གོང་དཀར་ངག་རྣམ།
—-(མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་སྐུ་གཤེགས་ནས་ལོ་ངོ་༢༠སོང་བའི་རྗེས་དྲན་དུ་ཕུལ།)
དུང་དཀར་གྲུབ་མཐའ་གླེང་བ།
སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའི་གཞི་རྩའི་ཤེས་ཡོན་གྱི་སྒྲོམ་གཞི།
གསུང་རྩོམ་འདིའི་ནང་གི་སློབ་ཚན་དང་པོ་<<ཆོས་ལུགས་གྲུབ་མཐའ་ཁག་གི་གཞི་རྩའི་ཤེས་ཡོན་མཛུབ་མོ་རི་སྟོན།>>ཞེས་པ་དེ་ནི་ས་བཅད་བཞི་ལས་གྲུབ་ཡོད་པ་དང་། དེ་དག་ས་བཅད་དང་པོ་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའི་རྣམ་གཞག་མ་གསུངས་པའི་སྔོན་དེར་ས་བཅད་དང་པོར་ཕྱི་རོལ་པའི་ལུགས་ཀྱི་གྲུབ་མཐའི་སྐོར་ལ་གསུངས་ཡོད་པ་དེའི་སྐོར་ལ་ཅུང་ཟད་བཤད་ན། དེའི་དགོས་པ་གཙོ་བོ་ནི་ཐོག་མར་ཕྱི་ནང་གི་གྲུབ་མཐའི་ཁྱད་པར་གང་གི་ཐོག་ནས་འབྱེད་མིན་གྱི་རྣམ་དབྱེ་ལ་གོ་རྟོགས་སླེབས་རྒྱུའི་ཆེད་དུ་ཡིན་ཏེ། བདེ་སྡུག་གི་ཚོར་བ་མྱོང་མཁན་གྱི་ངའམ་གང་ཟག་རྟག་གཅིག་རང་དབང་བ་ཞིག་ཡོད་མེད་ཁོ་ནའི་ཐོག་ནས་ཕྱི་ནང་གི་གྲུབ་མཐར་ཁྱད་པར་འགྲོ་བས་སོ།།
འོ་ན། ད་ལྟ་ཕྱི་རོལ་པའི་གྲུབ་མཐའི་ནང་བཤད་པའི་ལྟ་བ་མང་པོ་ཞིག་ཁས་ལེན་སྨྲ་བ་པོ་ཡང་མེད་པས་དེ་དག་རེ་རེའི་འདོད་ཚུལ་ལ་དགག་གཞག་བྱེད་པར་བརྩོན་པ་ལ་དགོས་པ་ཅི་ཡོད་ཅེ་ན། དེ་ལ་རྗེ་བདག་ཉིད་ཆེན་པོས་ལན་འདི་འདྲ་ཞིག་མཛད་འདུག་པ་དེས་ཐེ་ཚོམ་དེ་སེལ་ནུས། [1]མུ་སྟེགས་བྱེད་དངོས་སུ་ཡོད་དམ་མེད་ཀྱང་བླ་ཡི་བློ་གྲོས་ཆེ་བ་རྣམས་ཀྱིས་སྐྱབས་འགྲོའི་བློ་ཁྱད་པར་ཅན་སྐྱེད་པར་འདོད་ན་སྔར་ལྟར་བྱའོ།། ཞེས་དུས་ཀྱི་འགྲོས་དང་མཐུན་པའི་ནང་པ་ཞིག་བྱེད་འདོད་ན་སྐྱབས་འགྲོ་ཡང་རྣལ་མ་ཞིག་དགོས་པ་དང་། སྐྱབས་འགྲོ་རྣལ་མ་ཞེས་པ་ནི་ཚད་མས་དྲངས་པའི་སྐྱབས་གསུམ་གྱི་དད་པ་དང་ངེས་ཤེས་ཤིག་ལ་ཟེར། དེ་ལྟ་མ་ཡིན་ན་སྐྱབས་གསུམ་ཡང་དམ་བཅའ་ཙམ་དུ་འགྱུར་ཞིིང་། ཐོག་མར་རང་གཞན་གྱི་གྲུབ་མཐའི་གཞུང་གིས་བསྟན་པའི་སྐྱོན་ཡོན་རིག་པར་བྱ་རྒྱུ་ནི་གལ་ཆེའོ།།
རྒྱུ་མཚན་གཞན་ཞིག་ནི། ཕྱི་ནང་གཉིས་ཀྱི་གྲུབ་མཐའ་སྨྲ་བའི་དབར་དོན་གང་ཞིག་ཡང་དག་པ་ཡིན་མིན་དཔྱོད་པའི་ཚེ་ལུང་གི་སྒྲུབ་བྱེད་ལ་ནུས་པ་མེད་པས་རིགས་པ་དང་མངོན་སུམ་གྱི་མྱོང་བ་འབའ་ཞིག་རྩལ་དུ་བཏོན་ནས་གྲུབ་མཐའི་ནང་བཤད་པའི་ལྟ་བ་དང་སྒོམ་པ་སྤྱོད་པ་བཅས་གསུམ་གྱི་རྣམ་གཞག་ལ་དགག་གཞག་སྤོང་གསུམ་བྱེད་དགོས་པས། ཐོག་མར་རིགས་པའི་ལམ་ནས་ལྟ་བ་ཡང་དག་པ་དང་ཕྱིན་ཅི་ལོག་གི་འགལ་ཟླའི་རྣམ་གཞག་ལ་གོ་རྟོགས་སླེབས་དགོས་པས་ས་བཅད་དང་པོར་ཕྱི་རོལ་པའི་ལུགས་ཀྱི་གྲུབ་མཐའ་སྐོར་འདི་གསུངས་པ་རེད།
