ཚུལ་ཁྲིམས་ཟླ་བ།
རི་སྐྱེས་སྤང་རྒྱན་གྱི་མེ་ཏོག།
དཔྱིད་ཀའི་རྩྭ་ཐང་ལ་བཞད་དུས།།
འདབ་དྲུག་བུང་བ་ཡི་གླུ་སྒྲ།།
འདབ་མའི་བར་གསེང་ན་སིམ་སོང་།།
གྲུ་བཞི་རྩེད་ར་ཡི་ནང་དུ།།
རྡོ་ཡིས་ཁྱིམ་ཆས་ཤིག་བསྒྲིགས་ཏེ།།
ལོ་ཆུང་བྱིས་པ་ཡི་སྐད་ཀྱིས།།
ཅ་ཅོ་གླེང་བ་དེ་སྐྱིད་པ།།
ཨ་ཕའི་སྙིང་ཁོང་གི་ཚིལ་ལུ།།
ཨ་མའི་བྱང་ཁོག་གི་ཤ་རྡོག།
སྙིང་སྡུག་སྒྲོལ་མ་དང་ཟླ་བ།།
སྙིང་མཐུན་མེ་ཏོག་དང་བུང་བ།།
ཁྱེད་རང་ཆུ་ནང་གི་ཉ་མོ།།
ང་རང་གངས་རི་ཡི་བཞུར་རྒྱུན།།
ཡིད་མཐུན་གངས་ཆུ་དང་ཉ་མོ།།
མདའ་ཡི་མཚོ་ནང་དུ་འཛོམས་སོང་།།
རླུང་ལ་ཟིན་ཐབས་ཤིག་མེད་པས།།
ཡོད་ཚད་ལྷབ་ལྷུབ་ཏུ་བསྐྱོད་འགྲོ།།
དུང་སེམས་དྲི་མེད་ཀྱི་དར་ཁ།།
དམ་བཅའི་གསེས་མཁར་ལ་བཏགས་འགྲོ།།
པདྨའི་མཛེས་སྡུག་གི་ཆེད་དུ།།
ཉི་མ་ནམ་མཁའ་ནས་ཤར་ཡང་།།
བར་ཆད་བྱང་བགྲོད་ཀྱི་སྤྲིན་ནག།
འགོག་པའི་ཐབས་ཤེས་ཤིག་དཀའ་སོང་།།
མ་སྐྱེས་མེ་ཏོག་གི་འཛུམས་ཀོང་།།
སྙིང་གི་སྐྱེད་ཚལ་དུ་བཞད་དུས།།
ཅི་བྱ་གཏོལ་མེད་ཀྱི་བརྩེ་དུང་།།
སྙིང་གི་འཕར་སྒྲ་དང་བསྡོངས་སོང་།།
སླད་མེད་དམར་ཆུང་གི་ནང་དུ།།
ཡལ་མེད་ཁྱེད་ཉིད་རང་དྲན་པས།།
དྲན་སེམས་གསེར་མདོག་གི་ཨ་ལོང་།།
ཁྱེད་ཉིད་ཁོ་ན་ལ་གུག་སོང་།།
ཁྱེད་ནི་མཚོ་འགྲམ་གྱི་མེ་ཏོག།
ང་ནི་མཚོ་ཁ་ཡི་ངང་པ།།
མེ་ཏོག་སད་སེར་ལ་མ་འཇིགས།།
ངང་པས་གཤོག་ཟུང་གིས་གཡོག་ཆོག།
མི་ཚེ་དལ་མེད་ཀྱི་དུས་ཚིགས།།
མི་ནི་རྒྱང་བཞུད་ཀྱི་མགྲོན་པོ།།
སེམས་མཐུན་ལག་རྡང་ཞིག་སྦྲེལ་ན།།
འགྲོས་ཀྱི་ངལ་དུབ་ཀྱང་ཞི་འགྲོ།།
གསང་བ་སྙིང་ཁོངས་སུ་སྦས་ནས།།
གསང་རྟགས་ཟུར་མིག་ནས་ཐོན་དུས།།
དགའ་བདེའི་སྙིང་ཁམས་ཀྱང་འཕགས་ཏེ།།
སྙིང་ཁ་ཚ་དྲོད་ཀྱིས་ཁྱབ་སོང་།།
མགོ་རས་ཟིང་སྐྱ་ཡི་སྣེ་མོས།།
གདོང་གི་ཕྱེད་ཀ་དེ་གཡོགས་ཤིང་།།
མིག་གིས་ཧྲིག་ཧྲིག་དུ་བལྟ་དུས།།
སེམས་པ་ཕྱེད་ཀ་དེ་ཁྱེར་སོང་།།
ཁྱེད་རང་མདང་སྐྱེས་ཀྱི་མེ་ཏོག།
འདམ་གྱི་དྲི་མ་ཡིས་མ་གོས།།
