བདེ་ཆེན་སྒྲོལ་མ།
དེང་རབས་ཚན་རྩལ་གསར་བའི་འཇིག་རྟེན་ནས།།
སྣ་ཚོགས་ཤེས་བྱའི་ཀློང་བརྒྱ་བརྡོལ་བའི་དུས།།
བག་རྙིང་དགྲ་རུ་མཐོང་བའི་འདུ་ཤེས་ཤིག།
མ་སྦྱངས་ན་ཡང་ལྷན་སྐྱེས་གཤིས་སུ་གྲུབ།།
ཉི་འོད་རང་གིས་སྒྲིབ་པའི་ཁུགས་སོ་ནས།།
དཔོན་པོའི་རང་དོན་ཁོ་ནར་བརྩོན་པའི་དུས།།
རིགས་དོན་རླུང་ལ་བསྐྱོན་པའི་རྨི་ལམ་ཞིག།
ཉིན་མཚན་མེད་པར་ཡིད་ལ་ངང་གིས་འཇགས།།
ཟླ་བ་གཟའ་ཡིས་བཟུང་བའི་གནམ་འོག་ནས།།
ཕུ་ནུའི་སྲོག་གིས་རིགས་དོན་སྲུང་བའི་དུས།།
རང་དོན་ཁོ་ནར་བརྩོན་པའི་བཙན་བྱོལ་བ།།
མི་རིགས་སྲོག་རྩ་གཅོད་པའི་སྟ་རེ་ཉིད།།
འགོང་བོའི་མགོ་འཕང་མཐོ་བའི་རི་སྐེད་ནས།།
དྲང་བའི་ལམ་ཕྲན་ཁྲག་གིས་གཤེར་བ་དང་།།
ཁྱི་དང་ཕག་གི་བསྟན་པ་དར་བ་འདི།།
མི་རིགས་འཆི་བའི་དཔང་རྟགས་ངོ་མ་ཡིན།།
མིང་བྱང་རྫིག་པོས་གཞན་མགོ་བསྐོར་བ་དང་།།
ཞེ་ས་སྙན་མོས་ལྕེབས་ཐག་བསྐོན་པའི་དུས།།
རང་དོན་རང་གིས་བརླགས་པའི་གསལ་བརྡ་རུ།།
མུན་པའི་ཡོལ་རས་བཀོག་པའི་ཀི་ཞིག་འདེབས།།
ཕྱག་རྡང་དམ་དུ་སྦྲེལ་བའི་དྲ་བར་ནས།།
དགོངས་གཞི་སྲོག་གིས་སྲུང་བའི་སྐྱེ་བོ་ལ།།
ལྟ་ལོག་སྨྱོན་པའི་ཞྭ་མོ་གཡོག་བྱས་ཏེ།།
མུན་པའི་མཚོ་ལ་གཡུག་པ་རང་གི་གྱོང་།།
རང་བཙན་གཙང་མའི་མགོ་བོ་སྨད་ལ་དཔྱངས།།
ཆོས་སྲིད་ཟུང་འབྲེལ་མེ་ལྕེ་དྲག་ཏུ་འབར།།
གཉིད་མ་སད་ཀྱིས་མིག་ཟུང་རྒྱང་ལ་ཅེར།།
མུན་པའི་མཐའ་མཚམས་ད་དུང་མཐོང་རེ་དཀོན།།
རྒྱལ་བའི་བཀའ་ལ་ཉེ་རིང་མེད་ན་ཡང་།།
འཁོར་གྱི་བློན་པོའི་མིག་རྒྱང་ཐུང་དྲགས་པས།།
ཕྱི་གསལ་ནང་གསལ་མིན་པའི་སྐད་ཆ་འགའ།།
དགོང་ཁའི་རི་གྲོང་དེ་ན་རྟག་ཏུ་གླེང་།།
ལྡོམ་པོས་ལྡོམ་པོ་བཙོང་བའི་ཁྲོམ་ར་ནས།།
རིགས་ཞེན་བདེན་པའི་གླུ་ཞིག་བླངས་ན་ཡང་།།
མཐོ་དམན་ཀུན་གྱིས་གདོང་འབག་གྱོན་པ་ཡིས།།
