རེབ་ཐོག་མདའ།
མི་བུ་བརྒྱ་ཁ་ཆེམས་དང་སྡེབ་ནས་མཆེད་བཞིན་པས
དམར་ལམ་ལམ་གྱི་ཁྱོད
ལོ་ཟླ་ཞིག་གི་ཧྲག་བར་ནས་འབར་དུས
ཁྱོད ངེད་ཚང་གི་སྦྲ་སྒོ་སྒུལ་བའི་མགྲོན་པོ་དེ་ཡིན་མི་འདོད་ལ
ཨ་མའི་ངོ་གདོང་གི་འཛུམ་ཆུང་
ཟ་མཁན་གྱི་མིག་ཆུ་དེ་ཡང་ཡིན་མི་འདོད
མེ
ལོ་ངོ་ཁ་ཤས་ཀྱི་ཡར་སྔོན་ལ
འབར་མ་ཞེས་པའི་གྲོང་ཁྱེར་དེ་ནས
ཁྱོད་ཀྱིས་ཐག་རིང་གི་ཚོགས་སྡེ་ཅིག་སྒུལ་སོང་བ་བདེན་ཡང
འོན་ཀྱང་ན་ནིང་ཞིག་ནས
ཁྱོད་ཀྱི་ལང་ཚོ་དམར་པོ་དེས
ངེད་ཚང་གི་རི་ལུང་ཐང་གསུམ་བསྲེགས་དུས
ཅིའི་ཕྱིར་ངེད་ཚང་གི་ཕ་གཞིས་གླེང་མཁན་མེད་སོང་བ་ཡིན
ད་དུང
ཁྱོད་ཀྱིས་སྦར་བའི་ངེད་ཚང་གི་ཕུ་ནུ་མིང་སྲིང་
གཅིག་ནས་བཅུ བཅུ་ནས་བརྒྱར་སླེབས་ཀྱང་
ཨམ་ཅོག་མེད་ལ
ཁ་ལྕེ་ལྐུག་སོང་བས
རྒྱང་རིང་རྒྱང་རིང་གི་ཚོགས་སྡེ་དེ
ཐག་རིང་ཐག་རིང་གི་རྩ་འཛུགས་དེ
ཁུ་སུམ་མེར ལྷིང་འཇགས་སེར
ངེད་ཚང་གི་ལས་དབང་གླེང་གི་མི་འདུག་ལ
གཟུགས་མེད་ཀྱི་རྣམ་ཤེས་དག་གི་ཁ་ཆེམས་ཡང་ཀློག་གིན་མི་འདུག
མེ
ཁྱོད་ཀྱིས་སྲེག་བཞིན་པའི་ངའི་ཕུ་ནུ
མཐོ་རིས་ཀྱི་གནས་ཤིག་ན་སྐྱོ་བཞིན་ཡོད་སྲིད་ལ
ཁྱོད་ལ་ཐིམ་གྱིན་པའི་རྣམ་ཤེས་དེ་དག
ད་དུང་ཡང་ཕ་ཡུལ་དང་ཉེ་ས་ཞིག་ན་ལྷག་ཡོད་སྲིད
མེ
ཁྱོད་ཀྱིས་དྲང་བདེན་བོར་བའི་ཕ་ཡུལ་ཞིག་གི་ན་ཟུག་གླེང་གིན་འདུག་ཀྱང་
ཁྱོད་ཀྱི་རང་དབང་བྲལ་བའི་འཚོ་བ་ཞིག་གི་ཁ་དོག་འཆད་ཀྱིན་འདུག་ཀྱང་
ཁ་སང་དེ་རིང་
ཁྱོད་ཀྱི་དམར་ལམ་ལམ་གྱི་ངོ་གདོང་དེ
བདག་གིས་ད་གཟོད
ཕ་ཡུལ་ལ་དུས་གཏན་ཏུ་བཅངས་པའི
བརྕེ་བ་གསོན་པོ་དེ་ཡིན་པ་ཚོར་བྱུང་