ཁ་བྱང་གི་འགྲེལ།
ཡོད་ཚད་ཐམས་ཅད་དུས་ཚོད་ཀྱིས་བཟོས་ཤིང་གྲུབ། དུས་ཚོད་ཀྱིས་བཟོས་ཤིང་མ་གྲུབ་པའི་དངོས་པོ་རྡུལ་ཕྲན་ཙམ་ཡང་ཡོད་པ་མ་ཡིན་ནོ། -མདའ་ཚན་པ།
དུས་ཚོད་ནི་ཅི་ཞིག་རེད་ཟེར་ན།།
ཚན་རིག་པར་འགྲེལ་བཤད་ཉུང་གི་ཟེར།།
ཤེར་རྟོག་པར་སྐད་ཆ་དཀོན་གི་ཟེར།།
ཆོས་ལུགས་པའི་ངག་སྒོ་དམ་གི་ཟེར།
དུས་ཚོད་ལ་འགྲེལ་ཞིག་མ་བརྒྱབ་ན།།
དུས་ཚོད་ཀྱིས་གནང་བའི་ཀླད་པ་འདི།།
དུས་ཚོད་ཀྱི་ཆེད་དུ་བཏང་བ་འདི།།
དུས་ཚོད་ཀྱིས་འཕྲོ་བརླག་འགྲོ་བ་འདྲ།།
བར་སྣང་ཡངས་པོ་དུས་ཚོད་ཀྱིས་བྲེས་པའི་བླ་རེ་རེད།།
སྦིག་སྦང་གས་ཐོར་དུས་ཚོད་ཀྱིས་ཅིག་ཅར་གད་པ་རེད།།
དུང་ཕྱུར་དགུ་ཚིགས་དུས་ཚོད་ཀྱིས་ཐོར་བུར་གཏོར་བ་རེད།།
སྐར་ཚོགས་མཐུག་པོ་དུས་ཚོད་ཀྱིས་བཀྲམ་པའི་སྨུག་སྤྲིན་རེད།།
འོད་ལོ་རིང་པོ་དུས་ཚོད་ཀྱིས་འཕངས་པའི་ཇུ་ཞགས་རེད།།
ལོ་རྒྱུས་ཟེར་ཡང་དུས་ཚོད་ཀྱིས་བགྲངས་པའི་གྲངས་ཀ་ཞིག།
མི་ཚེ་ཟེར་ཡང་དུས་ཚོད་ཀྱི་ཁུག་པའི་གཉེར་རིས་ཤིག།
དུས་ཚོད་ཟེར་ཡང་རྡུལ་ཕྲན་གྱི་བྱེ་ཟེགས་གྲུབ་སྟངས་ཤིག།
བརྟན་པའི་སྣོད་འདི་དུས་ཚོད་ཀྱིས་ཡོངས་སུ་བརྟན་པ་རེད།།
གཡོ་བའི་སེམས་ཅན་དུས་ཚོད་ཀྱིས་ཡོངས་སུ་གཡོས་པ་རེད།།
བརྟན་གཡོ་ཐམས་ཅད་དུས་ཚོད་ཀྱིས་གཡོ་ཞིང་སྐྱོམ་པར་བྱེད།།
ཡོད་ཚད་ཐམས་ཅད་དུས་ཚོད་ཀྱི་ཁུག་ན་འདར་ར་ར།།
གོ་ལ་འདི་དག་དུས་ཚོད་ཀྱི་ལག་པས་སྐོར་བཞིན་གདའ།།
འཛམ་གླིང་ཧྲིལ་བོ་དུས་ཚོད་དང་འགྲོགས་ནས་འཁོར་བཞིན་གདའ།།
སྐོར་མཁན་དང་འཁོར་མཁན་གཉིས་ཀ་དུས་ཚོད་རེད་འདུག།
འཇིག་རྟེན་དང་དཀོན་མཆོག་བཞེངས་མཁན་དུས་ཚོད་རེད་འདུག།
བསྐལ་བའི་ཆགས་འཇིག་ཟེར་ཡང་དུས་ཚོད་ཀྱིས་བཟོས་པ་རེད།།
རྟག་དང་མི་རྟག་ཟེར་ཡང་དུས་ཚོད་ལ་ཟེར་བ་རེད།།
འགྲོ་བའི་དར་རྒུད་ཟེར་ཡང་དུས་ཚོད་ཀྱི་ཆོ་འཕྲུལ་རེད།།
