རེབ་གོང་ཤེས་རབ།
བོད་མི་རྣམས་རྒྱ་གར་ནས་ལོ་ ༦༠ འགྲོ་ལ་ཉེ། དེའི་རིང་རྒྱ་གར་བོད་མི་ཚོར་བཀའ་དྲིན་ཅི་ལྟར་ཆེ་བ་བཞིན། བོད་མི་ཚོས་ཀྱང་རྒྱ་གར་ལ་བཀའ་དྲིན་བླ་མེད་དུ་གསབ་ལོས་ཡོད། དེས་རྐྱེན་དེང་སང་རྒྱ་གར་བ་སྤྲང་བོ་འདུག་འདུག་བྱེད་མཁན་ཚོའང་བོད་མི་ཚོར་མང་བ་༼ བུན་ལ་གེས ༽འབུམ་གཅིག་དང་། ཉུང་བ་༼ པེན་རྡ་ར་ཟོ ༽ཟེར་རྒྱུ་ཡ་ང་བག་ཚ་ཅི་གང་མི་འདུག
གནས་མཆོག་རྡོ་རྗེ་གདན་དུ་དགོན་སྡེ་གཙོས་སྒྲིག་འཛུགས་དང་ཚོགས་པ་ཡོད་མཁན་ཚོས་གང་ཐུབ་ཐུབ་དུས་དབང་གི་ཉིན་འགའ་ཤས་འཁྱོལ་རྒྱུར་གྲ་སྒྲིག་འོས་འཚམས་བྱས་ཡོད་ནའང་། བོད་མི་སྒེར་བ་ཚོ་ལ་ནི་དུས་དབང་གི་ཉིན་ཁ་ཤས་བསྐྱལ་རྒྱུར་མགོ་ཉོག་པོ་ཞེ་དྲག་ཆགས་བཞིན་འདུག རྡོ་རྗེ་གདན་སོགས་གནས་རྩ་ཆེན་ཡིན་དཱ་ཡིན་མོད། འགྲིམ་འགྲུལ་གྱི་ཕྱོགས་ནས་ཀྱང་བོད་མི་ཚོར་སྟབས་བདེ་བོ་ཞེ་དྲག་མེད་པ། བོད་དགོན་རེ་འགའ་ཡོད་པ་རྣམས་ཀྱིས་ཀྱང་རང་གི་གྲྭ་ཚང་གི་གྲྭ་བའི་ཟ་འདུག་ཐག་གིས་མ་ཆོད་ལ་བྲེལ་བས། བོད་མི་ཚོར་ས་རྡོ་རྗེ་གདན་དུ་རང་གི་འདུག་གནས་སྟབས་བདེ་ཞིག་དགོས་དུས། གཞི་ནས་ས་ལེབ་མོ་ལ་མགོ་གསར་པ་ཕུབ་དགོས་ཀྱིན་འདུག
མཆོད་རྟེན་ཆེན་མོའི་འཁྲིས་སུ་བཅར་བ་ཡིན་ན། བོད་མི་རྒན་གཞོན་ཕོ་མོ་མེད་པར་རང་རང་གིས་ཚོང་ཙག་ཙིག་གཉེར་བ་ལ་ལྟོས་དུས། དངོས་གནས་བོད་མི་དཀྱུས་མ་རྣམས་ཀྱི་རང་ཁ་རང་གསོའི་སྙིང་ལ་སྤོབས་པ་བྱེད་དགོས་པ་ཞིག་རེད། དེ་བཞིན་འགྱིག་ཤོག་གི་ཟ་ཁང་པང་རིམ་བསྒྲིགས་པ་ལ་ལྟོས་པས་ཀྱང་ང་ཚོ་རང་འགོ་རང་ཐོན་ཆགས་འདུག་ཨང་བསམ་བསམ་ཞིག་རེད་མོད། ཡིད་སྐྱོ་བ་ཞིག་ལ། ཟ་ཁང་གི་ས་དང་ཚོང་ལས་ཙག་ཙིག་གཉེར་མཁན་ཚོར་འདུག་རིན་གྱིས་ཡོང་འབབ་འོས་འཚམས་ཤིག་གང་ནས་མི་ཐོབ་ཅིང་། རེ་ཤོས་ཀྱིས་རང་གི་ཚོང་ལས་ཁེ་ཕན་གྱིས་ཡར་མར་འགྲུལ་སླ་ཁ་གསབ་ཐུབ་ན་དེའང་ཡག་པོར་བརྩི་བཞིན་འདུག
