བདེ་སྐྱིད།
དུས་དང་འཚམས་པའི་སྲིད་སྐྱོང་། ཞེས་པའི་བརྙན་འཕྲིན་ལེ་ཚན་གྱི་ཁ་བྱང་འོག་ལ་བོད་ཡིག་ཐོག་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་དང་འབྲེལ་བའི་བགློ་གླེང་ཁག་གི་ཕྱོགས་བསྡོམས། ཞེས་བྲིས་འདུག་ལ། ཨིན་ཡིག་ནང་ལ་Concluding remarks based on the three panels on Kasur Ngodup Dongchung ཞེས་བྲིས་འདུག བརྙན་ཐུང་མ་བལྟས་སྔོན་ལ་ཁ་བྱང་འབྲི་སྟངས་གཅིག་པུ་ནས་ང་ཚོས་གནས་ཚུལ་ཁ་ཤས་གསལ་པོ་མཐོང་ཐུབ་ཀྱི་འདུག དཔེར་ན། ཁ་བྱང་བོད་ཨིན་གཉིས་ནང་ལ་བྲིས་པ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་བེད་སྤྱོད་མང་ཤོས་ཀྱི་སྐད་ཡིག་གཉིས་ཡིན་སྟབས་བྲིས་པ་དང་། གོ་རིམ་སྒྲིག་སྟངས་ཆ་ནས་བོད་ཡིག་གོང་དང་། ཨིན་ཡིག་གཤམ་ལ་བྲིས་པ་དེས་ཨིན་ཡིག་ལ་མཐོང་ཆུང་བྱས་པ་མ་ཡིན་ནའང་། བོད་མི་རིགས་གནས་མིན་གྱི་སྲོག་རྩ་ནི་བོད་ཀྱི་སྐད་ཡིག་ཡིན་སྟབས་གུས་བརྩི་ཞུས་པ་མཚོན་ཐུབ་ཀྱི་འདུག དེ་བཞིན་ཁ་བྱང་གི་ནང་དོན་ལས་ད་བར་སྲིད་སྐྱོང་གི་འོས་མི་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་རྒྱབ་སྐྱོར་ཞུ་མཁན་ཧ་ཅང་མང་པོ་ཡོད་པ་ཁག་གིས་ས་ཕྱོགས་འདྲ་མིན་ནས་མ་བསྐུལ་དང་བླངས་ཐོག་སྲིད་སྐྱོང་འོས་མི་བཀའ་ཟུར་དངོས་གྲུབ་མཆོག་ལ་རྒྱབ་སྐྱོར་དང་། མི་མང་ལ་མང་གཙོའི་གོ་རྟོགས་སྤེལ་སླད་བོད་སྐད་ཐོག་ནས་བགྲོ་གླེང་ཐེངས་གསུམ་དང་། ཨིན་སྐད་ཐོག་ནས་བགྲོ་གླེང་ཐེངས་གཉིས་གོ་སྒྲིག་བྱས་འདུག བགྲོ་གླེང་དེ་དག་གི་ཉིང་ཁུའམ། ཕྱོགས་བསྡོམས་ཀྱི་བགྲོ་གླེང་དེ་ལྟར་གནང་བ་ནི་མཁས་ལ་ཉམས་མྱོང་ལྡན་པའི་དགེ་རྒན་ཆེན་མོ་ཞིག་གིས་སློབ་ཚན་ཆ་ཚང་སློབ་ཁྲིད་གནང་རྗེས་ཕྱོགས་བསྡོམས་གནང་བ་ལྟ་བུ་ལས་རིམ་གསན་གཟིགས་གནང་མཁན་དོན་གཉེར་ཅན་རྣམས་ལ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པ་གདོན་མི་ཟ་བས་ལས་རིམ་གོ་སྒྲིག་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ་གི་ཡོད།