འགྱུར་བ་འགྱུར་བ་ཟེར་ཡང་དུས་ཚོད་ཀྱི་འགྱུར་བ་རེད།།
འུ་ཅག་ཚང་མ་དུས་ཚོད་ཀྱིས་དེད་དེ་འགྱུར་གྱིན་གདའ།།
རྒྱ་ནག་མི་འགྱུར་ཟེར་ཡང་དུས་ཚོད་ཀྱིས་འགྱུར་གྱིན་གདའ།།
ཨ་རིའི་འཕུར་གྲུ་དུས་ཚོད་ཀྱིས་མཁའ་ན་འཕུར་གྱིན་གདའ།།
རྒྱ་མིའི་ཤོག་སྒོར་དུས་ཚོད་ཀྱིས་ཤག་ཤག་བགྲང་གིན་གདའ།།
རེ་བ་ཡོད་པ་ཡིན་ན་དུས་ཚོད་ཀྱིས་ཡོད་པ་ཡིན།།
བདེ་སྐྱིད་མེད་པ་ཡིན་ན་དུས་ཚོད་ཀྱིས་མེད་པ་ཡིན།།
ཡོད་པ་བདེན་གྲུབ་ཡིན་ན་དུས་ཚོད་ཀྱིས་གྲུབ་པ་ཡིན།།
མེད་པ་བདེན་མེད་ཡིན་ན་དུས་ཚོད་ཀྱིས་མེད་པ་ཡིན།།
དཔྱིད་གསུམ་སོས་ཀའི་ས་བོན་དུས་ཚོད་ཀྱིས་འདེབས་ཀྱི་འདུག།
དབྱར་གསུམ་ཉི་མའི་དྲོད་ཁོལ་དུས་ཚོད་ཀྱིས་གནང་གི་འདུག།
སྟོན་གསུམ་སྡོང་ལོ་སེར་པོ་དུས་ཚོད་ཀྱིས་གཏོར་གྱི་འདུག།
དགུན་གསུམ་ལུག་གི་ཤ་ཤེད་དུས་ཚོད་ཀྱིས་ལྷུང་གི་འདུག།
ན་ཆུང་བུ་མོའི་འདོད་བརྩེ་དུས་ཚོད་ཀྱིས་རྒྱས་ན་ཡང་།།
ཨ་མ་རྒན་མོའི་ལུས་པོ་དུས་ཚོད་ཀྱིས་སྒུར་གྱི་འདུག།
ཕོ་གསར་གཞོན་ནུའི་སྣང་བ་དུས་ཚོད་ཀྱིས་་བཏེགས་ནའང་།།
ཨ་ཕ་རྒན་པོའི་ལུས་ཤུགས་དུས་ཚོད་ཀྱིས་ཉམས་ཀྱི་འདུག།
ཨ་མྱེས་སངས་ལོ་ན་ནིང་དུས་ཚོད་ཀྱིས་ཤི་བོ་ཐལ།།
བུ་མོ་འབྲུག་མོ་ད་ལོར་དུས་ཚོད་ཀྱིས་སྐྱེས་དང་ཐལ།།
ཞི་ལི་སངས་རྒྱས་ལོ་རེར་དུས་ཚོད་ཀྱིས་འཚར་གི་འདུག།
ཨ་མ་དཔལ་སྐྱིད་ཟླ་རེར་དུས་ཚོད་ཀྱིས་རྒས་ཀྱི་འདུག།
ཁ་སང་དུས་ཚོད་ཀྱིས་མི་ལུས་རིན་ཆེན་གནང་ད་མོད།།
དེ་རིང་དུས་ཚོད་ཀྱིས་ན་ཚའི་ཁུར་བོ་སྐུར་ད་མོད།།
སང་ཉིན་དུས་ཚོད་ཀྱིས་འཆི་བ་སྟེར་རྒྱུ་ངེས་གི་མོད།།
ང་རང་དུས་ཚོད་ཀྱི་རྡུལ་ཕྲན་ཟེགས་མ་ཞིག་ཡིན་ཟིག་མོད།།
མ་བརྟགས་མ་དཔྱད་པ་ཡི་སྣང་ངོ་ལ།།
དུས་ཚོད་ཅེས་བྱའི་མགྱོགས་པོར་འགྲོ་མཁན་ཞིག།
བརྟགས་ཤིང་དཔྱད་ན་དུས་ནི་མིས་བཟོས་ཏེ།།
འཁྲུལ་སྣང་མདུད་པ་ཞིག་པའི་ཆ་ཞིག་གོ།
ཡང་ཡང་བརྟག་ཅིང་དཔྱད་པའི་སྣང་ངོ་ལ།།
