ལྷ་རྩེའི་ཁུ་བྱུག
ང་ཚོ་མཐོ་དམན་བར་གྱི་འགྱང་ཁྱད་འདི་ནི་མི་མང་ཤོས་ཤིག་གིས་ལས་དབང་ཡིན་པར་འདོད། ལ་ལས་ནི་རང་ཉིད་མཐོ་བ་དང་སེམས་ཅན་མགོན་མེད་དག་དམན་པ་ནི་གནམ་གྱི་བཀའ་ཆད་ཡིན་པར་དྲན་གྱིན་ཡོད། ཕྱུག་བདག་ལ་ལས་དམན་པ་ལ་བཙོག་བལྟ་ཞིང་། གལ་སྲིད་གློ་ལ་ཉེ་ན་རང་ཉིད་ཀྱི་ཀླུང་རྟ་གུད་པར་བརྩི། བསམ་བློ་དང་། ཁོར་ཡུག་དེས་ཉམ་ཐག་རྒས་འཁོག་སོགས་དམན་པའི་རིགས་ལ་བྱམས་བརྩེ་དང་སྙིང་རྗེ་ཞིག་མཁོ་བ་དྲན་གྱིན་མེད་ལ། ཁོ་པ་ཚོས་བསོད་ནམས་མ་བསགས་པ་ལེན་པས། ད་དུང་ལས་ངན་འདི་མྱོང་དགོས་པར་སྨྲ་བར་བྱེད་པས་ལོ་ལོན་མགོན་མེད་ནི་ཕོར་པ་གཞན་ལ་གཟེད་དེ་ཡར་མར་འཁྱམ་དགོས་པ་རེད། ན་ཚ་སྡུག་བསྔལ་སོགས་ཚང་མར་གདོང་གཏད་དེ་མ་སོང་རང་སོང་ཆགས།
མི་རྣམས་ལོ་རེའི་ལོ་གསར་དང་། དྲུག་པའི་ལྗོངས་རྒྱུ་སོགས་ལ་སྤྲོ་སྐྱིད་གཏོང་སྲོལ་ཡོད་མོད། རྒས་པ་ལོ་ལོན་རྩ་མེད་བདག་བྲལ་ཚོ་ནི་རུམ་སྟོང་དུ་ཕོར་པ་བཅུག་སྟེ། ཁྱི་འཁྱམ་གྲལ་ནས་མི་ངོ་འཚོ་བར་བྱེད། གཞན་པས་བསམ་ན་ཡང་འདི་ནི་བབས་འོས་ཀྱི་ལས་ཤིག་ལ་འདོད་ཅིང་བརྩི། རྒས་པ་དག་གིསཀྱང་རང་ཉིད་ནི་མི་གཞན་པ་བཞིན་དུ་ལོ་སར་བ། ཇོ་མཇལ་དུ་འགྲོ་བ། དབྱར་ལྗོངས་པའི་བསོད་ནམས་མེད་པར་འདོད། རང་ཉིད་ཀུན་གྱི་མར་ཞབས་ནས་ཡར་ལ་སྐྱོ་དུང་དུང་གིས་བལྟ་མཁན་དེ་ཡིན་པར་དྲན་གྱིན་ཡོད། ད་དུང་མི་དྲག་སྐུ་ཞབས་ཚོས་བཀའ་བཀྱོན་པ་དང་ལས་ཀ་རུ་བཀོལ་ན་བབས་ཤིང་འོས་པར་བསྒོམས། རེས་འགའ་མ་གཞི་ལས་རྒྱུ་འབྲས་ཀྱི་བདག་པོ་དང་ཁ་ལོ་པ་ནི་ཁོང་རྣམ་པ་ཡིན་སྣང་འཆར་ལ། སྐུ་དྲག་དག་གིས་ཀྱང་ཡིན་སྣང་ཤར་བ་རེད།
ཡིན་ནའང་འཛམ་གླིང་མི་ལ་ལར་བྱམས་བརྩེ་དང་སྙིང་རྗེ་གཏན་ནས་མེད་པ་ཞིག་ཡིན་ཚོད་མི་འདུག་སྟེ། སྐྱོ་བྲག་རྒས་གསོའི་རྒས་པ་ལོ་ལོན་ཚོས་ལོ་རེར་བཞིན་ལོ་གསར་ལ་རོལ་ཏེ། ཚེས་གཅིག་ཉིན་འོ་ཇ་དཀར་པོ་ལྷོག་ལྷོག་ཏུ་ཁོལ་ཞིང་། ཤ་མོག་གི་དྲི་བསུང་དབྱིངས་སུ་ཁྱབ་ཀྱིན། ད་དུང་ཤ་ཁུ་སོགས་ཟས་རིགས་དང་། མངར་གསུམ་བཏུང་བའི་སྡེར་ཁ་ཁྲ་སྤུངས་སེ་མདུན་དུ་སྒྲིག་གིན་གློག་བརྙན་ལ་བལྟས། གནའ་གཏམ་དང་ད་རབས་གླེང་གིན་དགའ་ལྷུག་ལྷུག་གིས་རང་ཉིད་ལ་མགོན་སྐྱབས་ཀྱི་དྲིན་ཆེན་ཡོད་པར་རྟོགས་པས་རེས་འགའ་ཕྱག་རྒྱ་ཡང་བཅའ་གྱིན་གདའ།
མི་ཡིན་པས་མི་ཚད་འདྲ་མཉམ་ཡིན་པའི་སེམས་ཚོར་དྲོན་མོས་གད་མོ་འཆོར་གྱིན་གློག་བརྙན་ནང་གི་ཡུལ་ལྗོངས་སོགས་འདི་དང་གན་སོགས་མི་གཞན་དང་འདྲ་བར་མོལ། ཤ་ཚ། ལོས་ཡིན་ཕྱུག་སྤྲང་གི་འགྱང་ཁྱད་དང་། དྲག་ཞན་གྱི་ཧེ་བག་སྲིད་པ་ན་ཡོད་མོད། མི་ལ་ལར་བྱམས་བརྩེའི་མིག་དང་། སྙིང་རྗེའི་ལག་ཡོད་པས་དབུལ་པོ་དང་། མགོན་མེད་སྐྱོ་བོ་དག་ཀྱང་ལོ་གསར་རོལ་ཞིང་། དབྱར་ལྗོངས་གཏོང་བར་བྱེད།
ད་དུང་ཉི་མ་ལྷ་སའི་ཇོ་མཇལ་ལ་ཟས་གོས་གནས་མལ་རང་གྲུབ་ཀྱིས་གཡས་གཡོན་སྐུ་སྐྱོར་པ། ཞལ་ལག་བཟོ་མཁན། གསོལ་སྨན་འདྲེན་མཁན་སོགས་མང་པོ་ཁྲིད་དེ་སོང་བ་ནི་སྔར་མེད་ཀྱི་ཟིན་ཐོ་གསར་པ་རེད་ཅེས་ཀུན་གྱིས་གླེང་དགོས་པ་བྱུང་བ་སོགས་མི་ཚེའི་ལས་དབང་ལ་ཧང་སངས་ཤིང་ཡིད་སྒུལ་ཐུབ་པའི་འགྱུར་བ་ཐུབ་འདུག་པས་ས་སྒང་འདིར་རང་ཉིད་ལ་བརྩེ་བའི་རྒྱལ་སྲས་ཤིག་ཡོད་པར་རྟོགས་ཤིང་དེ་ནི་ཐུབ་པས་བཤད་པའི་ནང་ཆོས་ཀྱི་རྩ་དོན་ཡིན་པ་གཞི་ནས་གོ་འདུག
