བསམ་གླིང་ཚེ་རིང་ལྷ་མོ།
སབ་སིབ་རབ་རིབ་ཁྲོད་ནས།།
བཅོ་ལྔའི་ཟླ་བ་ཤར་བྱུང་།།
ཡུན་རིང་སྤྲིན་གྱིས་སྒྲིབ་ཀྱང་།།
ད་གཟོད་མཇལ་བས་དགའ་བྱུང་།།
ཡུན་རིང་ཆུ་འཛིན་གར་མས།།
དུང་ཟླའི་ཞལ་མཇལ་མ་སྟེར།།
ད་ཆ་ནམ་མཁའི་གླང་པོ།།
ལྷུན་པོའིི་མགུལ་ལ་འཁྱུད་འདུག །།
འོད་དཀར་འཛུམ་པའི་ཞལ་རས།།
བར་སྣང་མཐོངས་ནས་སྣང་ཡང་།།
མུན་པ་ནག་པོའི་ཡོལ་བ།།
ས་གཞིའི་སྟེང་ལ་སེལ་སོང་།།
རི་བོང་མཚན་མའི་ཞལ་རས།།
ནག་ནོག་སྤྲིན་ལས་ཐོན་སོང་།།
ཆུ་སྲིན་འབྱུང་གནས་དགའ་ནས།།
རྦ་རླབས་འོད་དཀར་འཕྱུར་སོང་།།
གཉིས་སྐྱེས་འཛུམ་པ་ཙམ་གྱིས།།
གླིང་གཞི་གསལ་གྱི་ཡོད་ན།།
ཀུ་མུད་སྤྲོ་བའི་ཞལ་ཁ།།
མ་ཕྱེ་རང་ཕྱེ་རེད་འདུག །
ཁམས་གསུམ་སྲིད་པའི་མཛེས་པ།།
མ་ལུས་གཅིག་ཏུ་སྤུངས་ཀྱང་།།
དུང་ཟླ་འཛུམ་པའི་མཛེས་པ།།
འགྲན་དུ་བཟོད་པ་ཨེ་ཡོད།།
ཡིད་འོང་ཆུ་གཏེར་འཕེལ་ཏེ།།
དགུང་སྔོན་དབྱིངས་ནས་འཛུམ་བྱུང་།།
རྒྱུ་སྐར་མེ་ཏོག་ཕྲེང་མཛེས།།
དགོད་འཛུམ་ཤིག་གེར་བཞུགས་འདུག །
ཨིན་ཌ་ནཱི་ལའི་ཁ་དོག །
ཨ་སྔོན་གནམ་གྱིས་བརྐུས་ཏེ།།
དཀར་གསལ་བདུད་རྩི་འཕེལ་བ།།
རྒྱན་དུ་ངོམ་ངོམ་བྱེད་ཀྱིས།།
ཉ་ལྕིབས་ཁ་ལས་ཐོན་འདྲའི།།
སྤྲིན་གྱི་སེང་རས་བར་ནས།།
མཛེས་ལྡན་མུ་ཏིག་འོད་དཀར།།
ཨ་སྔོན་དབྱིངས་ནས་འཚེར་སོང་།།
རྒྱུ་སྐར་རྒྱལ་པོ་ཁྱེད་ཉིད།།
ཨ་སྔོན་གནམ་གྱི་རྒྱན་རེད།།
མཐའ་ཡས་ཆུ་གཏེར་རླབས་སྒྲ།
ཁྱེད་ཀྱིས་དཀྲོལ་བའི་རོལ་མོ།།
ཨ་ཅག་ལགས་་་་ཁྱེད་ལ་བསྒྲིབས་ཞེས་པའི་སྔོན་འཇུག་དང་ཡང་འཇུག་ཡོད་ས་ཞིག་ཡོད་ན་ཅི་མ་རུང་་་་ནམ་རྒྱུན་འདི་མི་འདུག་པས་སྐྱོ་བྱུང་་་་་་ད་དུང་བྱིས་པ་ཆུང་ཆུང་ཞིག་རེད་ཡ་་་་ཧཧཧ
ནམ་མཁའི་ཟླ་བ་ཤར་ནས།
