ཁང་གསར་རྡོ་རྗེ།
བཀའ་ཤག་གིས། ལོ་རྗེས་མ་དུས་དབང་གི་སྦྱིན་བདག་གནང་རྒྱུ་ཡིན་པའི་གསལ་བསྒྲགས་གནང་བ་དང་། སྤྱི་ཚོགས་ནང་། སྲིད་སྐྱོང་གིས་དུས་དབང་གི་སྦྱིན་བདག་བྱེད་པའི་གོ་སྐབས་བཟུང་སྟེ། རང་ཉིད་ལ་སླར་ཡང་འོས་ཤོག་ཐོབ་ཐབས་བྱེད་སྲིད་པའི་ཚོད་དཔག་བྱེད་མཁན་བྱུང་ཡོད་པ་མ་ཟད། གྲོས་ཚོགས་ནང་དུའང་། བཀའ་ཤག་གི་ཀུན་སློང་ལ་དོགས་འདྲི་དང་། ཐ་ན་ཅིའི་ཕྱིར་དུས་དབང་གི་སྦྱིན་བདག་དེ་བཀའ་སྤྱི་གཉིས་ཐུན་མོང་ནས་མ་ཞུས་པ་ཅི་རེད་ཅེས་འདྲི་མཁན་བྱུང་ཡོད།
བཀའ་ཤག་གིས་དུས་དབང་གི་སྦྱིན་བདག་གནང་བའི་རྒྱབ་ཏུ། འོས་ཤོག་ཐོབ་ཐབས་ཀྱི་ཀུན་སློང་ཡོད་མིན་ཇི་ལྟར་ཡང་། བཀའ་ཤག་གི་མིང་ཐོག་ནས་དུས་དབང་གྲ་རྒྱས་ཤིག་གོ་སྒྲིག་ཐོག མང་ཚོགས་འབུམ་ཚོ་མང་པོའི་དབུས་དང་། ༸གོང་ས་མཆོག་གི་མདུན་དུ་ལངས་ཏེ་བཀའ་ཤག་གི་འདས་པའི་ལས་བསྡོམས་དང་། མ་འོངས་པའི་དམ་བཅའ་སོགས་གང་ཞིག་ཕུལ་ཡང་། དེ་ནི་གང་གིས་ཀྱང་དོ་ཐབས་མེད་པའི་དྲིལ་བསྒྲགས་ཤིག་ཆགས་ངེས་པ་ཚང་མས་མཁྱེན་གསལ་རེད།
དུས་འཁོར་དབང་ཆེན་གྱི་སྐབས་སུ། བཀའ་ཤག་གིས་སྦྱིན་བདག་གནང་བ་དང་། དེའི་སྐབས་ལས་དོན་སྙན་སྒྲོན་ཞུས་པ་ཁག་ལ། ༸གོང་ས་མཆོག་གི་ངོས་ནས་དགྱེས་བརྩེའི་བཀའ་སློབ་ཕེབས་ངེས་པ་དེ་ཡང་སྤྱིར་བཏང་གི་འགྲོ་སྟངས་ཤིག་ཡིན་ཞིང་། དགྱེས་བརྩེའི་བཀའ་སློབ་དེས་འོས་བསྡུ་ལ་ཤུགས་རྐྱེན་ཇི་ཙམ་ཐེབས་མིན་ཡང་ཚོད་དཔག་ཐུབ་པ་ཞིག་རེད།
ཕྱོགས་གཞན་ནས། ཉེ་དུས་འོས་བསྡུ་ལས་ཁང་གིས། སྲིད་སྐྱོང་གི་འོས་མི་ཚོས། དྲིལ་བསྒྲགས་བྱེད་སྐབས་༸གོང་ས་མཆོག་གི་སྐུ་པར་ཚུན་ནས་བེད་སྤྱོད་མི་ཆོག་པའི་གཏན་འབེབས་གནང་ཡོད་པས། དུས་འཁོར་དབང་ཆེན་ལྟ་བུའི་འདུ་ཚོགས་ཆེན་པོ་ཞིག་ཏུ། ༸གོང་ས་མཆོག་སྐུ་དངོས་སྲིད་དོན་པའི་ལག་ཆར་བཀོལ་ཉེན་ཡོད་པ་དེ་ཡང་སྐུ་སྒེར་ཡིག་ཚང་གི་མཚོན་པའི་གནད་ཡོད་ཚང་མས་བསམ་གཞིགས་མ་བྱེད་ཀ་མེད་རེད།