ང་རང་ད་བབ་ཀྱི་ཆར་པ།།
རྙོག་མའི་རྫིང་བུ་དང་མ་འཕྲད།།
ལྷ་མོར་གསོལ་འདེབས་ཤིག་མི་བྱེད།།
མཛེས་འཛུམ་ཨེ་མཐོང་ཡང་མི་ལྟ།།
ཀླུ་མོར་ཡིད་སྨོན་དེ་མི་བྱེད།།
ནོར་བུ་ཨེ་རག་ཀྱང་མི་ལྟ།།
སྙིང་གི་བཟོ་ལྟ་ལྟར་བྱས་པའི།།
དབྱིབས་ལེགས་དངུལ་དཀར་གྱི་མཛུབ་དཀྲིས།།
ཚེ་གཅིག་སྲིན་ལག་གི་འཕྲད་ལ།།
བཏགས་པའི་ཁ་ཆད་དེ་མ་བརྗེད།།
དྲོད་འཇམ་ལག་པ་ཡིས་ལག་པར།།
ཤུགས་ཀྱིས་བཙིར་རེས་དེ་བྱེད་དུས།།
བརྩེ་བའི་དགོད་སྒྲ་དང་ལྷན་དུ།།
ཁ་ནས་ཨ་ར་ཡང་ཤོར་འགྲོ།།
བདེ་སྐྱིད་རྩ་བ་དེ་བརྩེ་དུང་།།
སྡུག་བསྔལ་གཞི་མ་ཡང་བརྩེ་དུང་།།
བརྩེ་དུང་ཤེལ་དཀར་གྱི་སྒོ་ང་།།
བརྡབ་ན་གས་ཀ་ཞིག་ཤོར་འགྲོ།།
སིལ་སིལ་ཆར་པ་དེ་ང་རེད།།
ཆར་ནང་འཇའ་རིས་དེ་ཁྱེད་རེད།།
ཆར་དང་འཇའ་རིས་ཀྱི་འབྲེལ་ཐག།
ལས་དབང་ཉི་མ་ཡི་བཀའ་རེད།།
དགོང་ཁའི་ཉི་མ་ཡི་གྲིབ་སོ།།
ལུང་ཁའི་ཆུ་གཞུང་ལ་ཕོག་དུས།།
ཆུ་ལེན་བུ་མོ་ཚོའི་ཁྲོད་དུ།།
མིག་གིས་འཚོལ་གཤེར་ཞིག་དགོས་སོང་།།
སྔོ་ལྗང་ནེའུ་གསེང་གི་གཞི་ལ།།
འདྲ་མིན་མེ་ཏོག་དེ་མང་ཡང་།།
འདབ་ཡངས་བུང་བ་ཡི་མིག་ནང་།།
སེར་ཆེན་མེ་ཏོག་ལས་མི་འདུག།
ཞི་བདེ་རྒྱ་མཚོ་ཡི་ནང་དུ།།
གསེར་གྱི་ཨ་ལོང་ཞིག་གཡུག་ཡོད།།
གསེར་འདོད་ཀླུ་མོ་འདྲ་ཡོད་ན།།
ཨ་ལོང་ཁྱེད་རང་ལ་སྟེར་ཆོག།
མི་མང་སྐར་ཚོགས་ཀྱི་ཁྲོད་ན།།
སྔོན་མེད་དུང་ཆུང་གི་ཟླ་བ།།
སྙིང་གི་མཁའ་དབྱིངས་སུ་ཤར་དུས།།
དུང་སེམས་ཀུ་མུད་དེ་བཞད་སོང་།།
དབྱར་སྟོད་ཁུ་བྱུག་གི་སྐད་ངག།
བུ་མོའི་སྐྱོ་གྲོགས་ཤིག་ཡིན་སྐད།།
ཁྱེད་རང་སྐྱོ་སྐྱོ་དེ་མ་གནང་།།
ཚེ་གཅིག་ཀེ་ཀོ་ངས་ལབ་ཆོག།
དུང་སེམས་མཚོ་ནང་གི་ནོར་བུ།།
བླངས་ན་རིན་བྲལ་གྱི་དངོས་པོ།།
མ་བླངས་མཚོ་ནང་དུ་ལུས་ན།།
ཁོག་སྐམ་མཚོ་གཏིང་གི་རྡོ་རེད།།
གཡུ་འབྲུག་རྒྱང་གྲགས་དེ་ཆེ་སོང་།།
རྨ་བྱ་སྒེགས་ཉམས་ཡང་རྒོད་སོང་།།
གཡུ་འབྲུག་ཨ་སྔོན་ནས་གྲགས་དུས།།
རྨ་བྱའི་ཡིད་སེམས་ཡང་དགའ་རོགས།།
ཆུ་ཁའི་བྱེ་ཐང་གི་སྟེང་དུ།།
