ལྷ་ལུང་རྒྱལ།
དེ་རིང་ནི་ཕྱི་ཟླ་ ༩ བའི་ཚེས་ ༡༡ རེད། དེ་རིང་གི་ཉིན་མོར། དྲག་སྤྱོད་རིང་ལུགས་པའི་མེ་མདའི་སོ་ཁ་ཨ་རིར་བསྐོར་ཅིང༌། ཨ་རིའི་མི་དམངས་ལ་བྱུང་མྱོང་མེད་པའི་ཤི་རྨས་ཀྱི་ཁྲག་གི་རྦ་རླབས་འཕྱུར་ཏུ་བཅུག་པ་སུ་གང་གིས་ཀྱང་བརྗེད་མི་ཐུབ་པའི་དོན་གནད་ཞིག་ལ་གྱུར་བར་རྗེས་དྲན་དང༌། འབྱུང་འགྱུར་དོགས་ཟོན་འགོག་རྒོལ་ལ་དྲན་སྐུལ་ཐེབས་སླད། ལོ་རེར་ཟླ་ ༩ བའི་ ༡༡ ཉིན་ཨ་རི་གཙོས་པའི་མཐུན་ཕྱོགས་རྒྱལ་ཁབ་མང་པོས་མྱ་ངན་རྗེས་དྲན་ཞུ་ཡི་ཡོད་པ་བཞིན། དེ་རིང་ཡང་ཝ་ཞིན་ཀྲོན་དང་ནེ་ཡོག་ཁུ་སོགས་ན་སེམས་ཅན་བྱ་ཁྱི་སྨོས་ཅི། སེམས་མེད་རི་ཆུས་ཀྱང་སྡུག་བསྔལ་དང་ཁོང་ཁྲོའི་ཉམས་སྣང་ཞིག་སྟོན་གྱི་ཡོད་ལས་ཆེ།
ཚང་མས་མཁྱེན་གསལ་ལྟར། ཉེ་བའི་ལོ་འགའི་རིང་ལ། ཨ་རི་གཙོས་པའི་ཤར་ནུབ་གྱི་རྒྱལ་ཁབ་ཆེ་ཕྲ་མང་པོར་འཇིགས་སྐུལ་པ་རིམ་པར་བྱུང་ཞིང༌། ཚང་མས་འགོག་རྒོལ་གདོང་ལེན་གྱི་དམག་འཐབ་ཀྱང་གཅིག་ལས་གཅིག་ལྷག་གིས་བྱས་ཡོད་མོད། མཚོན་ཆའི་དྲག་གཉོམ་གྱི་ཁྱད་པར་ཙམ་གྱི་རྒྱལ་ཕམ་ལས་དྲག་སྤྱོད་པའི་དུག་རླངས་ཡེ་ནས་གཙང་སེལ་ཐུབ་སོང་པའི་རྒྱལ་ཁབ་གཅིག་ཀྱང་མེད། འདི་ནི་འགོག་རྒོལ་ཞི་མཐུན་གྱི་ཐབས་ལམ་ངོས་ཟིན་མ་ཐུབ་པའི་རྐྱེན་གྱིས་ལོས་ཡིན།
ཟླ ༩ བའི་ ༡༡ གི་དོན་རྐྱེན་ནི་ཁ་ཆེ་བ་བྷེན་ལ་ཏན་གྱིས་བསླངས་ཤིང༌། དེ་རྗེས་ཀྱི་ཤར་ནུབ་དྲག་སྤྱོད་པ་ཚོ་ཡང་ལ་ཏན་ནང་བཞིན་གྱི་ཁ་ཆེའི་ཆོས་ལུགས་པ་དང༌། ཆོས་ཀྱི་རྗེས་འབྲངས་པ་རྐྱང་རེད་འདུག