ས་གཞིའི་མུན་པ་སེལ་ཀྱང་།
བུ་མོ་ཁྱེད་ཀྱི་སེམས་པ།
ད་དུང་སྐྱོ་བས་མནར་འདུག།
ཡིད་འོང་བསམ་གླིང་ལྷ་མོ།
ཐུགས་སེམས་སྐྱོ་བ་མ་གནང་།
དཀར་གསལ་ཟླ་འོད་འོག་ཏུ།
མཇལ་བའི་དུས་ཤིག་ལོས་ཡོད།
བསམ་གླིང་ལྷ་མོའི་ཞལ་རས།
དྲི་མེད་ཟླ་འོད་ཁྱབ་པའི།
སྤྲིན་དཀར་བང་རིམ་ཁྲོད་ནས།
མཇལ་རྒྱུ་བྱུང་ན་བསམ་སོང་།
སྤྲིན་པ་ཁ་སེར་གཏིང་ནག་རྔམས་ཁ་མཐུགས།།
དུང་ཟླ་ཕྱི་དཀར་ནང་གཙང་འཛུམ་ཁ་རྒོད།།
རླུང་གི་བུ་ཡུག་ཕར་ཚུར་གཡུག་ཕྱོགས་ཀྱིས།།
བསིལ་བའི་ཟེར་མ་ལན་རེ་མཇལ་བ་འདྲ།།
སྙན་ངག་མཁའ་ལམ་ཡངས་པོའི་ཕ་མཐའ་ན།།
ཞེན་པ་དུང་ལས་དཀར་བའི་ཟླ་བ་ཞིག།
ཚིག་གི་བསིལ་ཟེར་འོད་སྣང་སྤྲོ་བཞིན་དུ།།
ཤེས་བྱའི་མཁའ་ལ་རྩེན་པ་འདི་ཅི་ཞིག།
བསམ་ཞིང་བསམ་ན་བསམ་གླིང་མིན་པ་འདྲ།།
བལྟས་གིན་བལྟས་གིན་ནམ་མཁའི་ལྷ་མོ་འདྲ།།
ཚིག་ལ་འཁྲིལ་བའི་བདུད་རྩིའི་གཙང་མ་ཆབ།།
བདག་གི་ཕྱོགས་སུ་ཡང་ཡང་འཐོར་བ་འདྲ།།
དངོས་གནས་རྩོམ་སྙན་པོ་འདུག
བལྟས་ཀྱང་བལྟས་པས་མཛེས་ལ་སོང་། །གློག་ཀྱང་གློག་པས་སྙན་ལ་སོང་།
སྙན་ངག་མཁན་གྱིས་སྡེབ་སྦྱོར་འདི། །ཡིད་འཕྲོག་ངག་ལས་ཁྱོད་རང་སྙན།
དུང་གི་ཟླ་བ་མཇལ་བ།།
དུང་སེམས་ཡོད་པའི་རྟགས་རེད།།
དུང་དཀར་གཡས་འཁྱིལ་ནང་ནས།།
དུང་སེམས་དབྱངས་སུ་ལེན་འདྲ།།
ཟླ་བར་ལྟད་མོ་བལྟ་བ།།
ཟླ་བོ་མེད་པའི་རྟགས་སམ།།
ཟླ་བའི་འོད་ཟེར་ནང་ནས།།
ཟླ་བོའི་བརྩེ་སེམས་རྙེད་འདྲ།།
ངའི་ཟླ་དཀར།
ཟླ་དཀར་ལྟ་འདོད་ཆེ་ཡང་། །
སྤྲིན་ནག་ཁོ་ཡིས་སྒྲིབ་བགྱིད། །
ཚེས་པ་བཅོ་ལྔའི་ཟླ་དཀར། །
ཞལ་རས་ག་དུས་སྟོན་གེ །
མ་ངོ་ཕོད་མེད་པའི་བསམ་གླིང་མ།།
ཟླ་ཤར་ཤར་དུས་ལ་ངུ་འི་འདུག།
རོགས་མེད་པར་སྐྱོ་བ་ལང་གི་འདུག།
