ཆང་སྐྱེས།
དུས་ཀྱི་བུ་མོ་འཛུམ་པའི་ཆོ་འཕྲུལ་གྱིས།།
མི་སེམས་རློན་པ་བདུད་ཀྱིས་དབང་དུ་བསྒྱུར།།
ཝ་གཤེད་བག་མར་བསུ་བའི་དུས་ཚིགས་ལ།།
དྲང་བདེན་ཟེར་ན་ཡ་མཚན་ཡ་མཚན་ཞིག།
ཁྲམ་པ་ཚོང་བར་བརྫུས་པའི་ཁྲོམ་ར་ན།།
གཡོ་སྒྱུ་བསླུ་བྲིད་རླུང་བུ་ཕྱོགས་སུ་ལྡང་།།
རྒྱུ་ནོར་རིག་ན་སྒྱུ་མ་མི་འགུལ་མཁན།།
མེད་ཀྱང་ལོག་པར་བླངས་ན་ཨ་ཚ་ཚ།།
གཤིན་རྗེའི་རྒྱ་མ་འཁྱོག་པའི་གྲོང་ཁྱེར་ན།།
ལས་དང་རྒྱུ་འབྲས་ཡོད་ལ་མེད་པ་འདྲ།།
འདོད་པའི་དབང་རྩ་འཁྲུགས་པའི་དྲེད་པོ་དེ།།
ཨ་ཁུ་ཆོས་རྒྱལ་ཚང་གི་ཆང་ཤག་རེད།།
མེས་པོའི་སྲོལ་བཟང་བོར་བའི་གླེན་རྟགས་ཀྱིས།།
རང་ཉིད་རང་གིས་འཕུང་བའི་གཞི་ལ་སྦྱར།།
གཡང་དཀར་ལུག་ཕོ་གཉིས་ཀྱིས་གདོང་གཏུགས་ན།།
ཁྲག་དྲོན་དམར་པོ་ཨ་ཅེ་ཝ་མོས་ལྡག།
དཔལ་འབྱོར་འཚོལ་སྒྲུབ་བྱེད་པ་ལྟོ་ཡི་དོན།།
སྦྱོང་བ་མཐར་གཏུགས་བྱེད་པ་མིང་གི་ཆེད།།
འདི་འདྲའི་བསམ་བློ་ཀུན་ལ་ཡོད་མོད་ཀྱང་།།
ལོག་པའི་ལམ་ལ་ཞུགས་ན་ཨ་ཁ་ཁ།།
ཡོད་ཚད་སྒོར་ལ་ཐུག་པའི་དུས་ཚོད་ལ།།
སྒོར་མོའི་དོན་དུ་ཨ་ཕ་འི་རྐང་ཡང་བརྡུང་།།
ནོར་གྱི་ཆེད་དུ་ཨ་མའི་ཁྲག་ཀྱང་འཇིབ།།
བསམ་བློ་ཞིབ་ཏུ་བཏང་ན་ཤུ་རེ་ཁོ།།