ང་ཚོས་ཤེས་དགོས་པ་ཞིག་ལ། ཁ་ཆེ་དྲག་སྤྱོད་པ་ཚོར་དམིགས་དོན་གཅིག་པའི་ས་ཁོད་ཐུན་མོང་པ་ཞིག་ཡོད་དོན་དང༌། ཁོ་ཚོའི་བསམ་བློ་ཅི་ཞིག་གིས་འདི་ལྟར་ལྷན་དུ་བསྡམས་ཀྱི་ཡོད་པ་དེ་ཡིན། འདི་ནི་ཆོས་ཀྱི་ཞེན་ཁོག་གམ་ཆོས་ལ་དགའ་དད་ཀྱི་སེམས་ཚོར་གཞན་ལས་དམིགས་བསལ་བ་ཞིག་ཡོད་ཅིང༌། སེམས་ཚོར་དེ་ཆོས་པའམ་གང་ཟག་ཕན་ཚུན་གྱི་བསམ་སྦྱོར་གཅིག་ཏུ་སྡོམ་བྱེད་ཀྱི་ཐག་པར་གྱུར་ཡོད་པ་སོགས་ཀྱི་གནད་དོན་ཡིན།
འཇིག་རྟེན་འདིར་གཏོར་བཅོམ་ཐེངས་གཅིག་ཐེབས་པར་སུ་ཡང་མི་སྐྲག་ལ། དེ་ནི་དྲག་སྤྱོད་པའི་ཡ་ངའི་ཤུལ་རྗེས་ལའང་སུས་ཀྱང་བརྩི་མི་རུང༌། ལོ་ཟླ་རིམ་བསྟུད་ཀྱི་གཏོར་བཅོམ་རིམ་པར་བྱུང་བའི་ཁྲག་དྲིས། འཇིག་རྟེན་གྱི་ཕྱོགས་ཐམས་ཅད་ཁྱབ་པར་གྱུར་བའི་སྦྱོར་བ་དང༌། དེ་ལྟའི་ནག་ཉེས་ཀྱི་འཆར་གཞི་མང་པོའི་རང་ལུགས་ཅན་ལ། དྲག་སྤྱོད་པ་ཟེར་ཞིང༌། དྲག་སྤྱོད་པ་འདི་རིགས་ཀྱི་སེམས་རྩ་གཅིག་ཏུ་སྡོམ་བྱེད་ནི་ཆོས་ལུགས་རིགས་གནས་ཡིན།
ཕན་ཚུན་སེམས་ཐག་ཉེ་བ་ནས་གཅིག་ཏུ་མཐུན་པར་དུང་ཞེན་དང༌། དུང་ཞེན་ལ་རྒྱལ་ཁབ་དང་མི་རིགས་ཀྱི་དུང་ཞེན། ནང་མི་གཉེན་ཉེ་ཡི་དུང་ཞེན། འཇིག་རྟེན་གྱི་རི་ཆུའི་དུང་ཞེན། གྲོགས་ཕོ་མོ་མཛའ་འབྲེལ་གྱི་དུང་ཞེན་སོགས་ཤིན་ཏུ་མང་བ་ནས། དུང་ཞེན་བསྐྱེད་བྱེད་ཀྱི་རྒྱུ་རྐྱེན་ནི་གཅིག་མིན་སོ་སོར་སྣང་བ་ཞིག་ཡིན། དཔེར་ན། མི་རིགས་ཀྱི་དུང་ཞེན་ལྟ་བུ་ནི་མི་རིགས་རིག་གནས་ལས། གཙོ་བོ་མི་རིགས་དེའི་ཆོས་ཀྱི་རིག་གནས་ཀྱིས་བསྐྱེད་ཀྱི་ཡོད་པ་དང༌། ཡང་གྲོགས་གཉེན་མཛའ་འབྲེལ་གྱི་དུང་ཞེན་ལྟ་བུར་མཚོན་ན། རིགས་རུས་གཅིག་མཐུན་གྱི་འདོད་པས་བསྐྱེད་ཀྱི་ཡོད་པ་ལྟ་བུ་རེད།
