མཚམས་སྦྱོར་བ། ཨ་བཙན་པོ།
འདི་ལོའི་ཕྱི་ཟླ་༧ ཚེས་༣ ནས་༡༤ བར་༧གོང་ས་མཆོག་གིས་ལ་དྭགས་རྒྱལ་ས་སླེ་རུ་དུས་དབང་ཐེངས་༣༣ པ་གནང་གཏན་ཁེལ་ཡོད་པ་ལྟར། འདི་གའི་གསར་ཁང་གིས་ཐེངས་འདིའི་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དང་འཕཊ་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོཊ་ཀྱི་ཚོཊ་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་སུ། དུས་དབང་སྐབས་ཀྱི་མི་མང་གི་སྡོད་གནས་སོགས་གོ་སྒྲིག་གི་གནས་སྟངས་ཐད་བཅར་འདྲི་ཞུས་ཡོད།
དྲི་བ། དུས་དབང་ཐེངས་ ༣༣ པ་གསོལ་འདེབས་ཀྱི་བརྒྱུད་རིམ་དང་། དམིགས་བསལ་ལ་དྭགས་སུ་གནང་དགོས་པའི་སྐོར་ལ་ངོ་སྤྲོད་ཅིག་གནོངས་དང་།
ལན། ཕྱི་ལོ་ ༢༠༡༢ ལོའི་རྡོ་རྗེ་གདན་གྱི་དུས་དབང་ཐེངས་ ༣༢ པ་མཇུག་སྒྲིལ་མ་ཐག ཇོ་ནང་གི་ཚོགས་ཆེན་ཞིག་གནས་མཆོག་རྡོ་རྗེ་གདན་དུ་ཚོགས་པ་རེད། སྐབས་དེར་བོད་ནང་གི་ཇོ་ནང་དགོན་སྡེ་ ༢༨ ཀྱི་སྐུ་ཚབ་མཉམ་ཞུགས་གནང་ཡོད་པ་དང་། ཁོང་ཚོས་དུས་འཁོར་དབང་ཆེན་ཐེངས་༣༣ པ་དེ་ཇོ་ནང་གིས་གོ་སྒྲིག་ཞུ་ཐུབ་ན་ཡག་པོ་ཡོད་ལུགས་གསུངས་པ་ལྟར་ང་ཚོས་སྙན་ཞུ་ཕུལ་བ་རེད། ཡིན་ནའང་། ང་ཚོའི་ངོས་ནས་དུས་འཁོར་དབང་ཆེན་གྱི་སྦྱིན་བདག་ཞུ་ཆོག་པའི་གསོལ་འདེབས་ཞུས་པ་མ་གཏོགས། དུས་འཁོར་དབང་ཆེན་གནང་ཡུལ་དམིགས་བསལ་གཏན་ཁེལ་བྱས་མེད། ང་ཚོས་སྙན་ཞུ་ཕུལ་ནས་ཉིན་གཅིག་གི་རྗེས་སུ་ཀོང་པོ་གཞིས་བྱེས་གཉིས་ནས་དུས་འཁོར་དབང་ཆེན་ཐེངས་ ༣༣ པ་གོ་སྒྲིག་ཞུ་བའི་སྙན་ཞུ་ཕུལ་ཏེ། ཁོང་ཚོས་ཕལ་ཆེར་རྡེ་ར་ལྡུན་ནས་དུས་དབང་གནང་རྒྱུའི་གསོལ་འདེབས་ཞུས་ཡོད་ས་རེད། ཕྱིས་སུ་ལ་དྭགས་ནང་པའི་ལྷན་ཚོགས་དང་དགོན་ཚོགས་གཉིས་ནས་ཀྱང་སྙན་ཞུ་ཕུལ་ཡོད་སྟབས། ང་ཚོ་དུས་འཁོར་དབང་ཆེན་ཐེངས་ ༣༣ པའི་སྦྱིན་བདག་གཙོ་བོ་གསུམ་ཆགས་པ་རེད། སྤྱིར་བཏང་ལ་དྭགས་སུ་དེ་སྔོན་དུས་འཁོར་དབང་ཆེན་གནང་མྱོང་ཡོད་ཀྱང་། ལ་དྭགས་སུ་གནང་ན་ཡག་པོ་འདུག་ཅེས་༧གོང་ས་མཆོག་རང་ནས་བཀའ་གནང་སྟེ་གཏན་ཁེལ་བྱུང་བ་རེད། དུས་དབང་ཐེངས་ ༣༣ པའི་གོ་སྒྲིག་ཚོགས་ཆུང་ལ་མཚོན་ན། དཔལ་འབྱོར་མཁོ་སྒྲུབ་ཚོགས་ཆུང་དང་། ཅ་ལག་ཉོ་སྒྲུབ་ཚོགས་ཆུང་། བྱུང་སོང་རྩིས་ཁྲ་བདག་གཉེར་ཚོགས་ཆུང་བཅས། སྦྱིན་བདག་གཙོ་བོ་གསུམ་གྱི་ཚོགས་མིས་གྲུབ་པའི་རྩ་བའི་ཚོགས་ཆུང་ཁག་གསུམ་དུ་བགོས་ཡོད་པ་དང་། དེ་ལ་ནང་གསེས་ཀྱི་ཚོགས་ཆུང་ ༤༢ ཡོད།
དྲི་བ། སྤྱིར་ལ་དྭགས་ལ་འགྲོ་བར་འགྲིམ་འགྲུལ་སྟབས་བདེ་མིན་པ་དང་རིན་གོང་མཐོན་པོ་ཡིན་པའི་དཀའ་ངལ་ཡོད་སྟབས། དེའི་ཐད་གོ་སྒྲིག་ཚོགས་ཆུང་ལ་དམིགས་བསལ་འཆར་གཞི་འདྲ་ཡོད་དམ།
ལན། འགྲིམ་འགྲུལ་གྱི་ཐད་ནས་ལ་དྭགས་སུ་འགྲོ་བར་ལམ་ཀ་བཞི་ཙམ་མ་གཏོགས་མི་འདུག ལམ་ཀ་གཅིག་མ་ནཱ་ལི་དང་ཇཱ་མུ་ཀ་ཤི་མེར་བརྒྱུད་ནས་རླངས་འཁོར་ནང་འགྲོ་བ་དང་། ལམ་ཀ་གཞན་ཞིག་ལྡི་ལི་དང་ཇཱ་མུ་ཀ་ཤི་མེར་ནས་ཐད་ཀར་གནམ་གྲུར་བསྡད་ནས་འགྲོ་རྒྱུ་དེ་རེད། ཉེ་སྔོན་ལ་དྭགས་སུ་འགྲོ་བའི་གནམ་གྲུར་རིན་གོང་འཕར་ཏེ། ཡར་འགྲོ་རྒྱུ་གཅིག་པུར་ཧིན་སྒོར་ཆིག་ཁྲི་བརྒྱད་སྟོང་ ༡༨༠༠༠ ལེན་གྱི་འདུག་སྟབས། ང་ཚོ་གོ་སྒྲིག་ཚོགས་ཆུང་གིས་ལ་དྭགས་དང་ལྡི་ལི་ནས་ཚོགས་འདུ་ཐེངས་མང་བསྡུས་ནས་གྲོས་བསྡུར་བྱས་པ་བརྒྱུད། རྒྱ་གར་འབྲེལ་ཡོད་ལས་ཁུངས་སུ་ལ་དྭགས་སུ་འགྲོ་མཁན་གནམ་གྲུ་དང་སྤྱི་སྤྱོད་རླངས་འཁོར་གྱི་གྲངས་འབོར་སྔར་ལས་མང་དུ་གཏོང་དགོས་པ་དང་། རིན་གོང་རྒྱུན་ལྡན་ཡོང་བར་ཞུ་སྐུལ་བྱས་དང་བྱེད་བཞིན་ཡོད། དེ་བཞིན། ལམ་བར་གྱི་རླངས་འཁོར་ཆུང་བ་རིགས་དང་ལྷག་པར་དུ་ལ་དྭགས་རང་ན་ཡོད་པའི་གླ་འཁོར་ཆུང་ཆུང་རིགས་ཀྱི་རིན་གོང་མཐོ་རུ་མི་འགྲོ་བར་ང་ཚོས་འབད་བརྩོན་བྱེད་བཞིན་ཡོད། གཞན་ཡང་། ཕར་འགྲོ་ཚུར་འོང་གི་ཆོས་ཞུ་བ་ཚོར་སྟབས་བདེ་ཡོང་ཆེད། རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་ཇཱ་མུ། མ་ནཱ་ལི། ལ་དྭགས་ཀྱི་ཁཱལ་སི་དང་ཁཱ་རུ་བཅས་སུ་ཡོད་པའི་གནམ་ཐང་དང་རླངས་འཁོར་འབབ་ཚུགས། དེ་བཞིན་ལ་དྭགས་ཇོ་ཁང་དང་དགོན་ཚོགས་ཀྱི་ལས་ཁུངས་སོགས་སུ། སྣེ་ལེན་ཁང་རེ་ཆེད་འཛུགས་ཀྱིས་མི་མང་ལ་སྣེ་ལེན་དང་ལམ་སྟོན་གནང་འཆར་ཡོད།
དྲི་བ། གོ་སྒྲིག་ཚོགས་ཆུང་གི་ངོས་ནས་འདི་ལོའི་དུས་དབང་སྐབས་ཆོས་ཞུ་བ་ག་ཚོད་ཅིག་འཛོམས་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། སྡོད་གནས་དང་ཆུ་གློག་གོ་སྒྲིག་ཇི་ལྟར་གནང་འཆར་ཡོད།
ལན། ང་ཚོས་ཁྱོན་བསྡོམས་ཆོས་ཞུ་བ་ཆིག་འབུམ་ལྔ་ཁྲི་ ༡༥༠༠༠༠ ལྷག་འཛོམས་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད། ད་རེབ་དུས་དབང་སྐབས་སྡོད་གུར་མ་བརྒྱབ་ན་མགྲོན་ཁང་ཧ་ཅང་ཉུང་ཉུང་རེད། ད་ལྟ་ནས་ང་ཚོ་གོ་སྒྲིག་ཚོགས་ཆུང་གིས་ལ་དྭགས་སུ་ཡོད་པའི་མགྲོན་ཁང་ཚང་མར་འབྲེལ་བ་བྱས་ཏེ། སྐུ་མགྲོན་ཚོའི་བཞུགས་གནས་གོ་སྒྲིག་བྱེད་ཀྱི་ཡོད་པ་དང་། མང་ཚོགས་ལ་ཁྱོན་དམག་གུར་ ༣༠༠༠ ཙམ་གྲ་སྒྲིག་བྱེད་བཞིན་ཡོད། གསུང་ཆོས་ར་བ་ནས་རྐང་པ་བརྒྱབ་སྟེ་སོང་ན་ཆུ་ཚོད་ཕྱེད་ཙམ་གྱི་སར་ས་རྒྱ་ཧ་ཅང་ཆེན་པོ་ཞིག་འདུག དེར་གུར་ ༢༠༠༠ ལྷག་རྒྱག་རྒྱུ་དང་། ལྷག་མ་གུར་ ༡༠༠༠ ཙམ་གསུང་ཆོས་ར་བའི་ཉེ་འཁྲིས་སུ་རྒྱག་འཆར་ཡོད། ཆུ་དང་གློག་སོགས་ཀྱི་ཐད་ལ་དྭགས་དང་ཀ་ཤི་མེར་གཞུང་གིས་འགྲོ་སོང་བཏང་ནས་ལས་ཀ་བྱེད་ཀྱིན་ཡོད་སྟབས། ད་ལྟ་ལས་ཀའི་བརྒྱ་ཆ་ ༧༠ ནས་ ༨༠ གྲུབ་ཚར་བ་རེད། གཙང་སྤྱོད་ལྟ་བུར་མཚོན་ན། གསུང་ཆོས་ར་བའི་ཕྱོགས་རེ་རེར་བུའི་གཙང་སྤྱོད་ ༡༠༠ དང་བུ་མོའི་གཙང་སྤྱོད་ ༡༠༠། སྐུ་མགྲོན་ལ་དམིགས་བསལ་གཙང་སྤྱོད་ ༣༠། མི་སྣ་གལ་ཆེན་ལ་གཙང་སྤྱོད་ ༢༠ བཅས་གཙང་སྤྱོད་ ༥༠༠ ཙམ་ཡོད། དེ་ནས་སྡོད་གུར་ ༢༠༠༠ ལྷག་རྒྱག་ས་རྒྱ་ཆེན་པོ་ཡིན་སྟབས་གཙང་སྤྱོད་རྒྱག་པར་དཀའ་ངལ་ཁྱོན་ནས་ཡོད་པ་མ་རེད། ད་ཆར་སྡོད་གུར་གྱི་རིན་གོང་བརྒྱ་ཆ་བརྒྱ་ཐག་གཅོད་བྱུང་མེད། ཡིན་ནའང་། ང་ཚོས་གང་ཐུབ་ཀྱིས་རིན་གོང་ཆུང་དུ་གཏོང་བ་དང་། རབ་བྱུང་ན་རིན་མེད་ཀྱིས་ཆོས་ཞུ་བ་ཚོར་གཡར་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡོད། ང་ཚོས་གུར་རྒྱག་ས་དེ་ཕྱེ་ཐང་འདྲ་བོ་ཞིག་རེད། ས་ཆ་དེར་ ༢༠༡༣ ལོའི་ལོ་མཇུག་ནས་ལས་མགོ་བཙུགས་ཚར་བ་རེད། ཡིན་ནའང་། འདི་ལོའི་ཕྱི་ཟླ་ ༡ ནས་ ༤ བར་དུ་གནམ་གཤིས་གྲང་དྲག་ནས་སྡོད་གུར་རྒྱག་ཐུབ་མེད་སྟབས། ཟླ་འདིའི་ཟླ་མཇུག་ཙམ་ནས་གུར་རྒྱག་པའི་མགོ་འཛུགས་རྒྱུ་ཡིན།
དྲི་བ། སྔར་ལོའི་དུས་དབང་སྐབས་གསུང་ཆོས་ར་བ་ཆུང་དྲག་པའི་དཀའ་ངལ་འདུག་སྟབས། ད་རེས་གསུང་ཆོས་ར་བའི་ས་རྒྱ་ཆེ་ཆུང་གང་འདྲ་ཡོད་དམ།
ལན། དེ་སྔོན་གྱི་ཞི་བའི་ཚལ་གྱི་གསུང་ཆོས་ར་བ་དང་གསུང་ཆོས་སྟེགས་བུ་སོགས་རྒྱ་ཆེ་རུ་བཏང་སྟེ། གསུང་ཆོས་ར་བར་ཆོས་ཞུ་བ་ཆིག་འབུམ་ལྔ་ཁྲི་ ༡༥༠༠༠༠ ལྷག་ཤོང་ཐུབ་པའི་རྩིས་རྒྱག་གི་ཡོད། གལ་སྲིད་གསུང་ཆོས་ར་བའི་ནང་མ་ཤོང་ཚེ་ཕར་ཕྱོགས་ཀྱི་གཞུང་ལམ་དང་། ཚུར་ཕྱོགས་ཀྱི་སེང་གེ་གཙང་བོའི་འགྲམ་དུའང་འདུག་ས་ཡོད་སྟབས། ཆོས་ཞུ་བའི་འདུག་སར་དཀའ་ངལ་འབྱུང་སྲིད་ཀྱི་མ་རེད། དེ་བཞིན། སྐབས་དེར་མི་དང་འགྲིམ་འགྲུལ་རིགས་ཀྱི་འཚང་ཁ་མི་ཡོང་ཆེད་ལམ་ཆེན་གསར་པ་ཁ་ཤས་ཀྱང་གསར་བཟོ་བྱེད་བཞིན་ཡོད་པ་རེད།
དྲི་བ། ༧གོང་ས་མཆོག་གི་སྐུ་ཕྱྭ་དང་འབྲེལ་བའི་བདེ་འཇགས་ཐད་གྲ་སྒྲིག་ག་རེ་གནང་འཆར་ཡོད་དམ།
ལན། གོ་སྒྲིག་ཚོགས་ཆུང་གི་ཚོགས་འདུ་རིམ་པའི་ཐོག་དམིགས་བསལ་གྱིས་༧གོང་ས་མཆོག་གི་སྐུ་ཕྱྭའི་ཐད་གྲོས་བསྡུར་བྱས་པ་མ་ཟད། རྒྱ་གར་གྱི་འབྲེལ་ཡོད་ལས་ཁུངས་དང་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས། དེ་བཞིན་སྐུ་སྒེར་ཡིག་ཚང་བཅས་ལ་ཆེད་བཅར་གྱིས་འབོད་སྐུལ་སྙན་ཞུ་ཕུལ་ཡོད་ལ། ད་དུང་འབྲེལ་ཡོད་ལས་ཁུངས་ནས་དམིགས་བསལ་གྱིས་དོ་སྣང་གནང་བར་འབད་བརྩོན་བྱས་དང་བྱེད་མུས་ཡིན།