མི་ཡིས་དུས་བཟོས་ཟེར་ན་དགོད་བྲོའི་རྒྱུ།།
བསྐལ་བ་ས་ལ་ཆགས་ཆགས་དུས་ཀྱིས་ཆགས།།
དབུགས་ཐོགས་སེམས་ཅན་བསྐྱེད་བསྐྱེད་དུས་ཀྱིས་བསྐྱེད།།
དུས་ཚོད་བར་སྣང་གཉིས་ཀྱི་བར་རོལ་ན།།
ཤེས་པ་སྣང་བ་གཉིས་ཀྱི་བར་རོལ་ན།།
ཤེས་པ་ལྡན་མིན་ཐམས་ཅད་དུས་ཀྱིས་བསྐྲུན།།
དུས་ཀྱི་ཀློང་ན་ཐམས་ཅད་སྒོར་རོ་རོ།།
ནམ་མཁའི་གནས་ཚད་དཔྱད་ན་དུས་ཀྱིས་དཔྱོད།།
གོ་ལའི་ཡུན་ཚད་ཚད་ན་དུས་ཀྱིས་ཚོད།།
འགྲོ་བའི་ཚེ་ཚད་འཇལ་ན་དུས་ཀྱིས་འཇོལ།།
ཡ་ཐོག་རིང་མོ་གླེང་ན་དུས་ཚོད་གླེང་།།
དུས་ཚོད་ཅེས་བྱ་ཕྲེང་བའི་ཐག་པ་འདྲ།།
ཐག་པ་འདི་ཀོ་གཟུང་འཛིན་སྣང་བས་བརྒྱུས།།
བར་སྣང་འཇིག་རྟེན་ཕྲེང་རྡོག་རེ་རེ་འདྲ།།
དེ་ཡང་གཟུང་འཛིན་སོར་མོས་འདྲེན་ཅིང་འཁྲུལ།།
ཆུ་ཚོད་ཀྱི་བརྡ་རྟགས་རེ་རེ་བཞིན་ང་ཚོའང་སྐད་ཅིག་ཏུ་འགྱུར་བཞིན་ཡོད།
གཟུགས་པོ་ཆེ་ཡང་ཆུ་ཚོད་ཀྱི་བརྡ་རྟགས་བཞིན་སྐད་ཅིག་ཏུ་འགྱུར་ནས་གདའ།
གཟུགས་པོ་ཆུང་ནའང་ཆུ་ཚོད་ཀྱི་བརྡ་རྟགས་བཞིན་སྐད་ཅིག་ཏུ་འགྱུར་ནས་མཆིས།
སྟོབས་ཤུགས་ཅི་ཙམ་ཆེ་ཡང་ཆུ་ཚོད་ཀྱི་བརྡ་རྟགས་བཞིན་སྐད་ཅིག་ཏུ་འགྱུར།།
དབང་ཐང་ཅི་ཙམ་ཡོད་ཀྱང་ཆུ་ཚོད་ཀྱི་བརྡ་རྟགས་བཞིན་སྐད་ཅིག་ཏུ་འགྱུར་འདུག
ཕྱུག་པོའི་རྒྱུ་ནོར་ཡང་ཆུ་ཚོད་ཀྱི་བརྡ་རྟགས་བཞིན་སྐད་ཅིག་ཏུ་འགྱུར་ཏེ་ཚར།
རྒྱལ་པོ་དེ་དག་ཀྱང་ཆུ་ཚོད་ཀྱི་བརྡ་རྟགས་བཞིན་སྐད་ཅིག་ཏུ་འགྱུར་པའི་ཡལ།
མེས་བོ་རྣམས་ཀྱང་ཆུ་ཚོད་ཀྱི་བརྡ་རྟགས་བཞིན་སྐད་ཅིག་ཏུ་འགྱུར་ནས་གཤེགས་སོང་།
སློབ་དཔོན་རྣམ་པ་ཡང་ཆུ་ཚོད་ཀྱི་བརྡ་རྟགས་བཞིན་སྐད་ཅིག་ཏུ་འགྱུར་པའི་ཕེབས་ཐལ།
རྩེད་གྲོགས་སངས་གྲུབ་ཀྱང་ཆུ་ཚོད་ཀྱི་བརྡ་རྟགས་བཞིན་སྐད་ཅིག་ཏུ་འགྱུར་ནས་བསད་ཐལ།
སྤུན་ཟླ་དག་ཀྱང་ཆུ་ཚོད་ཀྱི་བརྡ་རྟགས་བཞིན་སྐད་ཅིག་ཏུ་འགྱུར་ཏེ་འབར་ཐང་ཐལ།