འོས་བསྡུ་དང་ཆོས་དད་ཀྱི་ཤུགས་རྐྱེན་གྱི་ངོས་ནས་བལྟས་ཚེ། ད་རེས་དུས་འཁོར་དབང་ཆེན་ཕར་འགྱངས་ཀྱི་ཐག་གཅོད་གནང་བ་དེ་ནི། སྐྱོན་བྲལ་གྱི་འོས་བསྡུའི་ལས་རིམ་ཞིག་ཡོང་རྒྱུར་ཕན་ཐོགས་ཡོད་པ་ཞིག་ཡིན་པ་མ་ཟད། ཆབ་སྲིད་ཀྱི་དགོས་མཁོར་ལྟོས་ཏེ་ཆོས་དད་བེད་སྤྱོད་མི་བྱེད་པར་ཡང་ཕན་ཆ་ངེས་ཅན་ཡོད་པ་ཞིག་ཡིན་པས། དུས་དབང་ཕར་འགྱངས་ཀྱི་རྒྱབ་ཏུ་གསང་བའི་སྒྲུང་གཏམ་ཅི་འདྲ་ཞིག་སྦས་ཡོད་རུང་། ངས་ནི་དུས་དབང་ཕར་འགྱངས་ཀྱི་ཐག་གཅོད་དེ་ཡང་དག་པའི་ཐག་གཅོད་ཅིག་ཡིན་པའི་ངོས་འཛིན་ཞུ་རྒྱུ་ཡིན།
སྲིད་སྐྱོང་གིས་ཀྱང་ཁ་གྲགས་ཚད་ལྟ་བུ་ལ་རྒྱལ་བ་རིན་པོ་ཆེའི་མཚན་དྲུད་ནས་ཡོང་གི་འདུག་པ་ནི་དངོས་ཡོད་ཡིན།
གང་ལྟར་ “འོས་བསྡུ་ལས་ཁང་གིས། སྲིད་སྐྱོང་གི་འོས་མི་ཚོས། དྲིལ་བསྒྲགས་བྱེད་སྐབས་༸གོང་ས་མཆོག་གི་སྐུ་པར་ཚུན་ནས་བེད་སྤྱོད་མི་ཆོག་པའི་གཏན་འབེབས་གནང་ཡོད་” ཚུལ་འཁོད་འདུག་པ་དེ་བདེན་ན་ནི་དུས་དང་བསྟུན་པའི་དགོས་གལ་ཁྱད་པར་བ་ཞིག་རེད།
དེ་ལས་ཀྱང་གནད་དོན་གཞན་ཞིག་ཡོད་པ་ནི། སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་མཆོག་གིས་སྐབས་དེར་མི་ཚོགས་འདུ་འཛོམས་ཧ་ཅང་ཆེ་བའི་སྐབས་དེར། བཙན་བྱོལ་བོད་མིའི་དབུ་ཁྲིད་ཚོའི་འདས་པའི་ལོ་ལྔ་བཅུ་ལྷག་གི་ཕྱག་ལས་གནང་སྟངས་དམར་པོ་ཞིག་འགྲེལ་བཤད་འོང་རྒྱུ་དང་། མ་འོངས་ལས་འཆར་ཞིག་ཀྱང་དེ་བཞིན་འོང་རྒྱུ་ཡིན་སྟབས། ལྐུགས་པ་མ་ཡིན་པའི་གཞིས་ལུས་རྒྱ་ཆེའི་མི་མང་ལ་བརྡ་ལན་ཞིག་འཕྲོད་རྒྱུ་དང་། དེ་ལ་ཡང་ཞེད་ནས་མིན་ནམ།