དོན་མེད་པར་ཉི་ཚེ་རློག་གི་འདུག།
ཨ་ལ་ཚང་མ་རྩེད་མོ་ཡིན།
གཉིས་སྐྱེས་འཛུམ་པ་ཙམ་གྱིས།།
གླིང་བཞི་གསལ་གྱི་ཡོད་ན།།
བྱམས་པའི་ཞལ་མཇལ་མེད་ཀྱང༌།།
ཡིད་ཀྱི་མུན་པ་གསལ་ཡོང༌།།
རྒྱུ་དཀར་རྒྱལ་པོའི་མཛེས་སྡུག།
སྙན་ངག་མཁན་གྱི་རྒྱན་རེད།།
མཁའ་ལམ་གཟའ་སྐར་མང་ཡང༌།།
སྨིན་དྲུག་གཉིས་པ་ཨེ་ཡོད།།
སྲོད་རབ་རིབ་ཀྱི་དུས་སུ། །
ཚེས་བཅོ་ལྔ་ཡི་ཟླ་དཀར། །
དེ་ལྟ་རུ་ཕྱིན་ན་ཡང་། །
སྤྲིན་ལང་ལོང་གིས་བསྒྲིབས་ཀྱང། །
ང་ཟླ་དཀར་གྱི་གཉེན་ཟླ། །
ང་ཀུ་མུ་དའི་མེ་ཏོག །
ང་མཚན་མོ་ཡི་རྒྱལ་མོ། །
ང་ས་མོས་དང་མཇལ་བྱུང་། །
ཁ་སྐད་དུ།
ཟླ་དཀར་འཛུམ་པ་ཙམ་གྱིས། །
གོ་ལ་གསལ་བགྱིད་ཡོད་ན། །
ལྷ་མོས་བྲིས་པ་ཙམ་གྱིས། །
མོ་ཡི་འདོད་པ་ཤེས་བྱུང་། །
ཟླ་དཀར་དཀར་པོའི་མཛེས་སྡུག །
སྙན་དངགས་མཁན་གྱིས་ལྟ་ས། །
ནམ་མཁར་སྐར་མ་མང་ཡང༌། །
སྐར་ཆེན་ང་རང་ཙམ་མོ། །
བཅོ་ལྔའི་ཟླ་དཀར་འོག་ཏུ། །
ང་གཉིས་འཕྲད་དང་མ་འཕྲད། །
གསང་དང་མ་གསང་མི་འདུག །
ལྟས་ངན་འུག་པས་མཐོང་འདུག །
གཉིས་སྐྱེས་འཛུམ་པས་ཡིད་མུན་གསལ་ན་ཡང་།།
སྨྲིན་དྲུག་གཉིས་བ་མཁའ་ན་མེད་ན་ཡང་།།
ཤོག་བུ་དཀར་པོར་སྨྱུ་གུ་གཉང་ན་ཡང་།།
དོན་དམ་པར་མོ་རང་ཁེར་འདུག་རེད།
ཨ་ལ་འདི་ཡང་རྩེད་མོ་ཡིན།
ཆུ་ཐིགས་སྔོན་པོ་ལགས་ཀྱིས་གསུངས་པ་དེ་རང་རེད། བསྒྲིགས་ཀྱི་སྔོན་འཇུག་དང་ཡང་འཇུག་རྐུན་པོས་འཁྱེར་བདེན་པ་རེད། ལྷག་པར་དུ་ཤེས་བྱའི་མཁའ་ལམ་དེ་ཡངས་དྲགས་ནས། བདག་གི་ཤེས་ཚད་དེ་ད་དུང་ཡང་བྱིས་པ་ལྟར་འཁྱར་འཁྱོར་ངང་འགྲོ་བཞིན་ཡོད། གཞན་དྲ་གྲོགས་ལྷན་རྒྱས་ཀྱིས་ལྷག་བསམ་རྣམ་པར་དཀར་བའི་སྙན་ཚིག་ལེགས་སྐྱེས་གནང་བར་ཧ་ཅང་དགའ་པོ་བྱུང་། ད་གནམ་ལགས་དེ་སྨྱུག་མིང་གིས་ངོ་གདོང་བཀབ་ནས་་་་་་་་་་་་ང་ལ་རྟག་པར་་་་་་་་ཁོང་རང་གི་ཅི་ཞིག་ངས་འཕྲོག་པ་ཡིན་ནམ་ང་ལའང་གསལ་ཁ་མི་འདུག། གནམ་ལགས། གལ་ཏེ་ངས་ཅི་ཞིག་ནོར་སོང་ན་དགོངས་པ་མ་འཚོམས་ཨ།