འོ་ན། དྲག་སྤྱོད་རིང་ལུགས་པ་ནི་རྒྱལ་ཁབ་དང༌། མི་རིགས། ས་ཁུལ་བཅས་ཀྱི་རང་བཞིན་རྣམ་པ་ཅན་ཡིན་ཕྱིན། དེ་ནི་ཆོས་ཀྱི་རིག་གནས་ཀྱིས་བསྐྱེད་ཀྱི་ཡོད་ཅིང༌། དྲག་སྤྱོད་པ་མེད་པར་གཏོང་དགོས་ན། སྟོབས་ཤུགས་གཅིག་སྒྲིལ་གྱི་རྐྱེན་གཙོ་བོ་ཞེན་ཁོག་མེད་པར་གཏོང་དགོས་པ་དང༌། ཞེན་ཁོག་མེད་པར་གཏོང་དགོས་ན་དེ་བསྐྱེད་བྱེད་ཀྱི་ཆོས་ལུགས་གང་ཡིན་མེད་པར་གཏོང་དགོས་པ་དེ་རེད།
ཡིན་ནའང༌། ཆོས་ལུགས་རིག་གནས་ཀྱི་འཁོར་བསྐྱོད་བྱ་སའི་ཡུལ་ལུང་ནི་མི་ཡི་སེམས་ཁམས་ཡིན་ཞིང༌། མི་སེམས་དང་ཆོས་ལུགས་རིག་གནས་གཉིས་ལ་ཡུལ་དང་ཡུལ་ཅན་གྱི་གདགས་གཞིའི་ཐ་སྙད་ཙམ་ལས། དོན་དུ་གཞི་གཅིག་དང་རོ་གཅིག་ལ་འདྲེས་ཞིང་འཐིམ་སྟེ་ཕན་ཚུན་དགར་དབྱེ་མི་ཐུབ་པར་གྱུར་ཡོད། ཆོས་ལུགས་ཉམས་ལེན་པ་སྟེ། མི་རབས་རྒྱུན་འཛིན་གྱི་མི་རིགས་དང་མི་སྒེར། ཚོགས་པ་བཅས་བསྐྱུར་འཇོག་གིས་དེས་འཛིན་སྐྱོང་སྤེལ་གསུམ་བྱེད་ཡུལ་གྱི་ཆོས་ལུགས་ཁོ་ན་རྩ་རྫོགས་བྱེད་སྟངས་ཞིག་གཏན་ནས་མེད་པ་རེད།
རྒྱལ་ཁབ་དང་མི་རིགས་མཐའ་དག་ཐུན་མོང་མཉམ་སྡོད་ཐུབ་པའི་རྒྱུ་རྐྱེན་ལ། མི་རིགས་དེ་དང་རྒྱལ་ཁབ་དེར་ཡོད་པའི་གཅིག་མཐུན་གྱི་སྐད་ཡིག་དང༌། ཡུལ་སྲོལ་གོམས་གཤིས་སོགས་ཀྱང་ཡིན་མོད། གཙོ་ཤོས་དེ་ཐུན་མོང་ཉམས་ལེན་གྱི་ཆོས་ལུགས་གཅིག་ཡོད་པས་ཡིན། ཆོས་ལུགས་ཀྱི་མི་སེམས་འགུག་ཤུགས་དང༌། ཁ་ཐོར་མཉམ་སྡུད་ཀྱི་སྟོབས་ཤུགས་ནི་རིག་པའི་དངོས་པོ་གཞན་ལས་ཆེས་མཐོའི་ཚད་བརྒལ་བྱུང་ཡོད་པ་ཞིག་རེད། དེའི་རྒྱུ་མཚན་ཡང་འཇིག་རྟེན་གྱི་ཆོས་ལུགས་ཕལ་ཆེའི་བསྟན་བྱ་གཙོ་བོ་དེ་མངོན་སུམ་དང་ལྐོག་གྱུར་གྱི་ནང་ཚན་མི་འདྲ་བ་གཉིས་ལ་གྲུབ་འདུག་ཅིང༌། མི་སེམས་འགུག་ཤུགས་དང་ཁ་ཐོར་མཉམ་སྡུད་ཀྱི