པར་བ། གཡུ་ལོ། རྩོམ། རས་པ།
གྲོགས་པོ་ཡེ་ཤེས་གྲགས་པ་ལགས་ཉེ་ཆར་དུར་ལམ་སྤུ་རྒྱལ་བང་སོར་བལྟ་སྐོར་དུ་ཕྱིན་ནས་པར་བསྐྱོན་པ་ཁག་གཅིག་གུས་པོར་ལྟད་མོར་གནང་བ་དང་། དེ་འབྲེལ་ལབ་གླེང་ཉུང་ཙམ་རྗེས་བང་སོ་དེ་དག་ལ་དངོས་སུ་བལྟ་འདོད་ཀྱི་འདུན་པ་གློ་བུར་བ་ཞིག་སླེབས།
དུར་ལམ་སྤུ་རྒྱལ་བང་སོ་ཞེས་པ་འདི་ནི་བོད་མདོ་སྨད་མཚོ་སྔོན་པོའི་ནུབ་ཕྱོགས་དུར་ལམ་རྫོང་དུ་ཡོད་ཅིང་།དུར་ལམ་ཞེས་པའི་ས་མིང་འདི་ལ་གཏེར་ལམ་དང་ཏུའུ་ལན་སོགས་འབོད་མིང་མ་འདྲ་བ་ཁག་གཅིག་ཡོད་འདུག དེ་ལས་ཏུའུ་ལན་ཞེས་པ་འདི་ནི་སོག་སྐད་ཡིན་པ་དང་། བོད་སྐད་དུ་ཚ་བ་ཆེ་བའི་ཁུལ་གྱི་གོ་དོན་ཡོད་པར་བཤད་ཀྱང་། ཉམས་ཞིབ་པ་ཁག་གཅིག་གིས་དུར་ལམ་ཞེས་པ་ཕར་སོག་སྐད་དུ་ཟུར་ཆགས་ཏེ་ཏུའུ་ལན་དུ་བརྗོད་པར་བཤད། དེང་གི་སྐབས་སུ་ཁུལ་དེར་གཏེར་ལམ་རྫོང་(都兰县)ཞེས་ཡུལ་ཚོ་(乡)དང་གྲོང་བརྡལ་(镇)དགུ་ཡིས་གྲུབ་ཡོད།
ས་ཁུལ་འདིར་བཙན་པོའི་སྐབས་ཀྱི་བང་སོ་ཆེ་ཆུང་ཧ་ཅང་མང་ཞིང་། དེ་སྔ་ཡུལ་མི་རྣམས་ཀྱིས་བང་སོ་འདི་དག་ལ་ “བདུད་ཁུང་”ཞེས་འབོད་ཀྱི་ཡོད་པར་བཤད་ལ། བང་སོ་ཁ་ཤས་ལ་གེ་སར་སྒྲུང་དང་སྦྱར་བའི་ངོས་འཛིན་བྱས་པའི་བཤད་རྒྱུན་ཡང་ཡོད་འདུག བང་སོར་ངོས་རྙེད་བྱུང་རྗེས་འ་ཞ་རིགས་(吐谷浑 Tǔ yù hún)ཀྱི་བང་སོ་ཡིན་པར་བརྗོད་པ་དང་། ཕྱིས་སུ་བང་སོ་ལས་བོད་ཡིག་དང་བོད་ཆས་སོགས་མང་དུ་རྙེད་པ་དང་། ཞིབ་འཇུག་པ་མང་པོས་ཉམས་ཞིབ་བྱས་པ་བརྒྱུད་བོད་བཙན་པོའི་སྐབས་ཀྱི་བང་སོ་ཡིན་པར་ངོས་འཛིན་བྱས།
སྐབས་དེར་ནག་ཚོང་རྒྱག་མཁན་གྱིས་ལྐོག་ནས་དུར་སྔོག་སྟེ་གནའ་རྫས་མང་པོ་ནུབ་ཕྱོགས་དང་ཡུ་རོབ་ལ་འཚོང་བསྒྱུར་བྱས་ཡོད་པ་དང་། ལྐོག་ནས་དུར་སྔོག་མཁན་ལ་ས་གནས་ཡུལ་མི་རྣམས་ཀྱིས་ “དུར་ཇག”ཅེས་འབོད་ཀྱི་ཡོད་འདུག