དེ་སྔོན་གསོལ་བ་བཏབ་ཅིང་། མགོ་སྒུར་བའི་དད་པས་གར་ཤེད་ཅིག་ལ་རེ་བ་བྱས་ཀྱང་། མ་ཤི་སྔོན་གྱི་སྡུག་བསྔལ་ཕྱག་གིས་བཅིལ་ཞིང་། རང་གི་བུ་ཕྲུག་དག་གིས་དོར་བའི་རྒས་ངན་ལ་དངོས་སུ་ཕན་པའི་རླབས་ཆེན་གྱི་བྱང་ཆུབ་སེམས་དཔའ་ཞིག་ཡོད་སྣང་མ་ཤར་ཞེས་རྒས་འཁོག་དག་མིག་ཆུ་ཤར་སེ་གཞུར་ཡོང་བར་ཁག་ཅི་ཡོད། འདི་ནི་རྨི་ལམ་མིན་པའི་རྨི་ལམ་ཁྲོད་ནས་སྒུག་པའི་བདེ་བ་ཅན་ལ་དངོས་སུ་བསླེབས་པས་རེད་དོ།།
ལོ་སར་དང་དུས་སྟོན་ཙམ་མ་ཡིན་པར་ཉིན་རེར་ཞལ་ལག་དུས་གསུམ་འདྲེན་གྱིན་པ་དེའང་འབྲས་ཆུ་ཙམ་དང་། ཚོད་མ་བཅུད་མེད་ཙམ་མ་ཡིན་པར་ཤ་མར་སོགས་འབོལ་ཞིང་སྣུམ་ཞག་འཁྱིལ་བའི་ཁ་ཟས་ཕུན་སུམ་ཚོགས་པ་སྟབས་ཀི་འདུག ད་དུང་ཉལ་གདན་ཉལ་ཐུལ། དུས་ལ་དཔག་པའི་གྱོན་པ་འབུད་ཤིང་སོགས་མཐུན་རྐྱེན་ནི་བློ་ལ་ཤོང་དཀའ་ཙམ་འདུག
རེད། རླབས་ཆེ་བའི་མི་དེ་ནི། སྤྲུལ་སྐུ་སོགས་གང་ཡང་མིང་གི་ལྗིད་གོག་མེད་པའི་གྲྭ་རྐྱང་དཀྱུས་མ་ལ་བརྩི་ཆོག་པའི་རྒན་དཔའ་བརྟན་ལགས་རེད། ཁོང་གི་བསྟོད་བསྐུར་གྲགས་པ་ཀུན་སློག་རུལ་བཞིན་དོར་བའི་སྙིང་རྗེའི་དགེ་ལས་དེས་རྒྱལ་སྤྱིའི་མིའི་བྱམས་བརྩེ་ཡི་མིག་དཔེའི་སྒོ་གླེགས་དལ་གྱིས་བརྡུང་སོང་བས་ད་གཟོད་རྒས་འཁོག་ཚོ་ཡང་སྒལ་ཚིགས་ཀྱིས་མགོ་བོ་ཁུར་ཏེ་འགྲོ་བ་མིའི་གྲལ་ནས་མིའི་འཛུམ་དཀར་ངོམ་གྱིན་འགྲོ་ཡི་འདུག
བོད་རྒྱལ་ལོ་༢༡༤༢ གནམ་ལོ་གསར་པའི་ཚེས་གསུམ་ཉིན་དངོས་ཡོད་ལས་ཀ་དྲང་མིག་གིས་བྲིས།
དུས་ཐོག་ཆར་པ་ཨེ། ཀུན་མཁྱེན་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་བཤད་རྫ་མཁན་ཆེན་ཚེ་རིང་བཀྲ་ཤིས་ལ་འགྲན་འཆར་མིན་ནམ། ཡིན་ན་ཡང་མིང་དོན་མཚུངས་པ་ཞིག་ཚོར་མ་སོང་ལོ། མཁན་པོ་དཔའ་བརྟན་ལ་སྦྱར་བ་ངོ་ཚ་མེད་པའི་རང་འདོད་གཅིག་ཏུ་གོར་མ་ཆག་གོ།
མཁན་པོ་དཔའ་བརྟན་ལ་རྗེས་སུ་ཡིད་རངས་ཞུ། ཁ་ཡོད་ལག་ཡོད་ཀྱི་རྒས་ཕོ་མོ་ལ་སྐྱོབ་པ་དེ་ལྷག་གང་དགོས།