་ནུས་པའི་ཆ་དེ་ལྐོག་གྱུར་གྱི་བསྟན་དོན་དེ་དག་གི་སྟེང་ན་འདུག་སྟེ། ཆོས་ལུགས་ཉམས་ལེན་གྱི་མི་ཚོ་་སྦྲང་མ་ཡིན་པའི་དབང་དུ་བཏང་ན། བསྟན་དོན་ལྐོག་གྱུར་བའི་རིམ་པ་དེ་ནི་པད་མ་ལྟ་བུ་ཞིག་ལ་བཤད་ཆོག་པ་ཡིན།
གང་ལྟར། དྲག་སྤྱོད་པའི་བསམ་བློ་ཆོས་ཀྱི་ལྟ་གྲུབ་ལ་གཞི་བཅོལ་བ་ལས། དྲག་སྤྱོད་རིང་ལུགས་ཀྱི་འབམ་རྫས་འབར་མིན་བཤད་མི་ཐུབ་ཀྱང༌། དམིགས་དོན་དགོས་དབང་ལྟ་བུ་ཞིག་གིས། དྲག་སྤྱོད་པའི་རུ་དཔུང་ཆོས་ཀྱི་ལྟ་གྲུབ་གཅིག་ལ་མོས་པའི་ཚོགས་པ་ཞིག་ལ་གྱུར་སྟབས། ཁོ་ཚོར་ཆོས་ལུགས་ཀྱི་ཁ་འཐོར་མཉམ་སྡུད་ཀྱི་དབང་ཤུགས་ཐེབས་ཡོད་ཕྱིན། ད་བར་དྲག་སྤྱོད་པ་མེད་པར་གཏོང་ཐབས་མ་རྙེད་པ་རེད་ལ། མ་འོངས་པར་ཡང་ཐབས་ཀྱི་རྩོལ་བ་འདི་མུར་ནས་དྲག་སྤྱོད་པ་ནམ་ཡང་མེད་བརླག་ཏུ་གཏོང་ཐུབ་རྒྱུ་མ་རེད།
དྲག་སྤྱོད་པ་མེད་བརླག་རྩ་གཏོར་ལ་གཏོང་དགོས་ན། དྲག་སྤྱོད་པས་ང་ལ་ཅིའི་ཕྱིར་དྲག་སྤྱོད་ཀྱི་མདའ་རྩེ་གཏོད་དགོས་བྱུང་བ་རེད། ངས་དྲག་སྤྱོད་པར་མི་འགབ་མི་མཐུན་པའི་བྱེད་ལས་རྣམ་འགྱུར་ཅི་ཞིག་བསྟན་སོང༌། ཕྱོགས་གཉིས་ལ་ཐུན་མོང་གྲོས་མོལ་གྱི་ས་ཁོད་ཅིག་སྟོང་བའི་རྒྱུ་མཚན་འདི་གང་ལ་ཐུག་འདུག་པ་བཅས་ཁ་ཕྱིར་བལྟས་ཀྱི་ལམ་ནས་རང་གིས་རང་ལ་རྩིས་བཤེར་དང་འབྲེལ། རང་སྐྱོན་བསྔོགས་འདོན་ལ་འཐབ་མོ་སྦྱོར་རྒྱུ་ནི་ཞི་འགྲིག་འཆམ་མཐུན་དང༌། དྲག་སྤྱོད་མེད་བརླག་གི་རྩ་བའི་ཐབས་ལམ་ཡིན། དེ་མིན་དཔུང་གི་ཟིལ་ཤུགས་དང་མཚོན་གྱི་འཇིགས་ངོམས་བྱས་ཏེ། སྲོག་ལ་སྲོག་ལན་གྱི་སྦྱོར་བ་ཇི་ལྟར་བརྩམས་ཀྱང་དྲག་སྤྱོད་ཞི་འཇམ་ལ་དགའ་འོས་པའི་འབྲས་བུ་ཅི་ཡང་ཐོབ་མི་སྲིད་པ་ཡིན།