ཕྱོགས་གཞན་ཞིག་ནས་བཤད་ན་ཆོས་ལུགས་གྲུབ་མཐའ་ཁག་གིས་ནི་མིའི་བདེ་སྐྱིད་ཀྱི་གནད་དོན་དེ་ཕྱི་རོལ་ཡུལ་གྱི་དངོས་པོའི་སྟེང་དུ་གྲུབ་པའི་འགལ་ཟླའི་རྣམ་གཞག་གམ་དངོས་པོའི་དཔལ་ཡོན་གྱི་འཕེལ་འགྲིབ་འབའ་ཞིག་གི་ཐོག་ནས་མིན་པར། དེ་ལས་ལྡོག་སྟེ། མིའི་བདེ་སྐྱིད་ཀྱི་གཞི་རྩའི་རིན་ཐང་ཁྲོད་དུ་ནང་ཡུལ་ཅན་བསམ་བློའི་ནང་གི་འགལ་ཟླའི་རྣམ་གཞག་དེ་ཡང་ཤེས་པར་བྱས་ཏེ། དེའི་ཐོག་ནས་མིའི་ལུས་སེམས་ཀྱི་བདེ་སྐྱིད་སྒྲུབ་ཐབས་བྱེད་པས་ཆོས་ལུགས་གྲུབ་མཐའ་ཁག་མང་པོ་ཞིག་གིས་དང་ཐོག་ནས་ལྟ་བའི་རྣམ་གཞག་དང་གཞུང་ལུགས་གླེང་བ་ཡང་འདི་ལ་ཐུག་ཡོད།
དེ་ནས་ས་བཅད་གཉིས་པ་རང་སྡེའི་ལུགས་ཀྱི་གྲུབ་མཐའ་སྤྱིར་བསྟན་པ་དང་། ས་བཅད་གསུམ་པ་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་སྤྱིའི་ལྟ་ཚུལ། དེ་ནས་ས་བཅད་བཞི་པ་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་སོ་སོའི་འདོད་ཚུལ་བཅས་ཁྱོན་ས་བཅད་བཞིའི་ཐོག་ནས་ཆོས་ལུགས་གྲུབ་མཐའ་ཁག་གི་གཞི་རྩའི་ཤེས་ཡོན་མཛུབ་མོ་རི་སྟོན་ལྟར་གནང་འདུག དེ་དག་གི་ཁྲོད་ནས་ས་བཅད་གཉིས་པའི་ནང་དོན་ཁག་ནི་ཧ་ཅང་གལ་ཆེ་བ་དང་འདིར་གསུང་སྟངས་ཀྱང་གུང་འགྲིག་པོ་ཞིག་ཏུ་གསུངས་འདུག་སྙམ།
དཔེར་ན། སངས་རྒྱས་ཆོས་ལུགས་ཀྱི་ཐོག་མའི་ཤེས་བྱ་ཞེས་པའི་ནང་གསེས་ལ་རྒྱ་གར་དུ་སངས་རྒྱས་ཆོས་ལུགས་ཐོག་མར་དར་སྐབས་ཀྱི་སྤྱི་ཚོགས་ཀྱི་གནས་ཚུལ་དང་། བོད་ཀྱི་བླ་མའི་ཆོས་ལུགས་ཟེར་བའི་མིང་དེ་ཡང་དག་པ་ཡིན་མིན་སྐོར། ཡང་སངས་རྒྱས་ཆོས་ལུགས་ཀྱི་ནུས་པ་དང་ཁྱད་ཆོས། ཞེས་པའི་ནང་གསེས་ལ་སྒེར་སེམས་སྤོང་རྒྱུའི་སློབ་གསོ་གཏོང་བའི་རིག་པའི་གཞུང་ལུགས་ཆ་ཚང་ཞིག་ཡོད་པ། རྒྱ་ཁྱབ་ཆེ་བའི་རང་བཞིན་ལྡན་པ་ཞེས་སོགས་ཀྱི་གནད་དོན་ནི་ངས་དུང་དཀར་གྲུབ་མཐར་མཐོང་བའི་ཁྱད་ཆོས་བླ་ན་མེད་པ་དག་ཡིན།