འོ་ན། ༢༠༢༡ ལོའི་སྲིད་སྐྱོང་འོས་མི་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་རྒྱབ་སྐྱོར་ཆེད་ (དུས་དང་འཚམས་པའི་སྲིད་སྐྱོང་) ཞེས་པའི་དམིགས་བསལ་ལེ་ཚན་དེའི་ནང་ལ་བགྲོ་གླེང་གནང་མཁན་སུ་རེད་དམ། ད་བར་བོད་སྐད་ཐོག་ནས་བགྲོ་གླེང་རིམ་པ་གསུམ་གི་གཙོ་སྐྱོང་བ་གསུམ་རེད། དང་པོ། རྒྱ་གར་གཞུང་དང་བོད་མིའི་སྒྲིག་འཛུགས་གཉིས་ཀའི་ནང་ལ་དྲུང་ཆེ་དང་། དྲུང་ཆེ་ལས་འཕར་གྱི་ཞབས་ཞུ་གནང་མྱོང་བ་དང་། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་བ་གྲགས་ཅན་རྒན་འཇམ་དབྱངས་རྡོ་རྗེ་ལགས་དང་། གཉིས་པ། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་དང་། རྒྱ་རིགས་འབྲེལ་མཐུད་པ་ཟུར་པ། ད་ལྟ་ཨ་རིའི་བོད་ཀྱི་ཐེབས་རྩར་ཕྱག་ལས་གནང་བཞིན་པ་བོད་རྒྱ་གནས་དོན་ཉམས་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་རེད། གསུམ་པ། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ཟུར་པ་དང་། ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཟུར་པ་ནོར་བུ་ཚེ་རིང་ལགས་བཅས་རེད། བགྲོ་གླེང་ཐོག་བཀའ་མོལ་གནང་མཁན་དང་པོ་འཇམ་དབྱངས་རྡོ་རྗེ་ལགས་ཀྱིས། ད་བར་སྲིད་སྐྱོང་འོས་མི་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གི་རྒྱབ་སྐྱོར་པ་ཚོས་བགྲོ་གླེང་གོ་སྒྲིག་བྱས་པ་ཁག་ནི་རང་རྒྱལ་གཞན་ཕམ་གྱི་རྣམ་པ་མིན་པར་། རྒྱུ་མཚན་དང་ལྡན་པའི་ཐོག་ནས་འགྲེལ་བཤད་གནང་བར་བརྟེན་ནས་ཉིན་རེ་བཞིན་མང་ཚོགས་ཁྲོད་ནས་ངོ་གདོང་བསྟན་ནས་སྲིད་སྐྱོང་འོས་མི་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་སུ་རྒྱབ་སྐྱོར་བྱེད་མཁན་ཉིན་རེ་བཞིན་མང་ནས་མང་དུ་འགྲོ་བའི་གནས་སྟངས་བྱུང་སོང་། ཞེས་གསུངས་སོང་། གོང་དུ་འགྲེལ་བཤད་སྐྱོན་པ་ལྟར་འཇམ་དབྱངས་རྡོ་རྗེ་ལགས་ནི་རྒྱ་གར་གཞུང་དང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་བགྲེལ་ཡོལ་གནང་ཟིན་པ་དང་། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཐོག་ནས་འཛམ་གླིང་གི་ཟིན་ཐོ་འགོད་མཁན་མི་སྣ་གྲགས་ཅན་ཞིག་ཡིན་སྟབས་ཆབ་སྲིད་ཀྱི་གོ་ཐོབ་དང་། གཏམ་སྙན་གྲགས་ཀྱི་ཆེད་དུ་ད་ལན་སྲིད་སྐྱོང་གི་འོས་མི་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ལ་རྒྱབ་སྐྱོར་གནང་བ་མིན་པར་། གཞིས་ལུས་རྒྱ་ཆེའི་མི་མང་གི་རེ་བ་དང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐུགས་ལྷོད་ལྷོད་བྱུང་ན་བསམ་ནས་ཞལ་དངོས་སུ་བསྟན་ནས་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གི་མཛད་རྗེས་ཁག་མང་ཚོགས་ལ་གོ་རྟོགས་སྤེལ་པ་ཞིག་ཆགས་ཡོད། འཇམ་དབྱངས་རྡོ་རྗེ་ལགས་ནི་འབྲས་ལྗོངས་ཁུལ་ལ་བཞུགས་ཀྱི་ཡོད་ནའང་། ཁོང་གིས་དུས་རྒྱུན་དུ་བོད་ཀྱི་ཆོས་དང་རིག་གཞུང་གི་ལས་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་ལ། བསྲེས་ལྷད་མེད་པའི་བོད་སྐད་སྐྱོན་ནས་གཞོན་སྐྱེས་མང་པོར་བོད་པའི་ཞགས་ཚི་དང་། གཟུངས་ཡོད་དགོས་པའི་སློབ་གསོ་དང་གསོ་སྐྱོང་གནང་བ་ཡོངས་སུ་གྲགས་ཡོད། དེ་བས་ཁོང་གིས་རྒྱབ་སྐྱོར་ཞུ་ཡུལ་སྲིད་སྐྱོང་འོས་མི་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་ཡང་གནའ་དེང་ཤེས་ཡོན་གཉིས་དང་ལྡན་པ་མ་ཟད། དྲང་ཚུགས་དང་ལྡན་པ་གསལ་པོ་རེད། འཇམ་དབྱངས་རྡོ་རྗེ་ལགས་ཀྱིས། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་མི་ལོ་ ༤༣ ལྷག་རིང་སྤྱི་པའི་མི་ཞིག་བྱས་ཏེ་གཞུང་དོན་བསྒྲུབ་པའི་རིང་ལ་སྐྱོན་སྣེ་གཅིག་སྟོན་རྒྱུ་མེད་པ་ནི་དྲང་ཚུགས་ལྡན་པའི་ཐུགས་གཤིས་ལ་བརྟེན་ནས་བྱུང་བ་རེད། ཅེས་དངོས་སུ་གསུངས་ཡོད།
ཅི་འཕྲོས་མོལ་འཕྲོས་ཀྱི་ལེ་ཚན་དེའི་ཐོག་ལ་བཀའ་མོལ་གནང་མཁན་གཉིས་པ་ནི་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་དང་། བོད་རྒྱའི་གནས་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་རེད། དྲུང་ཆེ་ཟུར་པ་ཀུན་དགའ་བཀྲ་ཤིས་ལགས་ནི་བོད་ནང་ལ་འཁྲུངས་པ་དང་། བོད་ནང་ལ་ཞིང་གཤེགས་སྐུ་ངོ་བློ་བཟང་བསམ་གཏན་ལགས་དང་། འཇུ་ཆེན་ཐུབ་བསྟན་སོགས་ཀྱི་དབུ་ཁྲིད་པའི་གཟིགས་སྐོར་སྐུ་ཚབ་ཚོགས་ཆུང་ཕེབས་པ་དངོས་སུ་མཐོང་མཁན་ཞིག་ཆགས་ཡོད། དུས་རབས་ཉི་ཤུ་པའི་ལོ་རབས་གྱ་བཅུའི་ནང་ལ་ཁོང་བཙན་བྱོལ་ལ་ཕེབས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་གལ་གནད་ཆེ་བའི་ལས་འགན་བཞེས་ཏེ་ཞབས་ཞུ་ལོ་ ༣༣ ལྷག་ཞུས་པའི་ཁྲོད་ནས་ཞབས་ལོ་ ༢༠ བདེ་སྲུང་ལས་ཁུངས་ནང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་མཉམ་དུ་ཕྱག་ལས་གནང་ཡོད་སྟབས་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་གི་ཐུགས་གཤིས་དང་། ཕྱག་ལས་འཇོན་ནུས། དམིགས་བསལ་བོད་ནས་གཉེན་འཕྲད་ལ་ཕེབས་མཁན་རྣམས་ལ་ཕར་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་ངོ་སྤྲོད་དང་། ཚུར་བོད་ནང་གི་གནས་སྟངས་གང་ཡིན་གསན་རྒྱུར་དམིགས་བསལ་གྱི་ཁྱད་ཡོན་ལྡན་པ་མ་ཟད། གཞན་གྱི་བདེ་འཇགས་ལ་འགན་ལེན་གྱིས་གསང་བ་ཕྱི་འགྱར་མེད་པར་སྲུང་ཐུབ་པའི་འཇོན་ནུས། བོད་ཕྱི་ནང་གཉིས་ཀར་རྒྱུས་མངའ་དང་འབྲེལ་ལམ་ཟབ་མོ་ཡོད་པ། གཙོ་བོ་གཞིས་ལུས་བོད་མིའི་རེ་བ་ཆེ་ཤོས་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཚགས་ཚུད་ཡོང་བ་བྱ་རྒྱུ་དེ་ཡིན་པ་མཁྱེན་པའི་ཐོག་ནས་སྐུ་ཕྱྭའི་ཉེན་སྲུང་ཞབས་ཞུ་དང་། བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡོང་ཐབས་སུ་ནུས་པ་དམིགས་བསལ་བཏོན་དང་འདོན་མུས་ཡིན་པ་མཁྱེན་གྱི་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཟུར་ཀུན་དགའ་བཀྲ་ཤིས་ལགས་ཀྱིས། སྲིད་སྐྱོང་འོས་མི་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ནི་ད་ལྟའི་གནས་བབ་ཞིག་གི་འོག་ནས་མང་ཚོགས་ལ་དྲིལ་བསྒྲགས་གནང་བདེ་མེད་སྟབས། རྒྱབ་སྐྱོར་པས་སྐུ་ངོའི་ཁྱད་ཆོས་དང་ཡོན་ཏན་ཁག་ངོ་སྤྲོད་བྱ་རྒྱུ་གལ་ཆེན་ཆགས་ཡོད། ཅེས་དང་། ང་ཚོའི་མ་རྩ་གཙོ་བོ་ནི་གཞིས་ལུས་རྒྱ་ཆེའི་མི་མང་གི་སེམས་ཤུགས་དེ་ཆགས་ཡོད། གཞིས་ལུས་རྒྱ་ཆེའི་མི་མང་གི་རེ་བ་ཆེ་ཤོས་ནི་༧སྐྱབས་མགོན་རིན་པོ་ཆེ་སྐུ་ཚེ་ཞབས་པད་བརྟན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཡག་པོ་ཡོང་བ་བྱ་རྒྱུ་དེ་ཡིན་སྟབས། སྲིད་སྐྱོང་ལ་མང་ཚོགས་ཀྱི་ཡིད་ཆེས་ཡོད་པ་དང་། བོད་པའི་སྲིད་སྐྱོང་ལ་བོད་པའི་ཞགས་ཙི་ཡོད་པ་ཞིག་དགོས། སྤྱི་ཚོགས་ལྷིང་འཇགས་པོ་ཡོང་བ་ཡིན་ན་༧གོང་ས་མཆོག་ཐུགས་སྤྲོ་པོ་ཡོང་གི་རེད་བསམ་གྱི་འདུག ཅེས་གསུངས་སོང་།
དུས་དང་འཚམས་པའི་སྲིད་སྐྱོང་ཞེས་པའི་འགོ་བརྗོད་འོག་ཅི་འཕྲོས་མོལ་འཕྲོས་ལེ་ཚན་ཐོག་བཀའ་མོལ་གནང་མཁན་གསུམ་པ་ནི་བྱང་ཨ་རིའི་ཁུལ་གྱི་བོད་མི་འདུས་སྡོད་གྲངས་འབོར་མང་ཤོས་ཀྱི་ས་གནས་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཟུར་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུར་པ་ནོར་བུ་ཚེ་རིང་ལགས་རེད། ཁོང་ནི་དུས་རྒྱུན་དུ་བོད་པའི་སྤྱི་ཚོགས་ནང་ལ་སྤྱི་པའི་ལས་དོན་བསྒྲུབ་མཁན་ཞིག་ཡིན་སྟབས། ཁོང་གིས་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལ་སྲིད་སྐྱོང་འོས་མིའི་ཁྱད་ཆོས་གཙོ་བོ་ནི་ད་བར་བཀའ་ཟུར་མཆོག་གིས་སྤྱི་པའི་མི་ཞིག་གནང་ནས་ཕྱག་ལས་གནང་ཡོད་པ་དང་། བཀའ་མོལ་གསུང་རྒྱུའི་རང་དབང་མེད་པའི་གཞིས་ལུས་རྒྱ་ཆེའི་མི་མང་གིས་ཡིད་ཆེས་ཡོད་པ་ཙམ་མིན་པར་། གཞིས་ལུས་རྒྱ་ཆེའི་མི་མང་གི་ངོ་ཚབ་ཡག་ཤོས་མཚོན་ཐུབ་མཁན་ཆབ་སྲིད་བཙོན་ཟུར་རྣམས་ཀྱིས་ཁོང་ལ་རྒྱབ་སྐྱོར་ཡོད་པར་བརྟེན་ཁོ་རང་ཐུགས་བདེ་པོའི་ཐོག་ནས་བཀའ་ཟུར་མཆོག་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད་འདུག ད་དུང་བཀའ་མོལ་གནང་མཁན་གསུམ་ལས་ནོར་བུ་ཚེ་རིང་ལགས་དང་། འཇམ་དབྱངས་རྡོ་རྗེ་ལགས་གཉིས་ཀས་གཅིག་མཚུངས་གསུངས་པའི་བཀའ་མོལ་གཅིག་ནི། ༢༠༡༦ ལོའི་སྲིད་སྐྱོང་འོས་བསྡུའི་སྐབས་སུ་འཁྲུག་ཆ་དོད་པོ་ཆགས་པ་དེ་ནི་ཕྱོགས་གཅིག་ནས་རྒྱབ་སྐྱོར་པའི་ངོས་ནས་སྐད་ཆ་འདྲ་མིན་བཤད་པར་བརྟེན་བྱུང་ཡོད་པས། སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་གིས་དང་པོ་ཉིད་ནས་རྒྱབ་སྐྱོར་པ་རྣམས་ལ་ལམ་སྟོན་ཙམ་མིན་པར་ཆ་རྐྱེན་གཉིས་བཏོན་གནང་ཡོད་པ་ནི་སྲིད་སྐྱོང་འོས་མི་གཞན་ལ་ཚིག་ངན་བརྗོད་ན་མི་འགྲིག་པ་དང་། ཕྱི་ལོ་ ༢༠༡༦ ལོ་ནང་བཞིན་སྤྱི་ཚོགས་འཁྲུག་ཆ་མི་ཡོང་སླད་སྐུ་ངོ་ཁོ་རང་འོས་བསྡུའི་འགྲན་རྩོད་ནང་ལ་ཞུགས་ཀྱི་མིན་ཞེས་གསུངས་ཡོད། ཅེས་བརྗོད་སོང་། ད་དུང་འཇམ་དབྱངས་རྡོ་རྗེ་ལགས་ཀྱིས། ༢༠༡༦ ལོའི་སྲིད་སྐྱོང་འོས་བསྡུའི་ནང་ལ་རྙོག་གླེང་བྱུང་པ་དེས་གཞིས་ལུས་མི་མང་ཡིན་ནའང་ཐུགས་ཕམ་བྱུང་ཡོད་ངེས་པས། གནས་ཚུལ་དེ་ལྟར་བསྐྱར་དུ་མི་ཡོང་སླད་ཁོ་རང་འདྲ་བ་གཞུང་གི་ལས་བྱེད་ཟུར་པ་མང་པོས་མདུན་ལ་ཐོན་ནས་མི་བཤད་ཀ་མེད་བྱུང་། ཞེས་བརྗོད་སོང་།
བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་གསར་ཁང་ཁག་ཅིག་གི་བཅའ་འདྲི་དང་ལེན་སྐབས་སུ་གསུངས་པ་ནི། མི་མང་དང་འགོ་ཁྲིད་དབར་ཕན་ཚུན་ཡིད་ཆེས་ཡོད་དགོས་པ་དང་། འགོ་ཁྲིད་ཀྱིས་མི་མང་གི་ཡིད་ཆེས་བརླག་ཏུ་འཇུག་རྒྱུ་མེད་པ་གསུངས་ཡོད། དེ་རིང་གི་ཅི་འཕྲོས་མོལ་གྱི་བགྲོ་གླེང་དེའི་ཐོག་ལ་ཡང་། བོད་ནང་གི་བོད་མི་མང་པོས་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དངོས་སུ་མཇལ་མྱོང་མེད་ནའང་ཡིད་ཆེས་ཡོད་པར་བརྟེན་གནས་ཚུལ་མང་པོ་བསྐུར་གྱི་ཡོད་པ་དང་། རྒྱ་གར་གསང་བའི་ལས་ཁུངས་ཁག་ནས་ཀྱང་ཡིད་ཆེས་གནང་གི་ཡོད་པ་ཡང་བརྗོད་སོང་། ད་དུང་། ད་ལན་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་འགྲན་རྩོད་མེད་པར་ལྷིང་འཇགས་པོའི་ཐོག་ནས་འོས་བསྡུའི་ལས་རིམ་འགྲོ་ཐུབ་པའི་མིག་དཔེ་བཟང་པོ་སྟོན་གནང་གི་ཡོད་པ་ཡང་བརྗོད་མཁན་བྱུང་སོང་། དེང་སྐབས་སྤྱི་ཚོགས་འཁྲུག་ཆ་དོད་པོ་དང་། དྲྭ་རྒྱའི་མཐུན་རྐྱེན་བཟང་པོ་ཡོད་སྟབས་མི་ཁག་ཅིག་གིས་ཆེད་དུ་མངགས་ནས་གནས་ཚུལ་རྫུན་སྤེལ་འགྲོ་བཞིན་ཡོད་སྟབས་བགྲོ་གླེང་འདིའི་ཐོག་ནས་གསལ་བཤད་ཁ་ཤས་གནང་སོང་། དཔེར་ན། སྲིད་སྐྱོང་འོས་མི་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་བཅའ་འདྲིར་བཀའ་ལན་གནང་སྐབས་བོད་རྒྱ་འབྲེལ་མོལ་ནི་མེས་འཚིག་མེར་གཏུགས་ཀྱི་ཐོག་ནས་བྱ་དགོས་པ་ལས་རྒྱལ་སྤྱིའི་གནོན་ཤུགས་གཅིག་པུར་བརྟེན་ནས་ཡོང་རྒྱུ་ཡོད་པར་ཐུགས་རེ་ཆེན་པོ་གནང་མཁན་མིན་ཞེས་གསུངས་པ་ལས། བོད་དོན་བསྒྲུབ་པར་རྒྱལ་སྤྱིའི་རྒྱབ་སྐྱོར་མི་དགོས་པ་གསུངས་མེད། ཅེས་དང་། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ནི་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་གནང་བཞིན་པ་མ་ཟད། ལས་ཡུན་ལོ་བཞིའི་རིང་ཕྱག་ལས་ཡག་པོ་གནང་བར་བརྟེན་བཀའ་ཤག་ནས་ལོ་གཅིག་མུ་མཐུད་ནས་ཕྱག་ལས་གནང་རོགས་ཞུས་ཡོད། དོན་གཅོད་ཀྱི་ཕྱག་ལས་གཙོ་བོ་ནི་རྒྱ་གར་དབུས་གཞུང་དང་། ལྡི་ལིར་ཡོད་པའི་རྒྱལ་ཁབ་ཁག་གི་གཞུང་ཚབ་ཁང་ལ་འབྲེལ་བ་བྱ་རྒྱུ་ཡིན་སྟབས་ཨིན་སྐད་མི་མཁྱེན་པ་ཞེས་པ་ཆེད་དུ་རྫུན་གཏམ་བཟོས་པ་ལས་འགྲེལ་བཤད་མི་དགོས་པ་ཞིག་རེད། ཅེས་དང་། བཀའ་ཟུར་བསྟན་པ་ལགས་ནི་༧རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞིའི་ལས་གཞི་བསྒྲུབ་རྒྱུར་ཆེད་དུ་བསྐོ་བཞག་གནང་བ་ལས། ལྡི་ལི་དོན་གཅོད་ལས་ཐོག་