བདེན་པའི་གླུ་དེ་མུན་པའི་ཁྲོད་དུ་ཡལ།།
ཀུན་གྱི་བློ་ཁ་གཡོ་དང་ཁྲམ་ལ་ཕྱོགས།།
བདེན་པའི་ལམ་ཆེན་སྨག་གིས་སྒྲིབ་ན་ཡང་།།
ངོ་སོ་བསྟོད་པའི་སྙན་ངག་འབྲི་མི་ཤེས།།
སྐུ་ངོ་དགའ་བའི་གླུ་ཡང་ལེན་མི་ཤེས།།
༧གོང་ས་རྒྱལ་བ་ངེད་ཀྱི་སྐྱབས་མགོན་ཡིན།།
རིགས་ཀྱི་བདེ་དོན་ང་ཡི་འདུན་མ་ཡིན།།
དུག་ནག་ངན་པའི་རྐྱེན་དང་མ་འཕྲད་ན།།
གནམ་ས་བླ་འོག་བརྗེ་བའི་ཇུས་ཤིག་ཡོད།།
ཕུགས་འདུན་འཚོལ་བའི་ཕུ་ཐག་རིང་དྲགས་ནས།།
མི་ཐུང་གོམ་པས་འབྱོར་དུ་མེད་ན་ཡང་།།
སྲིན་བྱ་འུག་པའི་གྲོགས་དང་བསྡེབས་པ་ཡི།།
མུན་པའི་ལམ་དུ་མི་ཞུགས་དམ་བཅའ་ཡོད།།
ཤེས་འཇོན་མེད་པ་ཕག་གི་ཀླད་པ་ཅན།
མཐོ་བའི་ཁྲི་ལ་རྔམ་གྱིས་འགྱིང་བའི་དུས།།
རྩམ་གཟན་བོད་ལ་རེ་བ་མེད་པའི་གཏམ།།
གཞན་ལ་སྒྲོགས་པའི་འདུན་པ་བདག་ལ་མེད།།
ཡར་ལ་བལྟས་ན་ཨ་སྔོན་སྟོང་བ་ཞིག།
མར་ལ་བལྟས་ན་ལུང་སྟོང་སྐམ་པོ་ཞིག།
འཁྱམ་པོའི་འཚོ་བར་ཁ་དོག་མེད་ན་ཡང་།།
བདེན་པ་རྩོད་པའི་སེམས་པ་ལྷད་མེད་ཡིན།།
བདེ་ཆེན་སྒྲོལ་མའི་སྙན་ངག་བདེ་མོ་རེད།།
བདེ་ཆེན་སྒྲོལ་མའི་སྙིང་སྟོབས་ཞུམ་མེད་རེད།།
ཚིག་གི་སྣེ་མོ་རྣོ་བ་མདུང་རྩེ་རེད།།
སུ་ལ་ཕོག་ན་དམར་པོ་ཁྲག་ཁུ་རེད།།
བདེ་ཆེན་སྒྲོལ་མ་བྲག་གི་ཁ་ན་མེད།།
བདེ་ཆེན་སྒྲོལ་མ་མུན་པའི་ཀློང་ན་མེད།།
བདེ་ཆེན་སྒྲོལ་མ་བཙན་པོའི་རི་ལ་གནས།།
བདེ་ཆེན་སྒྲོལ་མ་དཔྱོད་ཤེས་ཐང་ན་རྒྱུག །
བདེ་ཆེན་སྒྲོལ་མའི་གླུ་འདི་རི་གླུ་མིན།།
འདོད་གཏམ་དུངས་པ་བརྗོད་པའི་བརྩེ་གླུ་མིན།།
བདེ་ཆེན་སྒྲོལ་མའི་གླུ་འདི་རྒྱལ་གླུ་ཡིན།།
མི་མང་ལངས་ཤོག་འབོད་པའི་དུང་སྒྲ་ཡིན།།
འཆི་བ་མི་རྟག་བསྒོམས་དགོས་ཀྱང་།
དུར་ཁྲོད་ཚིག་ལ་དགའ་བ་དཀོན། །
ལ་རྒྱ་བརྗེད་ན་མི་གཤིས་ངན། །
སྐྱོན་དང་གྲགས་པ་མི་གཤིས་གཉིས། །
འོད་ཀྱི་སྣང་བ་ཡལ་བའི་གནམ་འོག་ན།།