གོང་དུ་རྩོམ་པ་པོས་ཆོས་ལུགས་སློབ་སྦྱོང་བྱེད་པ་ནི་ལོ་རྒྱུས་དང་རིག་གཞུང་ལ་ཞིབ་འཇུག་བྱ་རྒྱུའི་ཆེད་དུ་ཡིན་པར་བཞེད་པ་ལྟར། སངས་རྒྱས་ཆོས་ལུགས་ཐོག་མར་དར་སྐབས་ཀྱི་སྤྱི་ཚོགས་ཀྱི་གནས་ཚུལ་སྐོར་ལ་ཞིབ་འཇུག་གནང་བ་འདི་ནི་སངས་རྒྱས་ཆོས་ལུགས་ཀྱི་ལོ་རྒྱུས་དང་རིག་གཞུང་ལ་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཆགས་ཡོད། ད་ལྟ་འཛམ་གླིང་ཐོག་གྲུབ་པའི་མཐའ་དང་ཡོད་པ་དང་མེད་པ་ཅི་རིགས་ཀྱི་ཆོས་ལུགས་སྣ་ཚོགས་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ཆོས་ལུགས་ཀྱི་མིང་ཁ་ལ་ཁྱེར་ཏེ་དོན་མེད་ཀྱི་རྙོག་ཟིང་རྒྱུན་ཆད་མེད་པ་ཞིག་ཡོང་བཞིན་པའི་སྣང་ཚུལ་འདིའང་མིས་ཆོས་ལུགས་ཀྱི་ཐོག་མའི་བྱུང་རྐྱེན་ཅི་ཞིག་དང་། དེས་སྐབས་དེའི་སྤྱི་ཚོགས་ལ་ཕན་ནུས་ཇི་ལྟར་ཐོན་མིན་གྱི་ཐོག་ལ་སློབ་སྦྱོང་མི་བྱེད་པ་འདིས་ལན་པ་གསལ་པོ་རེད།
ཕྱོགས་གཞན་ཞིག་ནས་བཤད་ན་ཆོས་ལུགས་ནི་འགྲོ་བ་མིའི་རིགས་ལ་མ་གཏོགས་མེད་པའི་བསམ་བློའི་འདུ་ཤེས་ཤིག་ཡིན་པ་དང་། དེ་ཡང་མི་སྒེར་རང་ཉིད་ཀྱི་འཚོ་བའི་ཁྲོད་ཀྱི་བསམ་བློའི་འཐབ་རྩོད་ལས་བྱུང་བ་ཞིག་ཡིན་སྟབས། ཆོས་ལུགས་ནི་མི་སྒེར་རང་ཉིད་ཀྱི་འདམ་ཀ་ལ་དབང་བ་ལས་ཆོས་ལུགས་གཅིག་དང་བདེན་པ་གཅིག་དགོས་པའི་འདུ་ཤེས་སྐྱུག་བྲོ་བ་དག་ནི་ཡོད་པ་ལས་མེད་ན་དགའ་སྙམ།
དེ་ནས་སངས་རྒྱས་ཆོས་ལུགས་ནང་སྒེར་སེམས་སྤོང་རྒྱུའི་སློབ་གསོ་གཏོང་བའི་རིག་པའི་གཞུང་ལུགས་ཆ་ཚང་ཞིག་ཡོད་ཅེས་གསུངས། དེ་ཡང་ཇི་སྐད་དུ། རང་ཉིད་གཅེས་འཛིན་རྒུད་པ་ཀུན་གྱི་སྒོ།། ཞེས་པ་ལྟར། སྡུག་བསྔལ་གྱི་རྩ་བ་ཐུག་ས་ནི་སྒེར་སེམས་ཡིན་པའི་ངོས་འཛིན་གསལ་པོ་གནང་ཡོད། སྤྱིར་ནང་དོན་རིག་པའི་གཞུང་ལུགས་ནང་རང་གཅེས་འཛིན་དང་བདག་འཛིན་གཉིས་ལས་སྡུག་བསྔལ་འབྱུང་བའི་ཚུལ་རིགས་པའི་ལམ་ནས་གསལ་བར་གསུངས་ཡོད་ཀྱང་། འདིར་རྩོམ་པ་པོས་རང་གཅེས་འཛིན་ཞེས་པའི་བརྡ་ཆད་ཀྱི་ཚབ་ཏུ་ཡོངས་གྲགས་ཀྱི་ཐ་སྙད་སྒེར་སེམས་ཞེས་སྤྱད་པ་འདི་ཁོ་ནའི་ཐོག་ནས་ཀློག་པ་པོར་འགྲེལ་བཤད་མི་དགོས་པའི་གོ་བ་གསལ་པོ་རྙེད་ཐུབ་ཀྱི་ཡོད། གཞན་གཞུང་ལུགས་ནང་གི་བརྡ་ཆད་དེ་དམངས་ཁྲོད་ཀྱི་རྣ་བར་འཇུག་དཀའ་བར་བརྟེན་སྐབས་རེ་ཐ་སྙད་ལ་རྨོངས་པའི་ངང་ཚུལ་ཞིག་ཡོང་གི་ཡོད་པས་འདི་ལྟར་གཞུང་ལུགས་ཀྱི་བརྡ་ཆད་དེའི་གོ་དོན་ངོ་མ་དེ་ཅི་འདྲ་ཞིག་ལ་གོ་དགོས་མིན་དེ་ཁོང་ཚོའི་བློ་ཁ་དང་བསྟུན་རྒྱུ་དེ་ཡང་ཐབས་ལམ་ཡང་དག་པ་ཞིག་ལོས་ཡིན།
