རེབ་ཐོག་མདའ།
༼དབྱར།༽
ཁུ་བྱུག་ནགས་ལ་དུངས་པའི་གླུ་ཞིག་ཤོར།།
སྦྲང་ཆར་བསིལ་མས་ས་གཞིའི་གདོང་པ་དཀྲུས།།
རླུང་བུ་འཇམ་པོ་ལྷོད་ཀྱིས་ལྡང་པ་ཡིས།།
སྙིང་སྡུག་མཛའ་མོ་ཞིག་གི་ལག་ཟུང་དྲན།།
འབྲུ་དྲུག་སྙེ་མ་ལྡེམ་པའི་ཞིང་ཁ་ན།།
ན་ཆུང་བུ་མོའི་མཛའ་གཞས་རྒྱང་ལ་འཐེན།།
འབུམ་ཕྲག་མེ་ཏོག་འཛུམ་པའི་སྤང་ཐང་ན།།
གཡུ་སྦྲང་སེམས་པ་བཟི་ནས་གཉིད་དུ་ཡུར།།
༼དགུན།༽
ནམ་ཟླ་འཁྱག་གིས་བསྡམ་པའི་གངས་འདབས་ན།།
ཉི་མའི་གྲོང་ལ་འཁྲེང་བའི་སེམས་པ་ཞིག།།
ཁ་བའི་མེ་ཏོག་སྦྲུམ་པའི་ན་ཆུང་མའི།།
དཀར་པོ་སེམས་པ་ས་གཞིར་གདན་ལ་བཏིང།།
ཟླ་བའི་ཁ་དོག་བོར་བའི་ས་སྲོད་ལ།།
རྒྱུ་སྐར་ཁོ་ནར་གྲང་འདར་ཡང་ཡང་རྒྱག།
ཡོད་ཚད་ནང་དུ་འདུས་པའི་ངང་ཚུལ་འདིས།།
ཉི་མའི་དྲོད་ཁོད་རུམ་པའི་གནས་ཚང་དྲན།།
༼སྟོན།༽
འབྲུ་དྲུག་སྙེ་མ་ཁུར་བའི་ཞིང་འདབས་ན།།
ན་ཆུང་བུ་མོ་བྲེལ་བའི་ལས་ལ་ཞུགས།།
སྡོང་ལོ་ས་ལ་ཟགས་པའི་ངང་ཚུལ་དེས།།
ཞིམ་མངར་བཅུད་ལྡན་འབྲས་བུ་སྣ་ཚོགས་དྲན།།
ཁྲུང་ཁྲུང་གཤོག་འགྱུར་ལྷོ་མཐའི་སྣེ་ན་ལྡེམ།།
འཇག་མའི་ཤུགས་གླུས་ཡིད་སེམས་དབང་མེད་དཀྲུག།
རྩྭ་སྐྱ་རླུང་གིས་འཁུར་བའི་ངང་ཚུལ་འདིའི།།
བསིལ་རླུང་ལྡང་བ་སྟོན་མཇུག་ཡིན་པ་ཚོར།།
༼དཔྱིད།༽
འཁྱག་རུམ་ཆུ་ལ་འཐིམ་པའི་འོ་དོད་འབོད།།
ལྗང་མདོག་ལྭ་བ་གྱོན་པའི་སྟ་གོན་བྱེད།།
མཚན་རླུང་འཇམ་པོ་དལ་གྱིས་ལྡང་བ་ཡིས།།
དཀར་གསལ་ཟླ་བའི་དུངས་སེམས་སྒོར་མོ་བསྐྱིལ།།
སྐྱེས་གཟུགས་ལང་ཚོ་རྒྱས་པའི་ན་ཆུང་མས།།
འཇམ་པའི་གཤིས་ཀ་ངོམས་བཞིན་རྒྱང་ནས་སླེབས།།
ས་གཞིའི་རྨི་ལམ་དཀྲོག་པའི་འཛིན་མ་རུ།།
གཞན་གསོས་བུ་མོ་དགྱེས་པའི་གར་ལ་རོལ།།
དབྱར་དུས་ས་གཞིའི་གདོང་ལ་འཛུམ་ཞིག་ཡོད། །
དགུན་དུས་རི་ལུང་ཁ་བའི་འོག་ན་གཉིད། །
སྟོན་དུས་རྩི་ཤིང་ལོ་མར་སེར་ཐིག་ལྷུང་། །
དཔྱིད་དུས་དྲོན་རླངས་མཁའ་ལ་དར་གྱིས་འཕུར། །
དབྱར་དུས་ཁུ་བྱུག་གྲགས་དུས་མཛའ་མོ་དྲན། །
དགུན་དུས་རུམ་ཁ་གྲང་དུས་མཛའ་མོ་དྲན། །
སྟོན་དུས་སྡོང་ལོ་འཕུར་དུས་མཛའ་མོ་དྲན། །
དཔྱིད་དུས་དྲོན་འཇམ་སླེབས་དུས་མཛའ་མོ་དྲན། །
དབྱངས་ཅན་མགྲིན་པར་ཆགས་པའི་སྙན་ངག་པ། །
རེབ་སྐོང་རིག་པའི་བུ་ཆུང་ཐོག་མདའ་བས། །
དུས་བཞི་རྨི་ལམ་ནས་ཀྱང་དྲན་པ་ཡི། །
ན་ཆུང་བུ་མོ་དེ་དང་འཕྲད་པར་ཤོག །