དྲི་བ། དུས་དབང་ཐེངས་༣༣ པའི་འགྲོ་སོང་ཐད་ཚོད་དཔག་གང་འདྲ་བྱེད་ཀྱི་ཡོད་མེད་དང་། མ་འོངས་པར་ལྷག་དངུལ་འདྲ་བྱུང་བ་ཡིན་ན་ག་རེ་གནང་འཆར་ཡོད།
ལན། ད་ལྟ་ང་ཚོས་ལས་ཀ་ཚང་མ་མགོ་བཙུགས་ཙམ་ལས་ལས་དོན་ཁག་ཡོངས་སུ་གྲུབ་མེད་སྟབས། འགྲོ་སོང་ཐད་ཐག་ཆོད་པ་ཞིག་བཤད་རྒྱུ་མེད། གོ་སྒྲིག་ཚོགས་ཆུང་གི་ཚོགས་འདུ་རིམ་པའི་ཐོག་གྲོས་བསྡུར་བྱས་ཏེ། མ་འོངས་པར་དུས་དབང་གི་འགྲོ་སོང་ཕུད་པའི་དངུལ་ག་ཚོད་ལྷག་ཀྱང་སྐུ་སྒེར་ཡིག་ཚང་རང་ལ་འབུལ་རྒྱུ་ཡིན་པའི་ཐག་གཅོད་བྱས་ཡོད།
དྲི་བ། དུས་དབང་སྐབས་གསུང་ཆོས་མ་གཏོགས་དམིགས་བསལ་གྱི་མཛད་འཆར་གཞན་གང་དང་གང་ཡོད་དམ།
ལན། གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ད་རེས་ཆོས་ཕྱོགས་རང་གི་ཐོག་ནས་སྔོན་འགྲོའི་གསུང་ཆོས་དང་དུས་དབང་དངོས་གཞི་མ་གཏོགས་འཆར་གཞི་གཞན་མེད། སྐབས་དེར་དམིགས་བསལ་གྱི་སྐུ་མགྲོན་དེ་འདྲ་ཡོད་པ་ཡིན་ན་བཞུགས་གནས་སོགས་ང་ཚོས་གོ་སྒྲིག་བྱེད་ཀྱི་ཡོད་པ་རེད། ལྷག་པར་དུ་ང་ཚོས་བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་ཡོངས་ལ་ཕྱག་ཡིག་ཕུལ་ཏེ། དུས་དབང་གི་གནས་དུས་དང་གོ་སྒྲིག་བྱེད་ཕྱོགས་སོགས་སྙན་གསེང་ཞུས་ཡོད། ཡིན་ནའང་། མགྲོན་ཤོག་ལྟ་བུ་བྱས་ནས་བཏང་བ་མ་རེད། གལ་སྲིད། ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམ་པ་ཕེབས་པ་ཡིན་ན། བཞུགས་གནས་སོགས་གོ་སྒྲིག་ཆ་ཚང་ང་ཚོས་འགན་འཁུར་གྱི་ཡོད་པ་རེད། དེ་མིན། ད་ལྟའི་ཆར་ཕྱི་རྒྱལ་ཁག་ནས་དམིགས་བསལ་གྱི་སྐུ་མགྲོན་དེ་འདྲ་འབྲེལ་བ་གནང་མཁན་བྱུང་མ་སོང་།