རྡོ་རྗེ་གདན་གཡས་གཡོན་གྱི་འགྲོ་ཐབས་འདུག་ཐབས་གད་སྙིགས་ཁྲོད་འཚོ་བའི་ཡུལ་མི་ཚོས་ཀྱང་། རང་རང་གི་ཉལ་ས་རྣམས་བོད་མི་ཁང་སླ་བ་ཚོར་ཉམས་ཀྱིས་བསྟན། ཝན་ལ་ཁེ་དང་པེན་རྡི་ར་ཟོ་ཟེར་རྒྱུར་ངོ་ཚ་གང་ཡང་མི་འདུག་པ་འདིས། དབུལ་བོ་གཞན་གྱི་མགོ་སྙོབས་འདོད་ཀྱི་ཧམ་སེམས་མེད་ཅེས་པ་དེ་སྐྱག་རྫུན་དམར་པོ་ཞིག་ཡིན་པ་ཚོར་གྱིན་འདུག་ལ། སྤྱིར་ཡུལ་མི་འདི་ཚོས་བོད་མི་ཚོས་ད་བར་ཕན་གང་བཏགས་ལ་བསམ་ཤེས་མི་ཐུབ་ཀྱང་། ཅུང་ཙམ་ཚང་མ་མི་གཅིག་གྱུར་ཡིན་པའི་བསམ་ཚུལ་མེད་པ་འདིས་ཀྱང་བོད་མི་ཚོས་རང་འགོ་རང་གིས་མ་ཐོན་དུས་ད་ཚར་བཞིན་པ་མི་ཤེས་མཁན་གང་དུ་སྲིད་དམ།
དེས་མ་ཟད་རླངས་འཁོར་དང་མེ་འཁོར་གྱི་གླ་ཡང་ཉིན་ནས་ཉིན་རེར་མཐོ་རུ་ཕྱིན། ཐ་ན་རྐང་འཁོར་གཏོང་མཁན་ཞིག་ལའང་སྒོར་ལྔའི་ལམ་ཁར་སྒོར་ ༡༥། ༢༠ ལབ་རྒྱུར་ཐེ་ཚོམ་མེད་པ་སོགས་ཡུལ་མིས་མགོ་རྡུང་ལས་ཀ་འདི་ནི་སྤྱིར་ཚོང་ལས་ཞིག་མ་རེད་ལ། མི་ལ་རང་བཞིན་གྱིས་ཡོད་པའི་ཧམ་པ་ལས་ཀྱང་སྡུག་རྩུབ་ཆེ་བ་འདྲ་ཞིག་འདུག་པས། རྒྱ་གར་གཞུང་འདི་བས་ཀྱང་ཅུང་ཙམ་སྤྱན་གྱིས་གཟིགས་ཏེ་བོད་མི་ཚོར་ཅིག་བྱེད་དགོས་ཀྱང་དེ་གང་ནས་ཡོང་།
ངས་དགོན་སྡེ་དང་སྒྲིག་འཛུགས་ཅན་ཁ་ཤས་དང་མཉམ་དུ་བཀའ་མོལ་ཞུས་པ་ཡིན། ཁོང་ཚོ་སྒེར་གྱིས་ས་ཉོས་ཐབ་བཙུགས་ཡོད་ནའང་། ས་རིན་གཅིག་པུར་འབུམ་གྱི་ཁ་བཀང་ལ་ཉེ་བ་རེ་སྤྲད་འདུག
དེ་ལས་ཀྱང་ཧང་སངས་དགོས་པ་ཞིག་ལ། ནམ་རྒྱུན་ཧིན་སྒོར་རྩ་ཆེར་མ་མཐོང་བའི་མགོ་སེར་ཚོས་ཀྱང་ཆེ་བ་མགྲོན་ཁང་གི་སྦྱིན་བདག་དང་ཆུང་བ་རྐང་འཁོར་གཏོང་མཁན་དང་སྤྲང་པོ་ཚོགས་ཀྱིས་མགོ་ན་བཅུག་ནས་སྒོར་མོ་སྒོར་མོ་ཞེས་ཧ་ལས་མདོག་བྱེད་ཀྱིན་འདུག