ད་དུང་ཡང་སངས་རྒྱས་ཆོས་ལུགས་ནང་གི་ཚན་རིག་དང་། མཚན་ཉིད་རིག་པའམ་ལྟ་གྲུབ་ཀྱི་རྣམ་གཞག་འགྲེལ་བཤད་དང་སློབ་ཁྲིད་བྱེད་སྐབས་བརྡ་ཆད་སོ་སོའི་ནང་དོན་དང་མི་འགལ་བར་དེའི་ཚབ་ཏུ་སྤྱི་ཚོགས་ནང་གྲགས་པའི་ཐ་སྙད་རྣམས་སྤྱོད་རྒྱུ་ནི་སློབ་ཁྲིད་ཀྱི་སྒྱུ་རྩལ་རང་དུ་བརྩི་ཆོག་ཅིང་། གཞུང་ཆེན་མོའི་ནང་གི་བརྡ་ཆད་རྣམས་དམངས་ཁྲོད་དུ་རྒྱ་ཁྱབ་ཀྱི་རང་བཞིན་ཞིག་མིན་པས། གཞུང་ལུགས་ཀྱི་བརྡ་ཆད་གསེད་བཀྲོལ་དང་བསྟན་དོན་རྣམས་རང་ཉིད་ཀྱི་བསམ་བློའི་ནང་བཙོ་སྦྱངས་བྱས་ཏེ་ད་གཟོད་གོ་རྟོགས་ཀྱི་རྨང་གཞི་བསྐྲུན་ནས་གཞུང་ཆེན་མོའི་སྙིང་བཅུད་བསྡུ་ལེན་བྱེད་དགོས་པ་ལས་གཞན་བརྡ་ཆད་དང་གྲུབ་མཐའི་འདོད་ཚུལ་བྱེ་བྲག་པ་ཁོ་ནའི་རྣམ་གཞག་ལ་དགག་གཞག་བྱེད་པ་འདིས་འཚོ་བ་དངོས་ཀྱི་ནང་ཕན་ནུས་འཐོན་རྒྱུ་དཀའ་བར་སྣང་ངོ་།།
དེ་ནས་སངས་རྒྱས་ཆོས་ལུགས་ཡུན་རིང་གནས་ཐུབ་པའི་སྐོར་ལ་རྩོམ་པ་པོས་གོང་གི་ཁྱད་ཆོས་དེ་དག་ལ་བརྟེན་ནས་ད་དུང་ལོ་བརྒྱ་ཕྲག་ཁ་ཤས་བར་གནས་ཐུབ་པར་གསུངས་འདུག ཁོ་བོ་ལྟར་ན་ཁྱད་ཆོས་དེ་དག་ལས་གཙོ་བོ་ནི་སྒེར་སེམས་སྤོང་ཐབས་ཀྱི་སློབ་གསོའི་ལམ་ལུགས་འཐུས་ཚང་ཞིག་ཡོད་པ་དེ་ཡིན། དེ་ཡང་སངས་རྒྱས་ཀྱི་བཀའ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དོན་ཡོངས་རྫོགས་བསྡུས་ན་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་ཞེས་པའི་དོན་ཚན་གཉིས་ཀྱི་ནང་དུ་འདུ་བ་དང་། སངས་རྒྱས་ཆོས་ལུགས་ཀྱི་ལམ་ལ་འཇུག་པའི་སྒོ་དང་པོ་ནི་རང་ཉིད་ཀྱི་བསམ་པ་སྐྱབས་འགྲོས་ཟིན་པ་དང་། སྤྱོད་པ་མི་དགེ་བ་བཅུའི་གཞན་དབང་དུ་མ་སོང་བར་བྱས་ཏེ་ཆོས་མཐུན་གྱི་མི་ཚེའི་བདེ་སྐྱིད་ཅིག་འཐོབ་ཆེད་འབད་བརྩོན་བྱེད་རྒྱུ་དེ་རེད།
དེ་ཡང་ལས་འབྲས་ཀྱི་བསམ་བློའི་རྨང་གཞིའི་འོག་ནས་ཡོང་དགོས་པ་དང་། ལས་འབྲས་ཞེས་པ་ནི་ནང་པའི་གྲུབ་མཐའ་སྨྲ་བ་བཞི་ཀ་ཐུན་མོང་གིས་འདོད་པའི་རྒྱུ་འབྲས་རྟེན་འབྱུང་གི་ཆོས་ཉིད་གཞི་ལ་བཞག་པའི་འདུ་ཤེས་འཛིན་སྟངས་ཤིག་ཡིན་པས། རྟེན་འབྱུང་གི་ལྟ་བའི་གོ་རྟོགས་ནི་ཤིན་ཏུ་གལ་ཆེ་བ་དང་། དེ་ནི་རྨོངས་དད་དང་ཡིད་ཆེས་ཙམ་གྱི་རྒྱ་ལས་ཡོངས་སུ་བརྒལ་བའི་ཤེས་བྱའི་གནས་ལུགས་ཤིག་ཆགས་ཡོད་པས་ད་ཆ་དེང་རབས་ཀྱི་ཚན་རིག་པ་གཟུར་གནས་ཚོས་ཀྱང་ནང་པའི་གཞུང་ནས་བྱུང་བའི་རྟེན་འབྱུང་གི་རྣམ་གཞག་ལ་འཐད་ལྡན་གྱི་སྡོམ་ཚིག་འགོད་པའི་དངོས་ཡོད་ཀྱི་སྣང་ཚུལ་འདིར་བལྟས་ན་སངས་རྒྱས་ཆོས་ལུགས་ཡུན་གནས་ཐུབ་རྒྱུར་རྒྱུ་མཚན་དམིགས་བསལ་ཞིག་ཚང་ཡོད།