དེང་གི་སྐབས་སུ་བང་སོ་རྣམས་ལ་ཇག་བཅོམ་ལྟ་བུས་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་པ་དང་། ལྷག་འཕྲོ་ལས་ཆེས་རྩ་ཆེན་ནི་བང་སོ་ཆེ་བ་གཅིག་ནས་རྙེད་པའི་གསེར་གྱི་ཁྱུང་ཆུང་ཆུང་གཅིག་ཡོད་པ་དེར་བརྩི་བཞིན་ཡོད་འདུག དེ་ལས་གཞན་བང་སོ་ཡོད་སའི་ས་ཁུལ་དུ་བྲག་བསྐོས་རི་མོ་སོགས་ཧ་ཅང་མང་པོ་ཡོད་འདུག་པ་དང་། དུར་ལམ་བང་སོ་དང་། བང་སོ་ལས་ཐོན་པའི་ཤིང་ཁྲམ་སོགས་ལ་ཞིབ་འཇུག་བྱས་པའི་རྩོམ་ཡིག་ཀྱང་མང་ཙམ་ཐོན་བཞིན་ཡོད་པ་རེད།
༢༠༡༦།༧།༡༣སྔ་དྲོ།
དུར་ལམ་སྤུ་རྒྱལ་བང་སོ།
དུར་ལམ་སྤུ་རྒྱལ་བང་སོ།
དུར་ལམ་སྤུ་རྒྱལ་བང་སོ།
དུར་ལམ་སྤུ་རྒྱལ་བང་སོ།
དུར་ལམ་སྤུ་རྒྱལ་བང་སོ།
དུར་ལམ་སྤུ་རྒྱལ་བང་སོ།
དུར་ལམ་སྤུ་རྒྱལ་བང་སོ།
དུར་ལམ་སྤུ་རྒྱལ་བང་སོ།
དུར་ལམ་སྤུ་རྒྱལ་བང་སོ།
ཐུགས་རྗེ་ཆེ། སྔོན་ཆད་དགེ་རྒན་ཡུལ་ལྷ་ཐར་གྱིས་འདིའི་སྐོར་གྱི་གསུང་བཤད་ཅིག་གནང་བར་དྲན་གསོས་སོང་། བང་སོ་འདི་ལས་ད་དུང་བཙན་པོའི་སྐབས་ཀྱི་གོས་རྙིང་བ་དང་ཁྲམ་ཤིང་སོགས་ཡོད་པར་བཤད་ལ། ཁྱད་པར་དུ་ཁྲམ་ཤིང་གི་སྟེང་ན་ལོ་རྒྱུས་ཀྱི་རྒྱུ་ཆ་གལ་ཆེན་སྐོར་ཞིག་ཡོད་པ་ཡང་མཁས་བ་ཚོས་གླེང་། ཁྲམ་ཤིང་གཅིག་གི་སྟེང་ན་ཤེའུ་ཚང་གིས་རག་དུང་གཅིག་ཅེས་བ་ཞིག་བཀོད་ཡོད་པ་ད་དུང་དྲན་གི་འདུག ཤེའུ་ཚང་ནི་སྐབས་དེར་མདོ་སྨད་དང་དབུས་ཕྱོགས་གང་སར་ཡོད་པའི་རུས་བརྒྱུད་ཚོ་ཁག་གལ་ཆེན་ཞིག་ཡིན་ཞིང་། དེ་དག་གི་ནང་དུ་ལོ་ཙཱ་བ་ཡང་མི་ཉུང་བ་ཞིག་བྱུང་བ་ལོ་རྒྱུས་ཁག་ལས་གསལ། ལར་ནས་ད་སྐབས་མདོ་སྨད་ཀླུ་ཆུའི་བྱང་རྒྱུད་དུ་གནས་བའི་ཤིས་་ཚང་བ་ཞེས་བའི་མི་སྡེ་སྐོར་ཞིག་ཡོད་དེ་དག་གནའ་དུས་བཙན་པོའི་སྐབས་ཀྱི་ཤེའུ་ཚང་ཞེས་བའི་རུས་བརྒྱུད་ཚོགས་པ་དེ་དག་གི་བརྒྱུད་པ་ཡིན་ཚུལ་བཤད་ཀྱང་། གདོན་མི་ཟ་བར་དེ་ལྟར་ཡིན་པ་འདྲ་སྟེ། ཏུའུ་ལན་བཙན་པོའི་བང་སོ་ལས་ཀྱང་ཤེའུ་ཚང་ཞེས་འབྱུང་བ་འདིས་ཀྱང་གསལ་བཤད་བྱས་འདུག་པར་སྣང་ངོ་།
བྱུང་རབས་ཀྱི་ཤུལ་བཞག་གི་པར་འགའ་མཐོང་ཐོས་སུ་བཞག་པ་བཀའ་དྲིན་ཆེ།