འུག་པ་ཇག་ལ་ཆས་པའི་ལམ་ཁ་ན།།
གཤོག་ལྡན་ཤིང་ལོའི་འོག་གི་གནས་མལ་ལ།།
ཆགས་འཇིག་ལན་མང་བྱུང་བ་ལྟས་ངན་མིན།།
འོད་ཀྱི་སྣང་བ་ཡལ་བའི་གནམ་འོག་ན།།
འུག་པ་ཇག་ལ་ཆས་པའི་ལམ་ཁ་ནས།།
གཤོག་ལྡན་ཤིང་ལོའི་འོག་གི་གནས་མལ་ལ།།
ཆགས་འཇིག་ལན་མང་བྱུང་བ་ལྟས་ངན་མིན།།
བདེ་ཆེན་སྒྲོལ་མར་བདེ་བའི་ཚིག་འདི་འབུལ། །བདེ་བ་འདོད་ན་བདེན་གཏམ་ཉུང་དུ་ཐོངས། །བོད་ཀྱི་རིགས་འདིས་བདེན་གཏམ་དགྲ་རུ་འཛིན། །བདེ་མོའི་ཚིག་ལ་ཡང་ཡང་གོམས་པར་གྱིས། །
རྐུབ་སྟེགས་མཐོ་པོ་འདུག་ནོ་སྐུ་ངོ་རེད།།
མི་རིགས་ལ་རྒྱ་གླེང་ནོ་མི་དམངས་རེད།།
དངུལ་ལོ་དོན་མེད་ལེན་ནོ་ཚོགས་པ་རེད།།
རང་ལུས་མེ་ལ་སྒྲོན་ནོ་གྲ་བ་རེད།།
དབུ་མའི་ལམ་གྱི་རླུང་རྟ་དར་ས་ནས། །
དབུ་མའི་ལམ་གྱི་ཁ་གཡང་སྒྲོག་ས་ནས། །
དབུ་མའི་ལམ་མིན་རང་བཙན་རྩོད་མཁན་རྣམས། །
དབུ་མའི་ལམ་གྱི་དགྲ་བོ་དྭངས་མར་གྱུར། །
ངེད་ཀྱི་རྩོམ་འདི་གངས་སེང་མེད་སྨྲ་ཚོར་ཕུལ་བ་ཡིན་པས་དགྱེས་དགུར་བཞེས་རོགས།
གངས་སེང་མེད་པར་ལྟ་བའི་དགེ་ཆོས་དང།།
གངས་སེང་ཡོད་པར་ལྟ་བའི་དགེ་བཤེས་གཉིས།།
གཅིག་ཤོས་བདེན་ན་གཅིག་ཤོས་རྫུན་མཐོང་བའི།།
དེང་གི་ཚད་གྲུབ་འཇོག་ལ་བློ་མ་བདེ།།
གྲང་ངར་ཆེ་བའི་བྱང་སྣེའི་དོམ་དཀར་དང།།
གངས་སེང་དཀར་མོ་གཡུ་རལ་གསིག་པ་གཉིས།།
ཡོད་མེད་ཁྱད་པར་འབྱེད་པའི་འཇིག་རྟེན་འདིར།།
ཕྱོགས་རེའི་ཚད་གྲུབ་འཇོག་ལ་བློ་མ་བདེ།།
ད་དུང་གངས་ཀྱི་གླང་ཆེན་ཡོད་པ་ལ།།
འུག་པ་རྒན་པོས་མིག་གིས་མ་མཐོང་ནས།།
ཡུལ་གྱི་གཙོ་བོ་གངས་རི་ཡིན་པ་ལ།།
ནགས་སེང་ཚད་གྲུབ་འཇོག་ལ་བློ་མ་བདེ།།
ལོ་ངོ་ས་ཡ་གོང་གི་གཏུམ་འབྲུག་དང།།
བ་སྤུ་རིང་པོ་ཡོད་པའི་གླང་ཆེན་སོགས།།
སྲོག་ཆགས་རིག་པའི་རྗེས་སུ་འབྲང་འབྲང་ནས།།
རྒུད་པའི་རྩ་བ་གངས་སེང་མེད་པར་བརྙེད།།