[2]འཚེ་བ་མེད་པའི་གོ་བ་མཐར་ཐུག་ནི། གཞན་ལ་གང་ཐུབ་ཀྱིས་ཕན་འདོགས་རྒྱུ་དང་། གལ་ཏེ་དེ་ལྟར་མ་བྱུང་ན། མ་མཐར་ཡང་གཞན་ལ་གནོད་འཚེ་མི་བྱེད་པ་དེ་ཡིན་པར་བཞེད་པ་འདིར་གནད་འགག་ཆེན་པོ་ཡོད། དང་པོ། གཞན་ལ་གང་ཐུབ་ཀྱིས་ཕན་འདོགས་རྒྱུ་ཞེས་པས་ཐེག་པ་ཆེན་པོའི་བསླབ་བྱ་དང་། གཉིས་པ། གལ་ཏེ་དེ་ལྟར་མ་བྱུང་ན་མ་མཐར་ཡང་གཞན་ལ་གནོད་འཚེ་མི་བྱེད་པ་ཞེས་པས་ཐེག་པ་ཐུན་མོང་བའི་བསླབ་བྱའི་ནང་དོན་ཆ་ཚང་བར་བྱས་ཡོད། འདིའི་ཐད་རྩོམ་པ་པོས་ཀྱང་འདི་འདྲ་ཞིག་གསུངས་འདུག
[3]སངས་རྒྱས་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་སྙིང་པོ་དེ་གཞན་ལ་གནོད་པ་མི་བྱེད་པར་མ་ཟད་གཞན་ལ་ཕན་ཐོགས་བྱ་དགོས་པ་དེ་རེད། མི་དགེ་བའི་ཆོས་ཟེར་བ་ནི་གཞན་ལ་གནོད་པ་བྱེད་པ་དེ་ཡིན་པ་དང་། དགེ་བའི་ཆོས་ནི་གཞན་ལ་ཕན་ཐོགས་བྱེད་རྒྱུ་དེ་ཡིན་པས་གནོད་མི་བྱེད་པ་ཙམ་གྱིས་མི་འགྲིག་པར་གཞན་ལ་ཕན་ཐོགས་བྱེད་དགོས་པ་སྟེ་ཐེག་པ་ཆེ་ཆུང་གི་ཆོས་ཟེར་བ་ཡང་དེ་ཡིན། གཙོ་བོ་ནི་སངས་རྒྱས་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་ནང་སྤྱི་ཚོགས་ལ་ཕན་ཐོགས་ཡོད་པ་མང་པོ་ཞིག་ཡོད་པ་དེ་ཡིན། སངས་རྒྱས་ཆོས་ལུགས་ལ་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོང་ཐུབ་པ་དེའང་རྩ་བ་དེ་ལ་ཐུག་ཡོད། ཅེས་གསུངས།
(3) སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་སྤྱིའི་ལྟ་ཚུལ་གྱི་རིན་ཐང་།
གསུང་རྩོམ་འདིའི་ནང་གི་ས་བཅད་གསུམ་པ་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་སྤྱིའི་ལྟ་ཚུལ་ཞེས་པ་འདི་ནི་ནང་དོན་རིག་པའི་གཞུང་ལུགས་ལ་ཐོས་བསམ་བྱས་མ་བྱས་ཀུན་གྱིས་གོ་ཐུབ་པའི་གནད་དོན་ཤ་སྟག་ཡིན་པས་འདི་དག་གི་གོ་དོན་འགྲེལ་བཤད་མཛད་སྐབས་རྩོམ་པ་པོས་དོན་དངོས་ཀྱི་འཚོ་བ་དང་། དམངས་ཁྲོད་ཀྱི་གནས་བབ་ལ་གཟིགས་ནས་ཁ་གསལ་གོ་བདེའི་ལམ་ནས་ནང་པའི་ལྟ་ཚུལ་ཀྱི་སྒྲོམ་གཞི་ཞིག་བསླངས་ཡོད། དེ་ལའང་ཐེག་པ་ཆེ་ཆུང་གཉིས་ཐུན་མོང་གི་ལྟ་ཚུལ་ཞིག་དང་། ཐེག་པ་ཆེན་པོའི་ལམ་ལ་སློབ་ཚུལ་གྱི་ས་བཅད་གཉིས་གསུངས་འདུག