ཁང་གསར་རྡོ་རྗེ་ལགས་ནས་དབྱེ་ཞིབ་དོན་ལ་གནས་པ་ཞིག་གནང་འདུག་པས་མངོན་པར་བསྟོད་དོ།།
ལགས་སོ། ཁང་གསར་ལགས།
དུས་དབང་ཕར་འགྱངས་ཀྱི་རྒྱབ་ན་འོས་བསྡུའི་འཁྲབ་སྟོན་ཡོད་མེང་མི་ཤེས་མོད།འོན་ཀྱང་སྐུ་མདུན་གྱིས་སྐུ་ངལ་གསོ་དགོས་པ་དེ་དོན་ལ་བབ་ཡོད།
ཀླུ་མཁར་བྱམས་ཀྱིས། རང་གི་ཁ་སྟབས་མ་མཐོང་བར་རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་བཀག་འགོག་བྱས་པ་རྒྱ་ནག་གི་རྒྱལ་གཅེས་ཆོས་གཅེས་ཟེར་བ་དང་གཅིག་མཚུངས་ཡིན་པར་བཤད་པ་སོགས་ནི། བཤད་རྒྱུ་མ་རྙེད་པའམ་དེ་ལྟ་བུ་ཞིག་བཤད་ན་མང་མང་གིས་དོ་སྣང་སྤྲོད་ངེས་སྙམ་པ་དང་། ཆོས་དང་བླ་མ་ལ་དགག་པ་རྒྱག་པ་ནི། རང་གིས་མ་ཤེས་པའི་གནོངས་དེ་དོན་དག་གཞན་དག་ཅིག་གི་སྟེང་ལ་སྐོར་ཐབས་བྱས་པ་ཙམ་ལས་གཞན་ཅང་མ་རེད། ཀླུ་མཁར་བྱམས་སྙིང་རྗེ། ཁོ་ལ་ཅང་བཤད་མི་འདོད། ཁོ་རྨོངས་དྲགས་པས་དེ་ལྟར་བྱས་པ་ལས་ཉེན་ཁ་ཅི་ཡང་མེད་ལ། དོན་གྱིས་རྒྱབ་སྐྱོར་བ་ནུས་པ་ཅན་ཡང་གཅིག་ཀྱང་མེད། ཁོ་ན་བུ་གུའི་རྩེ་སྤྱད་ལྟ་བུ་ཞིག་གམ། ཆབ་སྲིད་པའི་ལག་ཆ་ཆུང་ཆུང་ཞིག་རེད། དགོས་མཁོ་མེད་དུས་ཁོ་ལ་ཇ་ཕོར་པ་གང་སྟེར་མཁན་དེ་ཡང་ཁོ་དང་འདྲ་བའི་ཀླད་མེད་དེ་ཚོ་ལས་གཞན་སུ་གང་མིན། མི་བདེན་ན་བལྟས་ཆོག
སྤེན་ཚེའི་ཆ་ནས་བཤད་ན། ཁོ་ལ་ནུས་པ་ཅན་གྱི་འགོག་རྐྱེན་མང་། དེ་ནི་ཁོ་ལ་ལྷན་སྐྱེས་ཀྱི་རྣམ་དཔྱོད་དང་འཇོན་ཐང་ཡོད་པར་མ་ཟད། གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་སོགས་བོད་ཀྱི་དོན་དུ་སྐུ་ཚེ་ཧྲིལ་པོར་འབད་པ་གནང་མཁན་ཚོར་དད་ཞེན་ཆེ་བའི་ཁར། བོད་མི་རིགས་ཀྱི་གཤིས་ཀ་ངོ་མ་ལྡན་པ་(ཀླུ་མཁར་བྱམས་ལ་རྒྱ་གཤིས