དུས་བབ་གསར་ཁང་ནས་གུས་པར་དུས་དབང་སྐོར་བཅར་འདྲི་བྱས་པ་ཞིག་འདིར་བཏང་ཡོད། མི་མང་གིས་མཁྱེན་རྟོགས་ཆེད་དྲ་ཚིགས་སུ་བཀོད་རོགས་གནང་།
ཧ་ཅང་ཡག་པོ་རེད། བཀའ་དྲིན་ཆེ།
གཙོ་བོ་༧གོང་ས་མཆོག་གི་སྐུ་གཟུགས་སྲུང་སྐྱོབ་ལ་བཟབ་རོགས།
“སྐབས་དེར་དམིགས་བསལ་གྱི་སྐུ་མགྲོན་དེ་འདྲ་ཡོད་པ་ཡིན་ན་བཞུགས་གནས་སོགས་ང་ཚོས་གོ་སྒྲིག་བྱེད་ཀྱི་ཡོད་པ་རེད།” ཅེས་གསུངས་པ་དེ་ཡག་པོ་བྱུང་། ང་། ངའི་ཁྱི་གུ་དཀར་ཆུང་། ཞི་མི་ནག་རིལ་བཅས་ཡོང་གི་ཡོད། སྣེ་ལེན་གཟབ་རྒྱས་ཡོད་པ་ཞུ་ཞུ་ཞུ།།
ད་ལོ་ལ་དྭགས་དུས་འཁོར་དབང་ཆེན་ལ་བཅར་རྒྱུའི་ནང་མི་དང་བཅས་གནམ་གྲུའི་འཛིན་བྱང་ཉོས་ཚར་བས། དེར་མཇལ་འོངས།
དད་ལྡན་ལྷ་མི་ཞལ་ངོ་མཇལ་དུས།།
དད་སྟོབས་བྱམས་པར་འོད་ཟེར་འཕྲོས་ནས།།
སྐབས་དེར་བསག་པའི་ཆོས་རྩ་དགེ་རྩ།།
མ་གྱུར་འགྲོ་བའི་བདེ་རྩར་སྨིན་ཤོག།
༧གོང་ས་མཆོག་གི་དུས་འཁོར་དབང་ཆེན་དེ་དོན་ཡོད་པ་ཞིག་བྱེད་རོགས་གནང་། ཁ་སང་དུས་དབང་སྐབས་པ་ལ་བསྲེག་མཁན་དགོས་ཟེར་ནས་འཚོལ་གྱི་འདུག ཁོ་ཚོས་དུས་དབང་ཚར་རྗེས་༧ གོང་ས་མཆོག་དང་མཇལ་ཁ་དམིགས་བསལ་ཡོད་ཟེར་གི་འདུག དེ་འདྲའི་ཚོང་ལྟ་བུ་བྱེད་ན་ཡག་པོ་མི་འདུག
དྲི་བ་ཁ་ཤས་ཡོད། ༡༽དུས་དབང་སྐབས་སྔོན་འགྲོའི་གསུང་ཆོས་གང་གནང་གི་ཡོད་དམ།
༢༽ གསུང་ཆོས་ར་བར་གུར་ཡོད་དམ།
༣༽ སྐབས་དེ་དུས་ནམ་གཞི་ཚ་གྲང་ག་འདྲ་ཡོད་དམ།
༤༽ གསུུང་ཆོས་སྐབས་ཆོས་ཞུ་བ་རྣམས་ལ་གསོལ་ཇ་དང་ཞེ་ལག་གི་གོ་སྒྲིག་ཡོད་དམ།
༥༽ གོ་ཚོད་ལ་རྒྱ་གར་ཡུལ་གྲུ་གཞན་ཁག་གི་ཁ་བར་འབེད་སྤྱོད་མེད་ཟེར་གྱི་འདུག་བདེན་ནམ།
༦༽ ཕྱི་རྒྱལ་གྱི་མི་རྣམས་ལ་སྔ་ལོ་མོན་གྷོཊ་ནང་བཞིན་གྱི་དཀའ་ངལ་མེད་པའི་ཐབས་ཤེས་གནང་ཡོད་དམ།
༧༽ ས་ཚམས་ཡིན་སྟབས་སྐྱབ་བཅོལ་བ་རྣམས་ལ་དམིགས་བསལ་གྱི་དཀའ་ངལ་དེ་འདྲ་མེད་དམ།
༨༽ ཡུལ་དུས་ཀྱི་དབང་གིས་བོད་མི་སྤྱི་དང་ཕྱི་རྒྱལ་བ་རྣམས་ལ་དགོས་ངེས་གང་ཡོད་གསལ་གྲགས་གནང་ཐུབ་ན་གནང་རོགས་གནང།