འབྲི་ས་འཛིན།
ང་སྡོད་སའི་ཆ་རྐྱེན་འཛོམས་པོ་རེད།།
སྡེ་ཚང་གི་ཡུལ་སྐོར་འགྲོ་ས་རེད།།
སེམས་ཨེ་སྐྱིད་སྐད་ཆ་མ་དྲིས་ན།།
ལུས་བདེ་ཁུལ་བྱེད་ཀྱིན་ལས་བྲེལ་ཡིན།།
ང་འོང་སའི་ཕ་ཡུལ་གངས་ལྗོངས་རེད།།
རྒྱ་དམར་པོའི་སྲིད་བྱུས་བཙན་ས་རེད།།
གཉེན་སྤུན་ཟླའི་འཚོ་གནས་གཞན་དབང་རེད།།
སྐྱིད་སྐྲ་རྐང་འདྲ་ཡང་མེད་ལེ་རེད།།
དུས་དེང་སང་བཙན་བྱོལ་སྤྱི་ཚོགས་ཁྲོད།།
འུར་ཟིང་ཟིང་ཆབ་སྲིད་གླེང་ཁུལ་རེད།།
ཁག་ཅིག་གིས་ཕྱོགས་རེས་ཆེ་འདུག་ཟེར།།
ཁག་ཅིག་གིས་དཀྲུག་ཤིང་ཚ་འདུག་ཟེར།།
རང་ཐད་ན་སྐྱོན་བརྗོད་མི་ཆོག་ཟེར།།
སྐྱོན་གླེང་ན་ཕྱོགས་རེས་རེད་འདུག་ཟེར།།
དཔའ་དཔུང་པ་སྐད་འཕྲིན་རྒྱུད་ནས་འཕུར།།
དོན་ངོ་མའི་གནས་ལུགས་གང་ན་ཡོད།།
རང་ཐད་ན་རང་ཚུགས་ཡོད་ན་དགའ།།
རང་མ་ཐད་གཞན་སྐྱོན་མ་གླེང་དང་།།
སྐྱོན་བཤད་ན་གཞན་སེམས་འགྱུར་བ་དང་།།
སྐྱོན་མ་བཤད་གཞན་སེམས་དགུག་ཁག་པས།།
སུ་ཡིན་ཡང་རང་གི་འཇོན་ཚོད་ཀྱིས།།
བོད་སྤྱི་པའི་དོན་ལ་འབད་ན་ཆོག།།
རྩོད་མི་དགོས་རྩོད་པ་མ་རྒྱག་རོགས།།
སློངས་མི་དགོས་རྙོག་འཛིང་མ་སློངས་རོགས།།
ཁྱོད་སྐྱིད་ནས་སྐད་འཕྲིན་ལག་བཟུང་སྟེ།།
ཅི་བཤད་བཤད་རང་འདོོད་ཡིན་ཡང་རུང་།།
སེམས་བསམ་པ་གངས་རིའི་རྒྱབ་ལ་འཁོར།།
ངེད་སྤུན་ཟླའི་ཉིན་རེའི་དཀའ་སྡུག་སེམས།།
ད་མི་བཤད་སེམས་པ་སྐྱོ་ལེ་རེད།།
སེམས་སྐྱོ་ཡང་ཐབས་ཤེས་མེད་ལེ་འདྲ།།
རང་མ་ཤི་གསོན་པོར་གནས་གྱུར་ན།།
སེམས་བསམ་པ་ནམ་ཡང་འཆི་ལེ་མིན།།
༢༢/༡/༢༠༡༦