རྐང་རྗེས་མཉམ་འཇོག་དེ་བྱེད་དུས།།
མཛའ་བརྩེའི་མུ་ཏིག་གི་རྡོག་པོ།།
དུང་སེམས་སྲེད་བུ་ལ་རྒྱུས་འགྲོ།།
དྲན་སེམས་གཟུགས་མེད་ཀྱི་མེ་ལོང་།།
ཁྱེད་ཞལ་མེ་ཏོག་གི་ལང་ཚོ།།
མེ་ཏོག་མེ་ལོང་དང་འཕྲད་དུས།།
མཛེས་པའི་གཟུགས་རིས་དེ་ཤར་སོང་།།
ཁ་བའི་འདབ་ལོ་དེ་བབ་དུས།།
ཁྱེད་རང་སེམས་ཁོང་ནས་དྲན་སོང་།།
ཁ་བྱིའུ་ཅ་ཅོ་དེ་སྒྲོག་དུས།།
སྙིང་གཏམ་བཤད་པ་ཡང་དྲན་སོང་།།
བཅོ་ལྔའི་དུང་ཟླ་དེ་ཤར་དུས།།
མཛེས་པའི་འཛུམ་ཞལ་དེ་དྲན་སོང་།།
བསིལ་རླུང་གདོང་སྟེང་དུ་ཕོག་དུས།།
ལྷོད་ཀྱིས་འཐམ་པ་ཡང་དྲན་སོང་།།
ནགས་ནང་ཁུ་བྱུག་གི་བུ་མོ།།
ཁྱེད་ལ་སེམས་པ་འདྲ་ཡོད་ན།།
སྙན་མོའི་ཀེ་ཀོ་དེ་མ་ལབ།།
ཁོ་བོའི་སྙིང་སྡུག་དེ་དྲན་འོང་།།
དུང་སེམས་ཁ་དར་གྱི་ངོས་ལ།།
བཀྲ་ཤིས་རྟགས་བརྒྱད་དེ་ཚང་ཡོད།།
སླད་མེད་འཛུམ་མདངས་ཀྱིས་ཕྱུག་པའི།།
འགུལ་དུ་དཀོན་སྙིང་རང་འདོད་པ།།
བརྩེ་བ་གཏིང་ཟབ་ཀྱི་རྒྱ་མཚོ།།
དུང་བ་ཚད་མེད་ཀྱི་འབབ་ཆུ།།
བརྩེ་དུང་ལྷན་གཅིག་ཏུ་འཚོགས་ན།།
བདེ་སྐྱིད་མཚོ་མོ་དེ་འཁྱིལ་ཡོང་།།
སྙིང་གཏམ་བྲག་སྟེང་གི་ཡི་གེ།
ང་ཡི་སྙིང་ཁོང་ན་བརྐོས་ཡོད།།
དམ་བཅའ་རྡོ་རྗེ་ཡི་མདུད་རྒྱས།།
སེམས་དང་སེམས་པ་གཉིས་བསྡམས་ཡོད།།
ཕར་ལ་ཉིན་དྲན་དང་མཚན་དྲན།།
ཚུར་ལ་དྲན་གྱི་རང་ཨེ་འདུག།
ཕར་ལ་ཉིན་བསམ་དང་མཚན་བསམ།།
ཚུར་ལ་བསམ་གྱི་རང་ཨེ་འདུག།
སྔོ་ལྗང་ན་གཞུང་དུ་འཚོ་བའི།།
སྲབ་མེད་ཁ་དཀར་གྱི་རྐྱང་ཆུང་།།
ང་ཡི་སྙིང་ཁོང་དུ་རྒྱུ་བའི།།
དུང་སེམས་དམར་པོ་འདི་ཡིན་སོང་།།
ང་སེམས་ཁྱེད་རང་ལ་མ་གཏམ།།
ཁྱེད་སེམས་ང་ལ་ཡང་མ་བཅོལ།།
ཕར་དགའ་ཚུར་དུང་གི་ཚུལ་འདི།།
ཡ་གི་གནམ་རྒན་མའི་བཀའ་རེད།།
སྣུམ་མདོག་ནགས་ཚལ་གྱི་ཁྲོད་ནས།།
ལྷུང་ལྷུང་དལ་བབ་ཀྱི་ཆུ་བོ།།
སྙིང་སྡུག་པདྨ་ཡི་དྲུང་དུ།།
སྙིང་གི་ཞུ་ཆད་འདི་ཁྱེར་རོགས།།
2013.2.10.ཉིན་གྲོགས་པོ་ཞིག་གིས་འདི་འདྲ་ཞིག་འབྲི་རོགས་ཞེས་སྐུལ་བར་བརྟེན་རྡོར་གདན་དུ་བྲིས།