ངས་འདི་ལྟར་བརྗོད་དགོས་དོན་ནི་ས་བཅད་བཞི་པ་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་སོ་སོའི་འདོད་ཚུལ་ཞེས་པ་འདི་ནི་ཚད་མ་རིག་པའི་གཞུང་གིས་བསྟན་པའི་རིགས་ལམ་གྱི་འགྲོས་མི་ཤེས་མཁན་ཞིག་ལ་གོ་དཀའ་བ་དང་སྐབས་རེ་འབྲེལ་བ་མེད་པའི་སྣང་ཚུལ་ཡང་བྱུང་ནས། གཞུང་ལུགས་ལ་སྦྱངས་བརྩོན་བྱེད་རྒྱུར་སྒྱིད་ལུག་པའི་ངང་ཚུལ་ཡང་སླེབས་སྲིད་པས་དུང་དཀར་གྲུབ་མཐར་སློབ་སྦྱོང་བྱེད་དུས་ས་བཅད་གསུམ་པ་འདིར་དོ་སྣང་དམིགས་བསལ་བྱེད་རྒྱུར་དགེ་མཚན་ཧ་ཅང་ཆེ་བར་མཐོང་།
ས་བཅད་གསུམ་པ་འདིའི་ནང་དུ་འགོ་བཤེས་གཉེན་བསྟེན་ཚུལ་ནས་མཇུག་མི་སློབ་པའི་ཟུང་འཇུག་བར་གྱི་རྣམ་གཞག་རྣམས་གྲུབ་མཐའ་སྨྲ་བ་བཞི་པོ་གང་གིའང་ཐུན་མོང་མ་ཡིན་པའི་ལུགས་སུ་མ་བྱས་པར་སྤྱི་ལྡོག་ནས་གསུངས་པ་འདིར་ལས་དང་པོ་བ་ཚོ་སངས་རྒྱས་ཀྱི་གཞུང་ལུགས་ལ་ཐོས་བསམ་བྱེད་རྒྱུར་སྟབས་བདེ་ཞིག་བསྐྲུན་པ་ལོས་ཡིན། དཔེར་ན། བཤེས་གཉེན་བསྟེན་ཚུལ་གྱི་སྐབས་དེར་འདི་འདྲ་ཞིག་གསུངས་འདུག བཤེས་གཉེན་བསྟེན་ཚུལ་ཟེར་བ་དེ་དགེ་རྒན་བསྟེན་སྟངས་དང་། དགེ་རྒན་གང་འདྲ་ཞིག་བསྟེན་དགོས་མིན། དགེ་རྒན་ལ་བརྩི་བཀུར་ཇི་འདྲ་བྱེད་དགོས་མིན་སོགས་ཀྱི་སྐོར་ཡིན་པས་ཆོས་བྱེད་མཁན་དང་མི་བྱེད་མཁན་གཉིས་ཀར་དགོས་མཁོ་ཡོད་པ་ཞིག་ཡིན། ཞེས་སོགས་ཁ་གསལ་གོ་བདེའི་ཐོག་ནས་གསུངས་པས་ཉན་པ་པོར་བཤེས་གཉེན་བསྟེན་ཚུལ་གྱི་སྐོར་ལ་སློབ་སྦྱོང་བྱེད་རྒྱུའི་འདུན་པ་དབང་མེད་དུ་སྐྱེ་རུ་འཇུག་ཐུབ་པ་ལྟ་བུ་རེད།
སྟབས་བདེ་པོའི་ཐོག་ནས་བཤད་ན། གསུང་རྩོམ་འདིར་བྱིས་པ་རྣམས་ལ་ཆེད་དུ་བཤད་རྒྱུའི་བསྟན་པ་དང་། རྣལ་འབྱོར་པར་བཤད་རྒྱུའི་གྲུབ་མཐའ་སྟེ་དོན་ཚན་གཉིས་འདུག་པས། དེ་ཡང་གོང་དུ་བཤད་པའི་ས་བཅད་གསུམ་པས་བསྟན་པ་དང་། ས་བཅད་བཞི་པ་འདིས་གྲུབ་མཐའ་འཆད་པར་འདུག་པས་སོམས་ཤིག ནང་པའི་གྲུབ་མཐའ་སྨྲ་བ་ཡིན་མིན་དེ་ཆོས་ཀྱི་སྡོམ་བཞི་འམ་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་དང་མི་ལེན་ལ་ཐུག་པ་དང་། དེ་བཞི་པོ་ནི་ནང་པའི་གྲུབ་མཐའ་སྨྲ་བ་ཐུན་མོང་གིས་འདོད་དགོས་རྒྱུའི་རྣམ་གཞག་ཅིག་ཡིན་ལ་གསུང་རྩོམ་འདི་ལ་བལྟ་ཀློག་བྱེད་མཁན་ཚོས་འོག་ཏུ་བསྟན་པའི་གྲུབ་མཐའ་སོ་སོའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ལ་གོ་བ་ལེགས་པོ་ཞིག་མ་ཆགས་ནའང་། ཕྱག་རྒྱ་བཞིའི་ཐོག་ནས་སངས་རྒྱས་ཀྱི་བསྟན་པ་སྤྱི་མཚན་ལ་གོ་བ་ཞིག་སླེབས་ཐབས་བྱ་རྒྱུ་ནི་གནད་ཀྱི་དམ་པར་མཐོང་།
