སངས་རྒྱས་ཚེ་གྲུབ།
མི་ཚང་མ་འགྲོ་སའི་གནས་མལ་ཞིག ཁང་པ་ཞིག་ཡིན་ན།
ཚང་མ་འཛོམས་ས་དེ་འདི་ཡིན། དུར་ཁྲོད་ནི་གནས་མལ་ཞིག
གཅེར་བུར་འོང་བའི་ང་ཚོ། གནས་དེར་སླེབས་དུས་སླར་ཡང་གཅེར་བུ་ཡིན།
དུས་ཚོད་འཁོར་མགྱོགས་པ་ལ། གནས་མལ་དེར་འགྲོ་མཁན་མང་བ་ལ།
གནས་མལ་འདི། བཞུད་སྟངས་འདི། ཡིད་འོང་ཞིག་མིན་ནའང་།
གང་ལྟར། གནས་མལ་འདི་ང་ཚོ་འཛོམས་ས་ཡིན།
མཐོ་བ་ཁྲི་ཐོག་གི་བླ་མ། དམའ་བ་སྒོ་འགྲམ་གྱི་སྤྲང་པོ།
ཚང་མ་འཛོམས་ས་དེ་འདི་ཡིན། དུར་ཁྲོད་ནི་གནས་མལ་ཞིག
འདུས་པའི་མཐར་འབྲལ་གཉེན་གྱི་གཤིས། །
བསགས་པའི་མཐར་འཛད་ནོར་གྱི་གཤིས། །
མཐོ་བའི་མཐར་དམའ་དབང་གི་གཤིས། །
སྐྱེས་པའི་མཐར་འཆི་མི་ཚེའི་གཤིས། །
སྐྱེ་བ་འདི་ཉིད་འཆི་བའི་རྒྱུ། །
གཞོན་ལུས་འདི་ཉིད་རྒ་བའི་རྒྱུ། །
རང་ལུས་འདི་ཉིད་ན་བའི་རྒྱུ། །
རྒྱུ་འབྲས་ཤེས་ནས་སྙིང་པོ་ལོངས། །
དེ་ཕྱིར་སྙིང་པོའི་དམ་ཆོས་བྱེད། ཆོས་མཐར་རུ་ཕྱིན་ན་ཕོ་རབ་ཟེར།
རང་ལུས་དུར་ཁྲོད་མ་འཁྱེར་གོང་། །
འཆི་བ་མི་རྟག་ཡང་ཡང་སྒོམས། །
དུར་ཁྲོད་གང་མང་ཡང་ཡང་འགྲིམས། །
རྣལ་འབྱོར་སྒོམ་བཞིན་དུར་ཁྲོད་རྒྱུགས། །
ང་འཆི་བའི་འཇིགས་ནས་རི་ལ་བྲོས།
ནམ་འཆི་ཆ་མེད་སྒོམ་སྒོམ་ནས།
ང་འཆི་མེད་སྙུགས་མའི་བཙན་ས་ཟིན།
ད་འཆི་བའི་འཇིགས་དེ་བོར་ནས་ཐལ།
རྗེ་མི་ལས་སོ།