རིགས་ཞེན་སྙིང་ལ་འཁྱིལ་བའི་ལྷ་བཟང་མཆོག།
ལོ་རྒྱུས་སྨྲ་མཁས་འཇམ་དབྱངས་ནོར་བུ་དང།།
བདེན་དོན་གསོན་པོར་སྒྲོགས་པའི་ཀླུ་མཁར་བྱམས།།
གངས་ཅན་གཞོན་ནུའུ་ཁྱུ་མཆོག་ཚེ་དབང་རིག།།
རྒྱལ་དོན་སྲོག་ལས་གཅེས་མཁན་བསྟན་བརྩོན་འགྲུས།།
གངས་ལྗོངས་མགོ་བོ་མགྱོགས་པའི་སྒལ་ཚིགས་ཡིན།།
གངས་རིའི་ལས་དོན་གླེང་བའི་སྨྲ་ལྕེ་ཡིན།།
གངས་ལྗོངས་རྩོད་ལེན་བྱེད་པའི་དེད་དཔོན་ཡིན།།
གངས་དགྲ་རྒྱ་མགོ་རྡུང་བའི་ཐོ་བ་ཡིན།།
གངས་དཀར་ཨ་མར་དུང་བའི་གཅེས་ཕྲུག་ཡིན།།
གངས་ཅན་པ་ཡི་རེ་བའི་མིག་ཟུང་ཡིན།།
གོང་གི་སྙན་དངགས་འདི་དག །
བསམ་གླིང་ཚེ་ལྷའི་ཞལ་ནས། །
དུང་ཟླའི་འོད་ཀྱི་ཀློང་དུ། །
ཉན་རྒྱུ་འབྱུང་ན་བསམ་བྱུང་། །
སྙན་དངགས་གྱེར་བར་མཁས་པའི། །
བསམ་གླིང་ཚེ་རིང་ལྷ་མོ། །
གཡུ་འབྲུག་དཀར་པོ་ང་ཡི། །
རྣ་རྒྱན་ཡིན་ན་བསམ་བྱུང་། །
སྐྱེས་མའི་སྙན་ངག་མེ་ཏོག་ཁ་འབུས་འདྲ།།
སད་དང་སེར་བས་བཅོམ་ན་སྐྱོ་བ་ལ།།
ཚེ་རིང་ལྷ་མོའི་སྙན་ངག་གཙང་པོ་འདྲ།།
ཡན་ལག་བརྒྱད་ལྡན་བཞུར་ནས་རྫོགས་མཐའ་མེད།།
སྙན་ངག་མཛེས་པའི་ཞལ་ནས།
འགྱུར་ཁུག་སྙན་དབྱངས་ཐོས་སྐབས།
བུ་ཆུང་ང་ཡི་སེམས་པ།
དབང་མེད་ཁྱོད་ལ་ཤོར་སོང་།
ནམ་མཁའི་ཟླ་བ་དཀར་པོ།
ལག་ཏུ་ལོན་རེ་བྲལ་ཡང་།
ཁྱེད་ཀྱི་དཀར་གསལ་བཞིན་རས།
མཇལ་བའི་དུས་ཤིག་ལོས་ཡོང་།
སྙན་ངག་མཛེས་མའི་ཞལ་ནས།
འགྱུར་ཁུག་སྙན་དབྱངས་ཐོས་སྐབས།
བུ་ཆུང་ང་ཡི་སེམས་པ།
དབང་མེད་ཁྱོད་ལ་ཤོར་སོང་།
ནམ་མཁའི་ཟླ་བ་དཀར་པོ།