འོ་ན། གྲུབ་མཐའི་ཁྱད་པར་དེ་གཙོ་བོ་གང་གི་ཐོག་ནས་ཡོང་ངམ་ཞེ་ན། དེ་ནི་གཙོ་བོ་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཞེས་བདག་མེད་ཕྲ་རགས་འཇོག་ཚུལ་གྱི་སྒོ་ནས་ཡིན་པས་དེ་མ་ཤེས་པའི་སྔོན་དུ་གྲུབ་མཐའ་སྨྲ་བ་ཐུན་མོང་གིས་འདོད་པའི་ལྟ་ཚུལ་དང་བསླབ་བྱ་རྣམས་ལ་ངེས་ཤེས་རགས་ཙམ་རྙེད་ཐབས་བྱེད་རྒྱུ་ནི་ཆོས་ལ་འཇུག་པའི་ལམ་མ་ནོར་བ་ཞིག་ཏུ་སེམས། ང་ཚོས་གྲུབ་མཐའི་སྐོར་ཞིབ་ཕྲ་མ་ཤེས་པའི་སྔོན་དུ་ཨང་དང་པོར་སངས་རྒྱས་ཀྱི་བསྟན་པ་ཞེས་པ་ཇི་འདྲ་ཞིག་ལ་ཟེར་མིན་དེ་ངེས་དགོས་རྒྱུ་གལ་ཆེ་སྙམ།
དེ་ཡང་སློབ་དཔོན་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།། ལུང་དང་རྟོགས་པའི་བདག་ཉིད་དོ།། ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་བསྟན་པ་ཞེས་པ་ནི་ལུང་རྗོད་བྱེད་སྡེ་སྣོད་གསུམ་དང་། རྟོགས་པའི་བསྟན་པ་བསླབ་པ་གསུམ་ལས་གཞན་མེད་ཅེས་བསྟན་པའི་ངོས་འཛིན་གསལ་བར་མཛད་ཡོད། མཚམས་འདིར་རྗོད་བྱེད་སྡེ་སྣོད་གསུམ་དང་། བརྗོད་བྱ་བསླབ་པ་གསུམ་དབར་གྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་དང་། གོ་རིམ་སོགས་ལ་སློབ་སྦྱོང་ནན་ཏན་བྱས་ཏེ་རང་ཉིད་ཀྱི་བསམ་བློའི་ནང་སངས་རྒྱས་པའི་ཆོས་ཚུལ་གྱི་སྒྲོམ་གཞི་ཞིག་ཆགས་ཐུབ་པ་དགོས་རྒྱུ་གལ་ཆེ།
དེ་ལྟ་ན་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས་[4]བཤེས་པའི་སྤྲིངས་ཡིག་ཏུ། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི།། གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ།། གང་གིས་འདི་ནི་ཡང་དག་མཐོང་བ་དེས།། སངས་རྒྱས་དེ་ཉིད་རིག་པས་རྣམ་མཆོག་མཐོང་།། ཞེས་གསུངས་པ་ལྟར་སངས་རྒྱས་ཀྱིས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་ཇི་ལྟ་བུ་ཞིག་བསྩལ་ཡོད་ཀྱང་རྟེན་འབྲེལ་གྱི་རྣམ་གཞག་དང་མ་འབྲེལ་བའམ་དེ་ལས་མ་བརྩམས་པ་ཞིག་གཏན་ནས་མེད་པ་དང་། རྟེན་འབྲེལ་གྱི་རྣམ་གཞག་ལ་གོ་རྟོགས་ཤིག་མ་སླེབས་ན་སངས་རྒྱས་ཀྱི་ཆོས་ཚུལ་ལ་ཞུགས་ནས་ཉམས་རྟོགས་སྐྱེ་རྒྱུ་ལྟ་ཅི་ཚིག་སྤྱིའི་གོ་བ་ཙམ་ཡང་རྙེད་དཀའ་བས་ཐོག་མ་ཉིད་ནས་རྟེན་འབྲེལ་གྱི་རྣམ་གཞག་འབད་རྒྱུ་ནི་གནད་ཀྱི་དམ་པ་ཡིན་པ་དང་། ནང་པའི་ལྟ་བ་རྟེན་འབྱུང་ཡིན་པར་བཞེད་པའི་གནད་འགག་ཀྱང་འདི་ལ་ཐུག་པར་ཤིན་ཏུ་གསལ་ལོ།།