དངོས་གནས་བྱས་ན། བོད་ཀྱི་ཆེན་པོ་དབང་ཆེན་ཚོར་དུས་དབང་ལྟ་བུའི་འདུ་འཛོམས་ཀྱི་ཉམས་མྱོང་མེད་པའང་མ་རེད་ལ། དེ་ཚོགས་ལུགས་འཚོགས་སྟངས་ག་འདྲ་ཡོད་མེད་མི་ཤེས་མཁན་ཀྱང་མ་རེད། ཡིན་ནའང་། ག་རེ་བྱས་ནས་བོད་མིའི་གཞིས་ཆགས་ཆེ་ཁག་ས་རྒྱ་ཡངས་ས་ཞིག་མ་གདམ་པ་ཡིན་ནམ་བསམས་པ་འདི་རྡོ་རྗེ་གདན་གྱི་ཐལ་བ་འཚུབ་པའི་གནམ་འོག་འདིའི་ངའི་ཐེ་ཚོམ་རེད། བོད་མིའི་གཞིས་ཆགས་ཚོར་ལོ་རྒྱུས་ནང་མཉམ་འཛོམས་ཟེར་བ་ཞིག་བྱུང་མི་འདུག བོད་ནས་འབྱོར་མཁན་དང་གཞིས་ཆགས་ཀྱི་མཐུན་རྐྱེན་མེད་མཁན་ཚོས་གཞིས་ཆགས་ཟེར་བ་དེ་ག་འདྲ་ཞིག་ཡིན་མིན་ཀྱང་ཤེས་ཀྱི་མེད།
དེ་བཞིན་གཞིས་ཆགས་ནང་རྒན་རྒོན་མ་གཏོགས་འདུག་མཁན་ཡང་ལྷག་གི་མེད། གཞིས་ཆགས་ཚོའི་འཚོ་བའི་མཐུན་རྐྱེན་ཡོངས་གྲགས་སུ་མར་ཀན་དང་སོ་ཏྲ་བཙོང་རྒྱུ་ཞེས་པའི་ཚོང་སྐད་གྲགས་ཅན་དེ་གཉིས་རེད། དེ་མ་གཏོགས་ས་གནས་ས་ཐོག་ནས་ཚ་ཚ་འུར་འུར་ཡོང་གི་མེད།
དུས་དབང་འདི་བོད་རང་ལ་ཡོད་པ་དང་རང་གིས་སྤེལ་བཞིན་པའི་ཆོས་ཀྱི་ཆོ་ག་ཞིག་རེད། འདིའི་ཆེད་དུ་འཛམ་གླིང་ཤར་ནུབ་ནས་འགྲོ་གྲོན་ཕངས་མེད་བཏང་ནས་༧གོང་ས་ཆེན་པོ་ཟེར་བཞིན་མི་མཐོ་དམན་དྲག་ཞན་ཚང་མ་ཡོང་གི་ཡོད། མི་འབུམ་ཕྲག་ནས་འབུམ་ཕྲག་ཡོང་གི་ཡོད་པ་རེད། མི་འདི་དག་གིས་འགྲོ་གྲོན་གཏོང་ཡུལ་བོད་རང་གི་ཆོས་ལྡན་ཞི་བའི་སྤྱི་ཚོགས་ཐད་ཀར་ཆགས་ཀྱི་མེད། ཆགས་ཀྱི་ཡོད་པ་དེ་དུས་དབང་གི་འབུལ་བ་༧གོང་ས་མཆོག་གིས་གསོལ་རས་སྩོལ་རྒྱུ་དེ་ཁོ་ན་རེད། དེ་མིན་ཡོད་ཚད་གཞན་ལ་ཐོབ་འགྲོ་གྱིན་འདུག
ད་ཐེངས་དུས་དབང་ལྟ་བུར་ཆགས་བཞག་ནའང་བོད་ཀྱི་རིག་གནས་ཡུལ་སྲོལ་གོམས་གཤིས་དང་འབྲེལ་བའི་ལས་དོན་གྱ་ནོམ་པ་རྩོམ་ཐུབ་ཀྱི་མི་འདུག