་དང་བློ་སེང་ལ་འཕགས་དབྱིན་གྱི་གཤིས་ཀ་འདྲེས་མར་ཡོད་)དེ་རེད། དེའི་རྐྱེན་གྱིས་འཇུ་ཆེན་རྒན་པོས་ཀྱང་ངན་སྨས་སྣ་ཚོགས་བཤད་ཅིང་འཇུ་ཆེན་གྱི་བུ་མོས་ཀྱང་ཀ་བརྒྱུད་ཀྱི་སྤྱི་འཐུས་ཡར་འཕེལ་དང་ས་སྐྱའི་སྤྱི་འཐུས། བོན་པོའི་སྤྱི་འཐུས་གྲྭ་པ་དེ་ཚོ་ལག་ཆར་སྤྱད་པ་རེད། བློ་བཟང་སེང་གེ་དང་ཁོའི་རྗེས་འབྲང་དག་སྐྲག་ས་ཡང་ཁོ་གཅིག་པུ་རེད། སྲིད་སྐྱོང་འོས་མི་བཀྲས་དབང་གི་ལོ་རྒྱུས་མི་ཤེས། གང་ལྟར་ད་ལོའི་སྲིད་སྐྱོང་གི་འོས་གཞིའི་ཐད། མདོ་སྟོད་དང་དབུས་གཙང་གཉིས་ཀ་མགོ་འཐོམ་ས་དང་ཇི་བྱེད་མི་ཤེས་པའང་གནད་འགག་དེར་ཐུག་ཡོད། ཨ་མདོ་བ་ཚོ་ནི་གྲངས་ཀའི་ནང་ཚུད་མེད། དེ་ནི་མི་གྲངས་ཀྱི་ཆ་ནས་དང་ཆབ་སྲིད་ཤེས་ཡོན་གྱི་ཆ་ནས་སོགས་ཕྱོགས་གང་ནས་བལྟས་ཀྱང་སྲིད་དོན་གྱི་འཕྲུལ་རྩེད་ནང་ནམ་ཡང་ཚུད་མི་ཐུབ།
ད་ཐེངས་དུས་དབང་ཕྱིར་འཐེན་བྱས་པ་དེ་ནི་བློ་སེང་གི་ཕམ་ཁ་ཆེ་ཤོས་རེད། བློ་སེང་གིས་ད་ལོ་ཐོག་མར་གཞུང་འབྲེལ་གྱིས་སྲིད་སྐྱོང་དྲིལ་བསྒྲགས་ཀྱི་བརྙན་དེབ་དཔར་སྐྲུན་བྱ་རྒྱུར་འབད་པ་བྱས་ཀྱང་། གྲོས་ཚོགས་ཀྱིས་བཀག་ཡོད། ཡང་བརྒྱུད་ལམ་སྣ་ཚོགས་ནས་ཐབས་ཤེས་བྱེད་རྒྱུར་འབད་ཀྱང་འོས་བསྡུ་ལྷན་ཁང་གིས་བཀག་ཡོད། འདི་དག་ནི་ཆབ་སྲིད་ཤེས་པ་ཚོའི་ལག་རྗེས་ཡིན། བློ་སེང་འདི་ལ་ཤེས་ཡོན་གང་ཡང་མེད། དབྱིན་ཇི་ནི་དེ་ཙམ་ཞིག་རེད། ཆབ་སྲིད་ནི་མི་ཤེས། བོད་ཡིག་བོད་སྐད་ནི་བྱིས་པ་ཞིག་དང་མཚུངས། ལྷག་བསམ་ནི་ཀླད་གོར་རེད། ཁོ་ལ་ཡོད་པ་ནི་རྒྱབ་ལོགས་ན་རྟིང་སྐུལ་བྱེད་མཁན་སྒེར་སེམས་ཅན་དུ་མ་ཡོད་པ་དེ་རེད། དེ་དག་གིས་ཆོལ་ཁའི་ཞེན་ཁོག་ཡོད་ཚུལ་བཤད་པ་ལས། དོན་ངོ་མར་ཁོ་ཚོས་འདོད་པ་ནི་ཁོ་ཚོའི་སྒེར་དོན་རེད། xxx