ལག་ཏུ་ལོན་རེ་བྲལ་ཡང་།
ཁྱེད་ཀྱི་དཀར་གསལ་བཞིན་རས།
མཇལ་བའི་དུས་ཤིག་ལོས་ཡོང་།
ཨ་ཅེ་བསམ་གླིང་མ་ལགས།
ཁྱོ་དགེ་རྒན་ཞིག་ཡིན་རྒྱུ་ན།།
ང་ཁྱོའི་སློབ་ཕྲུག་ཞིག་ཡིན།
ཁྱོ་སྙན་ངག་པ་ཞིག་ཡིན་རྒྱུ་ན།
ང་ཁྱོའི་སྙན་ངག་ཀློག་འདོན་པ་ཞིག་ཡིན།
ཁྱོ་དགའ་མ་ཞིག་བྱེད་ཐུབ་རྒྱུ་ན།
ང་ནི་ཁྱོ་ལ་དུང་ཞིང་བརྩེ་བའི་ཕོ་གསར་ཡ་རབས་ཞིག་ཡིན།
སྐབས་རེར་ཀུ་རེ་དང་།
ལེན་རེར་ཟུར་ཟ།
དེ་ལས་ཀྱང་མི་འོས་བ་ནི་ཁྱོད་ཀྱི་སྙན་སྙན་ངག་ངག་ལ་མཆན་བུ་རེ་བཏབ་ཁུལ་བྱས་ཡིན།
ངའི་ཁ་ཚོད་ཡོད་ནང་ནས་ཚིག་ཚོད་མེད་འདྲ་ཤོར་སོང་ན།
ཡུམ་དུམ་པའི་བཤགས་པ་བྱས་ཡིན།
དོན་སྐར་གང་མེད་པར་འཁོན་ཚེ་གང་བཞག་ཡོད་ན།
ཉམ་ཆུང་ང་ལ་ཡང་སྐྱར་གོ་སྐབས་མཐའ་མའི་འོ་ཞིག་སྟེར་རོགས།
མྱི་ཚེ་ཐུང་ཐུང་འདིར།
ཁྱེད་ཀྱི་སྙན་ངག་གི་དུག་ཁ་སྟེ། ངོན་བརྗོད་མང་པོ་མེད་ན། ཉུང་ཙམ་ཉུང་ཙམ་འབྱངས་འདོད་ཡོད།
བརྗིད་ཆགས་ཡིད་འོང་རི་བོ་ངོས།
རླུང་གི་བུ་མོར་ཆགས་སེམས་འཁྲིད།
སེམས་ཀྱི་ངལ་གསོ་དགའ་བདེ་དེས།
སྐྱེས་བུ་སྣང་བ་དེ་དང་འགྲོགས།
དགོངས་མོ་སྲོད་རུབ་དུས་སུ། །
བཅོ་ལྔའི་ཟླ་དཀར་ཤར་བྱུང་། །
ཉི་མ་ཉེར་དགུའི་བར་དུ། །
བསྒུགས་ནས་སླར་ཡང་མཇལ་བྱུང་། །
སྤྲིན་མེད་ཟླ་དཀར།
སྤྲིན་མེད་གཡའ་དག་ནམ་མཁར། །
བཅོ་ལྔའི་ཟླ་དཀར་ཚེས་བྱུང་། །
ཟླ་དཀྱིལ་ཚེས་སྟངས་བལྟས་ན། །
མོ་ཡི་ཟླ་ཞལ་མཇལ་ངེས། །
བཅོ་ལྔའི་ཟླ་དཀར།
མོ་ཡི་བཅོ་ལྔའི་ཟླ་དཀར། །
བཅུ་དྲུག་ཉེར་དགུ་ཕར་བསྐྱལ། །
གཅིག་ནས་བཅུ་བཞིའི་ཚུར་བསྐྱལ། །
ད་གཟོད་གཞི་ནས་མཇལ་བྱུང་། །
ཟླ་དཀར་དཀར་པ་ཟླ་སྟོད། །
ཕ་མ་འཛོམས་པ་ཚེ་སྟོད། །
ཁྱེད་རང་མཐོང་བ་ཚེ་སྟོད། །
ཁྱེད་རང་མཇལ་བ་ཚེ་སྨད། །