མ་ལོ་ཡིན་ན་ཡང་ཆུ་ཚོད་ཀྱི་བརྡ་རྟགས་བཞིན་སྐད་ཅིག་ཏུ་འགྱུར་ནས་བཞུད་ཐལ།
ཞང་བོ་དག་ཀྱང་ཆུ་ཚོད་ཀྱི་བརྡ་རྟགས་བཞིན་སྐད་ཅིག་ཏུ་འགྱུར་ཏེ་མེད་སོང་།
མིག་ཆུ་ཡང་ཆུ་ཚོད་ཀྱི་བརྡ་རྟགས་བཞིན་སྐད་ཅིག་ཏུ་འགྱུར་ནས་བཞུར་ཚར།
ཨ་ཁུ་ཡང་ཆུ་ཚོད་ཀྱི་བརྡ་རྟགས་བཞིན་སྐད་ཅིག་ཏུ་འགྱུར་པས་གཤེགས་ལ་ཁད།
ཕ་ལོ་ཡང་ཆུ་ཚོད་ཀྱི་བརྡ་རྟགས་བཞིན་སྐད་ཅིག་ཏུ་འགྱུར་ནས་ཕེབས་དགོས་ཟེར།
སྤུན་མཆེད་དག་དེ་བཞིན་དུ་ཆུ་ཚོད་ཀྱི་བརྡ་རྟགས་བཞིན་སྐད་ཅིག་ཏུ་འགྱུར་པས་ན།
ང་གཅིག་པུ་ཅི་ཕྱིར་ཆུ་ཚོད་ཀྱི་བརྡ་རྟགས་བཞིན་སྐད་ཅིག་ཏུ་མ་འགྱུར་པར་འདུག
ཆུ་ཚོད་ཀྱི་བརྡ་རྟགས་ཀྱང་སྐད་ཅིག་ཏུ་འགྱུར་གྱིན་ཐག་ཐག་ཏུ་བཞུད་མུས་ཡོད་པས།
གསར་རྙིང་ཡོད་ཚོད་སྐད་ཅིག་ཏུ་འགྱུར་པའི་བརྡ་རྟགས་བཞིན་ཆུ་ཚོད་ཀྱི་ལྟེབས་ཁུག་ན།།
དུས་ཐམས་ཅད་ཀྱི་རྒྱུར་སྨྲ་བའི་གྲུབ་མཐའ་རྙིང་པ་དེ་སླར་ཡང་རོ་ལང་བརྒྱབ་པ་འདྲའོ། །
ཆུ་ཚོད་ཀྱི་མདའ་རྟགས་་་ཟེར་ན་ཅུང་ཡག་པོར་མི་སྣང་ངམ།
བརྡ་རྟགས་མདའ་རྟགས་གཉིས་བོ་ནི།།
ཁ་ཤོ་རྣ་ཤོ་ཡག་འདྲེན་རེད།།
དུས་མདའ་སྐར་མདའ་ཚག་མདའ་གསུམ།།
དུས་ཚོད་འཁོར་ལོའི་ནང་ན་ཡོད།།
དེ་ཡི་སྒྲ་ལ་ཚག་སྒྲ་དང་།།
ཐག་ཐག་ཟེར་ནས་འབྲི་ནི་ཡང་ཡོད།།
ཆུ་ཚོད་དུས་ཚོད་ཕྱག་ཚོད་དང་།།
མྱིག་བཙུམ་བཙུམ་རྡེབ་ཨང་ཚོད་ཡོད།།
དུས་ཚོད་ཅེས་པ་གང་ཡིན་མ་ཤེས་ན། །
དུས་ཀྱི་བགྲོད་པ་མཚོན་པའི་འཁོར་ལོ་ཞིག །
འདི་ནི་འཇིག་རྟེན་གྲགས་པའི་བཤད་ཚུལ་དེ། །
དེ་ལས་ལྷག་པའི་འགྲེལ་བཤད་ཅི་ཞིག་དགོས། །
བརྟགས་ཤིང་དཔྱད་དེ་དུས་ཚོད་འཇོག་འདོད་ན། །
དུས་ཚོད་བཏགས་དོན་གང་དུ་མ་འཚོལ་རོགས། །
མིང་རྐྱང་ཙམ་གྱིས་ཚིམ་པར་མ་གྱུར་ན། །
ཁྱེད་ཀྱིས་དུས་ཚོད་ནམ་ཡང་རྙེད་རེ་སྐན། ། ཨ་ཁུ་ཚང་ལ།
དུས་ལ་རྟག་པ་མེད་པ་དང། དངོས་རྣམས་སྐད་ཅིག་འགྱུར་བས་ན། མི་རྟག་པ་ཞེས་རིགས་ན་ཡང། “དུས་ནི་མི་འགྱུར་མི་རྣམས་འགྱུར་བའོ།” ཞེས་པ་འདི་ལ་འགྲེལ་བཤད་ཇི་ལྟར་འོས།
དངོས་རྣམས་སྐད་ཅིག་འགྱུར་ཟེར་བའི་སྐད་ཅིག་ཟེར་བ་འདིས་དུས་ཤིག་སྟོན་གྱི་ཡོད་པ་མ་ཟད་འགྱུར་ཟེར་བ་འདིའང་དུས་ཤིག་དང་འབྲེལ་བསྡད་ཡོད་པ་རེད། དུས་དང་མ་འབྲེལ་བའི་འགྱུར་བ་ཞིག་མེད་པ་རེད། དེ་བཞིན་མི་རྟག་པ་ཟེར་བ་འདིའང་དུས་དང་འབྲེལ་བའི་རྟག་མི་རྟག་པ་ཞིག་མ་གཏོགས་དུས་དང་མ་འབྲེལ་བའི་རྟག་མི་རྟག་ཅིག་འཚོལ་དུ་མེད་པ་རེད། དུས་མི་རྟག་པ་ཡིན་པ་གོ་ན་དུས་འགྱུར་བའི་རང་བཞིན་ཅན་ཡིན་པ་དེ་མི་གོའམ།
དེས་ན། དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན་ཟེར་ན་གཏན་ཚིགས་དང་མི་མཐུན་པའི་དགོད་བྲོ་བའི་སྐད་ཆ་ཞིག་ལས་མ་མཆིས། མི་རྣམས་འགྱུར་ཟེར་བའི་འགྱུར་དེ་དུས་ཚོད་ལ་འབྲེལ་བསྡད་ཡོད་པ་རེད། མི་རྣམས་ཇི་ལྟར་འགྱུར་གྱི་ཡོད་པ་རེད། སྐད་ཅིག་སྐད་ཅིག སྐར་ཆ་རེ་རེ་བཞིན། དུས་ཚོད་རེ་རེ་བཞིན། ཉི་མ་རེ་རེ་བཞིན། ཟླ་བ་རེ་རེ་བཞིན། ལོ་རེ་རེ་བཞིན་་་་་་་་་་་
དེ་བཞིན་ཆགས་ཟེར་ན་འདྲ། གནས་ཟེར་ན་འདྲ། འཇིག་ཟེར་ན་འདྲ། ཚང་མ་དུས་ཚོད་ཅིག་དང་འབྲེལ་བསྡད་ཡོད་པ་རེད། མཐར་དེད་ན། འགྱུར་བ་དང་མི་རྟག་པའི་རང་བཞིན་ཅན་དེ་དུས་ཚོད་ཡིན་པ་རེད། དུས་ཀྱི་དབང་གིས་དངོས་པོ་ཐམས་ཅད་མི་རྟག་པར་གྱུར་པ་རེད།
ང་ཚོ་ལ་བསྐལ་བའི་ཆགས་རིམ། བསྐལ་བ་ས་ལ་ཆགས་པ་ནས་ཟེར་བའི་སྐད་ཆ་ཞིག་ཡོད་པ་དེ་ལས་གཏན་ཚིགས་དང་མཐུན་པ་ཞིག་རྙེད་དུ་མེད་པའོ། འཇིག་རྟེན་ཆགས་ནས། ས་གཞི་ཆགས་ནས་མི་ཟེར་བར་བསྐལ་བ་ཆགས་ཟེར་ནས་ཆགས་དེ་དུས་ཚོད་ལ་སྦྱར་ཡོད་པ་རེད།
དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན་ཞེས་བའི་སྐབས་ནང་ཤེས་པའི་འགྱུར་བ་ཙམ་ལས་ཕྱི་དུས་ཀྱི་འགྱུར་བ་བཤད་པ་མ་རེད།