བཙན་བྱོལ་སྤྱི་ཚོགས་ནང་ཁང་གསར་རྡོ་རྗེ་ལྟ་བུའི་དཔྱོད་ཤེས་ཅན་རེ་ཟུང་ཡོད་པ་འདི་ཡང་། བློ་བདེ་སེམས་བདེ་ཞིག་རེད། དྲང་བོར་བཤད་ན་བཙན་བྱོལ་སྤྱི་ཚོགས་ནང་སྐུ་ཉིད་ལས་གནད་ཁེལ་གྱིས་དཔྱད་བརྗོད་པ་ཞིག་དཀོན་པོ་རེད།
ཁང་གསར་མཆོག་ནས་དབྱེ་ཞིབ་རང་བཞིན་ལྡན་པའི་གནང་ལུགས་དྲངས་པར་མངོན་པར་བསྟོད། དངོས་ནས་བསམ་གཞིགས་སྟོབས་ཀི
ཨ་རོགས་རྣམ་པ། དུས་དབང་ཕྱིར་འགྱང་བྱས་པ་དེ་ནས་འགོ་བརྩམས་ཏེ། བཀའ་ཤག་དང་། སྲིད་སྐྱོང་བཅས་ལ་ཁ་བརྡུང་ཚད་མེད་བཏང་སོང་། སྐབས་འཚོལ་བ་དག་ལའང་ལས་ཐོག་སྲིད་སྐྱོང་སྲིད་སྟེགས་ནས་དབབ་རྒྱུ་དང་། སྲིད་སྐྱོང་འོས་མི་དང་འབྲེལ་བའི་ལག་ཆ་འཚོལ་བཞིན་འདུག ཡི་གེ་ཤེས་མཁན་ནང་ན་ཆོས་སྲིད་ལ་དཔྱོད་ཤེས་ཡོད་ནོ་དཀོན་གྱི་ཡ། བཀའ་དབང་རྩ་ཆེན་ཡང་སྲིད་དབང་ནང་འདྲེས་ཏེ། ལོག་འགྲེལ་སྣ་ཚོགས་རྒྱབ་ཀྱིན་གདའ། མི་ཆོས་ནས་བསམ་ན། ཁང་གསར་གྱིས་བཤད་པ་འཐད་ལ། ལྷ་ཆོས་ནས་བསམ་ན། དབང་འཐོབ་རྒྱུའི་སྐལ་བཟང་མེད་པ་རེད། དེ་ལ་སྲིད་སྐྱོང་གི་འོས་བསྡུའི་འབྲེལ་བ་སྤུ་ཙམ་ཡང་མེད་ནའང་།
ལོང་བས་མཐོང་བ་དང་། འོན་པས་ཐོས་པ། ངག་ལྐུགས་པས་བཤད་ལུགས་སོགས་ཤེལ་ཆགས་བཙན་བསྒྲིགས་ཀྱིས་ཆབ་སྲིད་དང་འདྲེས་ཡོང་བ་ནི། ཆབས་སྲིད་རྒད་པོར་སློང་བའི་དགོད་གཏམ་ཁོ་ན་ཡིན་གྱིས། དཔྱོད་ཤེས་ཀྱི་གཏམ་ནི་གཞར་ཡང་མིན།
སྐུ་ཞབས་ཁང་སར་རྡོ་རྗེ་ལགས་ཀྱི་སྐབས་སྐབས་སུ་སྤྱི་ཚོགས་དང་འབྲེལ་བའི་བརྗོད་གཞི་གནད་འཕིགས་རེ་སྤེལ་དང་སྤེལ་བཞིན་པར་བསྔགས་བརྗོད་ཡོད་དོ།
སྐུ་ཞབས་ཁང་གསར་རྡོ་རྗེ་ལགས་ཀྱི་སྐབས་སྐབས་སུ་སྤྱི་ཚོགས་དང་འབྲེལ་བའི་བརྗོད་གཞི་གནད་འཕིགས་རེ་སྤེལ་དང་སྤེལ་བཞིན་པར་བསྔགས་བརྗོད་ཡོད་དོ།