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་མ་འཇོན་པར་སྐུ་ངོ་བསྟན་པ་ལགས་བསྐོ་བཞག་བྱས་ཟེར་པ་ནི་མི་ཤེས་པའམ། ཡང་ན་ཤེས་ཀྱང་ཆེད་དུ་སྤྱི་ཚོགས་དཀྲུགས་གཞིར་དམིགས་ནས་དཀྲོགས་གཏམ་བཟོས་པ་ཆགས་ཡོད། ཅེས་སོགས་གསལ་བཤད་དགོས་པ་ཁག་ཅིག་གསལ་པོ་བཟོས་གནང་སོང་། མང་ཚོགས་མང་པོས་ཤེས་ནའང་། ཆེད་དུ་དཀྲོགས་གཏམ་བཟོ་མཁན་ཁག་ཅིག་གི་རྫུན་རྐུབ་བརྟོལ་ཡོད།
མདོར་ན། དུས་དང་འཚམས་པའི་སྲིད་སྐྱོང་། ཞེས་པའི་ཅི་འཕྲོས་མོལ་འཕྲོས་ཀྱི་ལེ་ཚན་དེ་ནི་ཚ་ཚ་འུར་འུར་དང་། དོན་སྙིང་ལྡན་པ་ཞིག་བྱུང་སོང་། གཙོ་བོ་ནི་བརྗོད་གཞི་དང་། བརྗོད་མཁན་གཉིས་ཀ་ཡག་པོ་ཡོད་པར་བརྟེན་ནས་ཕན་ཐོགས་ལྡན་པ་ཞིག་ཆགས་པ་རེད། བརྗོད་གཞི་ནི་དུས་དང་འཚམས་པའི་སྲིད་སྐྱོང་ལྡི་ལི་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ཡིན་པའི་སྐོར་ཡིན་པ་དང་། བརྗོད་མཁན་ནི་མི་ལོ་ ༢༠ ལྷག་རིང་སྐུ་ངོ་དང་མཉམ་དུ་ཕྱག་ལས་གནང་མྱོང་མཁན་དང་། དུས་རྒྱུན་དུ་སྤྱི་ཚོགས་ནང་ལ་བློ་གཟུ་བོར་གནས་ཏེ་སྤྱི་པའི་ཞབས་ཞུ་བསྒྲུབ་གནང་མཁན་མི་སྣ་གསུམ་ཆགས་ཡོད་སྟབས་ལེ་ཚན་ཉན་མཁན་ལ་ཡང་གསལ་པོ་མེད་པ་རྣམས་གསལ་པོ་ཆགས་ཐུབ་པ་དང་། ཐེ་ཚོམ་དྲྭ་བ་བཅད་ཐུབ་པ། རྒྱབ་སྐྱོར་ཡོད་པ་རྣམས་ལ་གདེངས་སྤོབས་འཕར་མ་བསྐྲུན་ཐུབ་པ་བཅས་བྱུང་ཡོད་པ་སྨྲོས་ཅི་ལ་དགོས་སྙམ་མོ། །
བཀྲ་ཤིས་སྟོབས་རྒྱལ་སེམས་ཤུགས་འགྲན་ཟླ་བྲལ། །
ཡེ་ཤེས་ཕུན་ཚོགས་སེར་གཟུགས་རྒྱལ་མཚན་བསྒྲེངས། །
བློ་སེང་གྲོགས་མཆོག་སྐལ་རྡོར་རེ་བས་ལངས། །
རྒྱ་རི་སྒྲོལ་མ་བུད་མེད་ཡིན་པས་ངར། །
འབྲོང་ཆུང་དངོས་གྲུབ་ལྷུང་ས་མེད་པས་སྒུགས། །
ཀུན་ལས་ལྷག་པ་ཏོག་དེ་སྤེན་ཚེ་ལགས། །
དགོངས་དག་བློ་སྙན་ཆད་འདུག་པས་་་
་
བཀྲ་ཤིས་སྟོབས་རྒྱལ་སེམས་ཤུགས་འགྲན་ཟླ་བྲལ། །
ཡེ་ཤེས་ཕུན་ཚོགས་སེར་གཟུགས་རྒྱལ་མཚན་བསྒྲེངས། །
བློ་སེང་གྲོགས་མཆོག་སྐལ་རྡོར་རེ་བས་ལངས། །
རྒྱ་རི་སྒྲོལ་མ་བུད་མེད་ཡིན་པས་ངར། །
བློ་བཟང་སྙན་གྲགས་མཁས་པ་མང་པོས་རེ། །
འབྲོང་ཆུང་དངོས་གྲུབ་ལྷུང་ས་མེད་པས་སྒུགས། །
ཀུན་ལས་ལྷག་པ་ཏོག་དེ་སྤེན་ཚེ་ལགས། །
་
ཀརྡོ་རབ་འབྱམས་པས།
ནན་གྱིས་གསན་འདུག ལེགས་པར་རྟོགས་འདུག སྙིང་དོན་བྲིས་འདུག བཀའ་དྲིན་ཆེ།