[1] རྗེ་བློ་བཟང་གྲགས་པ། སྔགས་རིམ་ཆེན་མོ། ཤོག ༦ The Corporate Body of the Buddha Educational Foundation ,Taiwan
[2]༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ། <<ཆོས་ཀྱི་བདུད་རྩི།>> ཤོག ༡༦ རིགས་སློབ་ལྷག་བརྩེགས་རྩོམ་སྒྲིག་ཚོགས་ཆུང་།
[3] དུང་དཀར་བློ་བཟང་འཕྲིན་ལས། <<གྲུབ་མཐའི་རྣམ་བཤད།>> ཤོག ༣༨༨ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་།
[4] མགོན་པོ་ཀླུ་སྒྲུབ། བཤེས་པའི་སྤྲིངས་ཡིག ཤོག ༡༥༠ ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་།
མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ནས་སྐུ་གཤེགས་ནས།
ནས་ལས་འབྱུང་ཁུང་དངོས་དང་འཕྲད་།
དུང་དཀར་ལགས་ལ་ཡང་གྲུབ་མཐའ་ཞིག་ཡོད་ན། གྲུབ་མཐའ་ལྔ་པ་ཞིག་ཏུ་གྱུར་པར་ཐལ་པས། སངས་རྒྱས་པ་ལ་བཞི་པ་དང་། །ལྔ་པ་ཐུབ་པའི་དགོངས་པ་མིན། །གསུངས་པ་དང་འགལ་ལོ།།
སྡུད་ལ་ནས་སྒྲ་ཁོ་ན་འཇུག།
འོ་ན།
ལྕང་སྐྱ་གྲུབ་མཐའ་མེད་པར་ཐལ། མཚུངས་པའི་ཕྱིར།
ལྕང་སྐྱ་གྲུབ་མཐའ་མེད་པར་ཐལ། མེད་པར་འདོད། ལྕང་སྐྱས་སྔར་ཡོད་གྲུབ་མཐའ་གོང་འོག་བསྒྲིགས་པ་ལས། ཁོང་གིས་གསར་གཏོད་བྱས་པའི་གྲུབ་མཐའ་ནི། རུལ་སྦལ་གྱི་སྤུ་ལས་བཟོས་པའི་གོས་དར་དེ་རི་བོང་གི་ར་རྩེར་འཕྱར་བ་དང་མཚུངས་སོ།།
འོ་ན།
སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གྲུབ་མཐའ་ཡང་མེད་པར་ཐལ།
སངས་རྒྱས་ཀྱིས་གསུངས་ཟིན་པ་ལས་གསར་གཏོད་མིན་པའི་ཕྱིར།
ལེགས་ལྡན་འབྱེད་ཀྱི་གྲུབ་མཐའ་ཟུར་དུ་མེད། གལ་སྲིད་ཡོད་པའི་དབང་དུ་བཏང་ན་ཡང་། དབུ་མ་པའི་གྲུབ་མཐའི་ཁོངས་སུ་བསྡུས་དགོས་པས། ངའི་ཁས་ལེན་ལ་གནོད་པ་མེད་དོ།།
༼“བསྟན་རྩིས་ཀུན་ལས་བཏུས་པ་”དང་ “ལོ་ཚིགས་དྭངས་ཤེལ་མེ་ལོང་”གཉིས་བསྡུར་པའི་དཔྱད་ཞིབ་ཐོར་བུ་ཞིག༽ཞེས་པ་ཞིག་དྲ་ཐག་ http://www.tsanpo.com/forum/21992.html འདི་ན་འདུག དེ་བཀླགས་ནས་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གནང་སྟངས་ཡག་པོ་མི་འདུག་སྙམ་བྱུང་། རྗེས་དྲན་ཞུ་དུས་འདི་ཚོའང་ང་ཚོས་དྲན་དགོས་པ་ཞིག་རེད།
http://www.tsanpo.com/forum/21992.html
ལྟ་ངེས་ཡིན།
དུང་ཟླ་དཀར་པོ་ཤར་དུས་།
འུག་པའི་འུག་སྒྲ་གོ་བྱུང་།
དུང་དཀར་དགུང་ལ་བཤེགས་རྗེས་།
ཟུར་ཟའི་ཚིག་སྙོགས་འཐོན་བྱུང་།
ཞིབ་གསལ་མི་འདུག