་སྨོན་ལམ་བཅས།།
དཔལ་དགྱེས་རྡོ་རྗེས་གུས་པས་ཕུལ།།
ཞེས་པ་འདི་ཡང་རབ་གནས་མེ་སྤྲེལ་དབོ་ཟླའི་གནམ་གུང་ལ་དབྱིན་ཡུལ་བྷན་གྷོར་སློབ་ཆེན་ཁག་ལ་ལུས་ཀྱི་རྣལ་འབྱོར་ཁྲིད་པའི་སྐབས་སུ་དུ་བའི་ཉེས་པ་དག་དབྱིན་སྐད་དུ་བརྗོད་པ་རགས་ཙམ་རྣམས་དེ་ཉིད་ཨེ་མ་ཧོས་གངས་ཅན་བོད་པའི་བརྡ་སྤྲོད་དུ་ཚིགས་སུ་བཅད་པར་དགེའོ།། །།
དཔལ་དགྱེས་པ་རྡོ་རྗེ་ཐུགས་རྗེ་ཆེ། ཡག་པོ་བྲིས་འདུག