ཕྱི་དུས་ཀྱི་འགྱུར་བ་ལ་ཁ་ལོ་མེད་ན་ཡང་ནང་ཤེས་པའི་འགྱུར་བ་ལ་ཁ་ལོ་བ་ཡོད་ནི་རེད། དེ་རང་དབང་ཅན་རེད། ཁ་སང་གི་ང་དེ་རིང་གི་ང་མ་རེད་ཟེར་ན་འདོད། ཁ་སང་གི་ངའི་ཀུན་སྤྱོད་དེ་རིང་གི་ངའི་ཀུན་སྤྱོད་མ་རེད་ཟེར་ན་མི་འདོད།
ཡོད་ཡོད་ས་ལ་རྒྱུག་ན་འདོད་གི།
ཡི་མིན་གཉིས་ཀ་བཤན་འདོག་གི།
མ་རེད་ཟེར་ནས་བཀའ་བཀྱོན་གནང་ན།།
མི་ཁུར་ཟེར་ནས་དཀྱོག་ལོག་མི་བྱེད།།
ཐོག་མེད་དུས་ནས་འཁོར་ཡང་ཟད་དུ་མེད་འདི་དུས་ཚོད་རེད། སྐད་ཅིག་ཙམ་ཡང་མི་སྡོད་ཟད་ནས་འགྲོ་འདི་འང་དུས་ཚོད་རེད།
རྒྱུ་འབྲས་ཆོས་ཉིད་དུས་ཚོད་ནང་ནས་གྲུབ།
དངོས་པོའི་འཕེལ་འགྲིབ་དུས་ཚོད་ཉིད་ཀྱིས་བསྐྲུན། །
དུས་མེད་ན་ཐམས་ཅད་སྟོང་འགྱུར་ཕྱིར། །
དུས་ཚོད་ཉིད་ནི་འཇིག་རྟེན་བྱེད་པོ་ཡིན། །
དུས་ཚོད་ཀྱི་གླུ་འདི་ལ་ཉན་གིན་ཉན་གིན་ཇེ་སྙན་རེད།
དངོས་གནས་ང་ཚོའི་འགྲོ་འདུག་འཆག་གསུམ་དང་བསམ་སྤྱོད་ཚང་མ་དུས་ཀྱིས་བཏུམས་ཡོད་པ་འདྲ་སེ་འདུག གཞན་དུས་དང་ནམ་མཁའ་སོགས་མིས་བཟོས་བའི་འཇིག་རྟེན་རྟོགས་བྱེད་ཀྱི་བསམ་བློའི་འདུ་ཤེས་རེ་རེ་རེད་འདུག་སྙམ། ང་ཚོའི་སྐད་དང་བསམ་བློ། བསམ་བློས་བསྐྲུན་པའི་འཇིག་རྟེན་ལྟ་ཚུལ་གྱི་ཆོས་ལུགས་དང་རྟོག་གེ་རིག་པ་སོགས་ཚང་མ་མའི་རྣམ་དཔྱོད་དང་མའི་ཚོར་བ་ལས་མ་འདས་བས་ན། མི་ལས་འདས་བའི་བསམ་བློའམ་རྟོག་པ་ཞིག་ང་ཚོར་མེད་ལ། ཡོད་ཀྱང་མི་སྲིད། དེ་ནི་ང་ཚོ་མི་ཡིན་པས་ཕྱིར་རོ། ང་ཚོས་འཆར་རྟོག་གམ་བློའི་བསླངས་པའི་ནུས་བ་(faculty of imagination) ལ་རྟེན་ནས་མི་ལས་འདའ་ཐུབ་བསམ་ནའང། ཤེས་ཚོར་འདིའི་རྩ་བ་མིའི་ལུས་སེམས་ལ་ཟུག་ཡོད་པས་མི་ལས་ཐར་མེད་དོ། ཕྱི་རོལ་གྱི་རྐྱེན་དང་འབྲེལ་ཡོད་ནའང་རྟོགས་པའི་ནུས་པ་དེ་མིའི་ཤེས་ཚོར་ལ་ཐུག་ཡོད། དེར་རྟེན་དུས། ནམ་མཁའ། ལོ་རྒྱུས། དར་རྒྱུད་སོགས་མིའི་འགྲེལ་བྱེད་རྒྱག་སྟངས་རིགས་ཤིག་རེད་འདུག་གོ
དགོངས་དག་ལས་ཉེས་ཤོར་སོང་།