དེའང་གཅིག་ས་ཆའི་ཁ་ཐག་དང་གཉིས་པ་འགྲོ་སོང་གིས་རེད། བོད་མིའི་གཞིས་ཆགས་ཤིག་ཏུ་གནང་བ་ཡིན་ན། བཙན་བྱོལ་ནང་ནས་གཞིས་བྱེས་མཉམ་འཛོམས་བྱུང་བའི་ཚོར་བ་ཞིག་ཡོང་མདོག་ཁ་བོ་རེད། གཞིས་མི་ཚོའི་གྲ་སྒྲིག་ལ་དཔག་པའི་ལས་རྒྱུ་འབྲས་ཀྱི་ཚོང་ཞིག་བོད་མི་ཚོས་བོད་མི་ཚོའི་ལག་ནས་རྒྱབ་ཆོག་གི་རེད། རང་གཞན་ཚང་མ་ལྷོད་ལྷོད་ཡོང་གི་རེད། བག་བྲོ་བོ་ཡོང་གི་རེད། སེམས་སྐྱིད་པོ་ཡོང་གི་རེད། ཆིག་སྒྲིལ་ཡོང་གི་རེད། བོད་མི་ཚང་མས་དགའ་ལྷང་ལྷང་༧གོང་ས་མཆོག་གི་སྐུ་ཕྱྭ་ལའང་སྲུང་སྐྱོབ་ཞེ་དྲག་གནང་ཐུབ་ཀི་རེད།
དེ་མིན་ནང་པའི་གནས་མཆོག་གི་གནས་སྲུང་རྐུན་མ་ལས་ཀྱང་བཙོག་པའི་གནམ་འོག་འདི་ནས་བོད་མི་ཚོས་ཆོས་ཞུས་ཀྱང་སེམས་ལྷོད་ལྷོད་ཅིག་ཡོང་མདོག་ཁ་བོ་མི་འདུག་ལ། མདོ་དོན་སྙིང་བོ་སངས་རྒྱས་པའི་ཆོས་སྐྱོབ་པའི་མི་རིགས་ཤིག་ལ་ཆོས་ཀྱིས་མི་རིགས་རང་ཉིད་སྐྱོབ་ཐུབ་པའི་ཚོར་བ་རྣལ་མ་ཞིག་སྤྲོད་ཕྱིར་རང་གི་གཞིས་ཆགས་དང་དགོན་པ་ནས་རང་གི་ཆོས་ཀྱི་བྱེད་སྒོ་འདི་དག་སྤེལ་དགོས་ཀྱི་འདུག
རྡོ་རྗེ་གདན་ནས་ཐལ་རྡུལ་འཚུབ་མའི་ནང་གང་དྲན་ཤར་མར་བྲིས།
༢༠༡༡། ༡༢། ༡༩།
ཡིན་དང་ཡིན། འོན་ཀྱང་། ༼་་་་་ ཆིག་སྒྲིལ་ཡོང་གི་རེད། བོད་མི་ཚང་མས་དགའ་ལྷང་ལྷང་༧གོང་ས་མཆོག་གི་སྐུ་ཕྱྭ་ལའང་སྲུང་སྐྱོབ་ཞེ་དྲག་གནང་ཐུབ་ཀི་རེད།་་་་༽ཟེར་བ་འདི་སུས་འགན་ལེན་ཐུབ་བམ། གང་ཡིན་ཟེར་ན་ལབ་རྙོག་མང་པོ་ཅིག་གོ་མྱོང་ལགས། ཨ་ནི། དུས་དབང་གསུང་ཆོས་སྦྱིན་བདག་ཡང་་་་
རེབ་གོང་ཤེས་རབ་གསུང་པ་དེ་ཧ་ཅང་བདེན་པ་རེད། དངོས་གནས་བྷི་ཧར་མིའི་ཀུན་སྤྱོད་དང་གད་སྙིགས། ས་སྡུལ། སྐྱག་དྲི་སོགས་ལ་བསམ་ན་བོད་མིས་མང་སའི་གཞིས་ཆགས་དྲན་ཡོང་། གཞིས་ཆགས་བོད་མིས་སྡོད་གུར་དང་། གསར་འབྱོར་སྡོད་གུར་བར་ཐག་ཧ་ཅང་རིང་བས་གཅིག་སྒྲིལ་ལ་གནོད་མི་ཡོང་ངམ་དྲན་ཡོང་། དུག་སྦྲང་གཙོས་པའི་འབུ་སྲིན་དག་མཐོང་དུས་ས་གཚང་རི་གཙང་བོད་མི་མང་ས་ཞིག་བྱུང་ན་ཅི་མ་རུང་སྙམ་པ་ཞིག་ཡོང་བཞིན་རྡོར་གདན་ཐལ་རྡུལ་ནང་ནས་བྲིས།