ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡ ཉིན་རྡ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་དུས་འཁོར་དབང་ཆེན་ཐེངས་ ༣༢ པའི་གོ་སྒྲིག་ཚོགས་ཆུང་གི་དངུལ་རྩིས་བྱུང་སོང་དང་མཇུག་བསྡོམས་གསར་འགོད་གསལ་བསྒྲགས་གནང་བ། དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༡ ཐོག་དུས་འཁོར་དབང་ཆེན་གྱི་སྦྱིན་བདག་གཙོ་བོ་ཨ་རུ་ནཱ་ཅལ་མངའ་སྡེའི་བློན་ཆེན་སྐུ་ཚབ་སྤྲུལ་སྐུ་ཐུབ་བསྟན་ཡར་འཕེལ་ལགས་དང་། ལྷ་ལྡན་ཆུ་འཕྲུལ་སྨོན་ལམ་འཛིན་སྐྱོང་ཁང་གི་སྐུ་ཚབ་དགེ་བཤེས་ཕུར་བུ་བསམ་གྲུབ་ལགས། རྣམ་རྒྱལ་གྲྭ་ཚང་གི་དྲུང་ཆེ་སྐུ་ཞབས་བསྟན་འཛིན་དགེ་བྱེད་ལགས་ཀྱིས་རྡ་སའི་ཁུལ་གྱི་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༢༠ བརྒལ་བ་ལྷན་འཛོམས་ཐོག་དགེ་བཤེས་ཕུར་བུ་བསམ་གྲུབ་ལགས་ཀྱིས་གསར་འགོད་གསལ་བསྒྲགས་གནང་དོན། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༢ ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༠ ཉིན་ལེགས་པར་སྩལ་ཟིན་པ་དང་། ད་རེས་ཆོས་ཞུར་རྒྱལ་ཁབ་ཁག་ ༦༦ ནས་སྐྱ་སེར་བསྡོམས་མི་འབུམ་གཉིས་ལྷག་ཙམ་འདུ་འཛོམས་བྱུང་བ་ལྟར་ཚང་མས་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེ་མངོན་པར་སངས་རྒྱས་པའི་གནས་ཁྱད་པར་ཅན་འདིར་དཔལ་ན་ལེཎྜའི་པན་གྲུབ་བཅུ་བདུན་ནས་བརྒྱུད་པའི་མདོ་སྔགས་ཀྱི་བསྟན་པ་དྲི་མ་མེད་པ་འདི་ཉིད་ལ་ཐོས་བསམ་གྱི་ཉམས་ལེན་དང་འབྲེལ་ཕྱག་འཚལ་མཆོད་འབུལ་སོགས་བསོད་ནམས་དཔག་ཏུ་མེད་པ་བསགས་པ་དེ་དག་གི་དགེ་རྩ་སངས་རྒྱས་ཀྱི་བསྟན་པ་རྒྱས་པ་དང་། འགྲོ་བ་བདེ་བ། བོད་དོན་རང་དབང་གི་བདེན་མཐའ་མྱུར་དུ་གསལ་བ། ལྷག་པར་དུ་བོད་བརྒྱུད་ནང་བསྟན་ཡོངས་ཀྱི་ཆོས་ཀྱི་རྒྱལ་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་བཅས་ཀྱི་ཆེད་དུ་བསྔོ་བ་དང་། ཆབས་ཅིག་གྲ་སྒྲིག་ཚོགས་ཆུང་ནས་འབྲེལ་ཡོད་ཡོངས་ལ་སྙན་སྒྲོན་ཞུ་རྒྱུར། དུས་འཁོར་དབང་ཆེན་གྱི་སྦྱིན་བདག་རྣམ་པས་དབུས་དད་ལྡན་ཁྲི་ཚོ་མང་པོས་དད་འབུལ་ཞུས་པའི་ཞལ་འདེབས་ཕུལ་འབྱོར་བྱུང་བ་ཁྱོན་བསྡོམས་ཧིན་སྒོར། ༣༢༩༣༣༣༢༤༩ དུང་ཕྱུར་གསུམ་བྱེ་བ་གཉིས་ས་ཡ་དགུ་གསུམ་འབུམ་སུམ་ཁྲི་སུམ་སྟོང་ཉིས་བརྒྱ་བཞི་བཅུ་ཞེ་དགུ་དང་། དེ་ནས་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་འགྱེད་མཆོད་འབུལ་དང་། དེ་མིན་འགྲོ་གྲོན་ཁག་བཅས་ལ་སོང་བ་ཁྱོན་བསྡོམས་ཧིན་སྒོར། ༢༥༧༨༣༣༢༤༩ དུང་ཕྱུར་གཉིས་བྱེ་བ་ལྔ་ས་ཡ་བདུན་བརྒྱད་འབུམ་སུམ་ཁྲི་སུམ་སྟོང་ཉིས་བརྒྱ་བཞི་བཅུ་ཞེ་དགུ་བཅས་དུས་འཁོར་དབང་ཆེན་གྲ་སྒྲིག་ཚོགས་ཆུང་འགན་འཛིན་གསུམ་གྱིས་འགན་ཆ་ཚང་ཁྱེར་ཏེ་རྩིས་ཞིབ་བྱས་པའི་བྱུང་སོང་བསྡད་གསུམ་གྱི་རྩིས་ཤོག་དང་། རྒྱབ་ལྗོངས་དན་རྟགས་བཅས་པའི་ཡིག་ཆ་ཆ་ཚང་འདི་ག་རྡ་སར་མཉམ་འཁྱེར་བྱས་ཡོད་ཅིང་། གལ་སྲིད་རྩིས་ཞིབ་དགོས་གལ་བྱུང་ཚེ་ཕྱི་ལོ་ ༢༠༡༣། ༡། ༡༠། བར་ཉར་ཚགས་བྱ་རྒྱུ་ཡིན།
སྤྱིར་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་ཡུལ་གྲུ་གང་སར་ནང་ཆོས་ངོ་སྤྲོད་དང་། བཀའ་དབང་སོགས་ཆོས་འབྲེལ་འཛམ་གླིང་ཞི་བདེ་དང་། སྤྱི་ཚོགས་མཛའ་མཐུན་བག་ཕེབས་སུ་གནས་ཐབས་བཅས་འགྲོ་བ་མི་རྣམས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་རྒྱུར་ཡིན་པས་ཡ་རབས་སྤྱོད་བཟང་དང་། བྱམས་བརྩེ་གཞན་ཕན་སོགས་གལ་ཆེ་ཡིན་སྐོར་བཀའ་སློབ་གསུང་བཤད་གནང་བར་ཕེབས་སྐབས་ས་ཁུལ་འགའ་རེས་ཚོགས་ཁང་སོགས་གཡར་གླའི་ཆེད་མང་ཚོགས་ལ་ལག་འཁྱེར་བཙོང་སྟེ་བྱུང་བའི་དངུལ་འབབ་དང། དེ་བཞིན་གསུང་ཆོས་ཀྱི་སྦྱིན་བདག་ཁག་ནས་གསུང་ཆོས་གྲ་སྒྲིག་ཆེད་ཕུལ་བའི་དངུལ་བཅས་ཀྱི་ཁོངས་ནས་སྒོར་རྡོག་གཅིག་༸གོང་ས་མཆོག་དང་དགའ་ལྡན་ཕོ་བྲང་ནས་བཞེས་ཀྱི་མེད་ཅིང། གསུང་ཆོས་དང་བཀའ་སློབ་གསུང་བཤད་སོགས་ཀྱི་གྲ་སྒྲིག་ཆེད་འགྲོ་གྲོན་བཏང་བའི་དངུལ་ལྷག་རྣམས་སྤྱི་ཚོགས་བདེ་རྩ་ཁོ་ནའི་ཆེད་བགོ་འགྲེམས་གནང་གི་ཡོད་པ་ལྟར། ད་ལམ་དུས་འཁོར་དབང་ཆེན་ཐེངས་ ༣༢ པའི་སྐབས་སུ་དད་ལྡན་རྣམས་ནས་རིས་མེད་སྨོན་ལམ་ཞིང་མཆོག་འདུས་པ་རྒྱ་མཚོར་གསོལ་ཇ་བཞེས་བག་དང་། སྐུ་འགྱེད་བཅས་སུ་ཕུལ་བའི་དོད་དང་ཞལ་འདེབས་བྱུང་བ་རྣམས་འདུས་པ་རྒྱ་མཚོར་ཤ་ཁུ་ཤ་ཐིམ་དུ་ཕུལ་བ་དང་། དེ་མིན་དུས་འཁོར་དབང་ཆེན་གྱི་སྦྱིན་བདག་གཙོ་བོ་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དམ་པ་རྡོ་རྗེ་མཁའ་འགྲོའི་ཁྱིམ་ཚང་གི་གཙོས་སྦྱིན་བདག་ཁག་ ༣༣ དང་བརྟན་བཞུགས་སྦྱིན་བདག་ཁག་ ༧ ཚེ་དབང་སྦྱིན་བདག་ཁག་ ༢ བཅས་དང་གཞན་དད་ལྡན་ཡོངས་ནས་ཞལ་འདེབས་ཕུལ་འབྱོར་བྱུང་བ་ཁག་ནས་དུས་འཁོར་དབང་ཆེན་གནང་ཡུལ་གསུང་རའི་དབུ་གུར་དང་། གསུང་པར། གཟུགས་མཐོང་བརྙན་འཕྲིན། དེ་བཞིན་མང་ཚོགས་ཞུགས་ཡུལ་གྱི་སྡོད་གུར་གཞན་ཡང་འགྲོ་གྲོན་ཆ་ཚང་གཅོག་འཐེན་ཟིན་པའི་དངུལ་ལྷག་ཧིན་སྒོར། ༧༡༥།༠༠།༠༠༠ བྱེ་བ་བདུན་དང་ས་ཡ་གཅིག་འབུམ་ལྔ་ཡོད་པ་སྤྱི་ཚོགས་ཀྱི་བདེ་རྩ་དང་འབྲེལ་བའི་ཚོགས་སྡེ་ཁག་ལ་བགོ་འགྲེམས་ཞུས་པ་གཤམ་གསལ།
༡༽ སྦི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཛ་དྲག་ངལ་སེལ་མ་དངུལ་ཆེད་དང་། རྡོ་གདན་ཡུལ་མིའི་ཕྲུ་གུའི་ཤེས་ཡོན་མཐུན་རྐྱེན་ཐེབས་རྩ། རྡོ་གདན་དུ་ལོ་ལྟར་ཡུལ་མིའི་མིག་གཤགས་བཅོས་བྱེད་རྒྱུའི་མཐུན་རྐྱེན་མ་རྩ། རྡོ་གདན་མཆོད་རྟེན་རིན་པོ་ཆེ་ཉམས་གསོའི་ཐེབས་རྩ། རྡོ་གདན་ཡུལ་འཁོར་སྲུང་སྐྱོབ་དང་དེ་འབྲེལ་ཤེས་ཡོན་གོང་འཕེལ་གྱི་ཐེབས་རྩ་བཅས་ལ་ཧིན་སྒོར་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་ལྔ།
༢༽ བོད་མི་སྐྱབས་བཅོལ་བའི་ན་གཞོན་རྣམས་ཀྱི་རིགས་གཅིག་རྐང་འཛིན་སོགས་ཤེས་ཡོན་ཆེད་བོད་མིའི་ཕྲུ་གུའི་ཤེས་ཡོན་བདེ་རྩའི་ཐེབས་རྩ་བརྒྱུད་ཧིན་སྒོར་བྱེ་བ་གཅིག
༣༽ རྒྱ་བལ་འབྲུག་གསུམ་དུ་གནས་སྡོད་བོད་མི་ཉམ་ཐག་རྒས་གཅོང་རྣམས་ཀྱི་ངལ་སེལ་ཐེབས་རྩའི་ཆེད་དབུས་བོད་མིའི་ངལ་སེལ་ཚོགས་པ་བརྒྱུད་ཧིན་སྒོར་བྱེ་བ་གཅིག
༤༽ ཆོས་རིག་ལས་ཁུངས་བརྒྱུད་བོད་ནས་གསར་ཕེབས་ཆོས་བརྒྱུད་ཆེན་པོ་བཞི་གཡུ་དྲུང་བོན་དང་བཅས་པའི་གྲྭ་བཙུན་སློབ་གཉེར་བ་རྣམས་ཀྱི་འཚོ་སྣོན་མཐུན་རྐྱེན་གྱི་ཐེབས་རྩར་ཧིན་སྒོར་བྱེ་བ་གཅིག
༥༽ ཆོས་བརྒྱུད་ཆེན་པོ་བཞི་གཡུ་དྲུང་བོན་དང་བཅས་པའི་བྱེས་ཀྱི་གདན་ས་རྣམས་སུ་ཡོད་པའི་གྲྭ་བཙུན་རྣམ་པ་དང་། གཞིས་ཆགས་ཁག་ཏུ་ཡོད་པའི་ནད་པ་རྒས་གཅོང་རྣམས་ཀྱི་སྨན་བཅོས་མཐུན་རྐྱེན་དུ་དམིགས་ཏེ་ཐེབས་རྩ་འཕྲོད་བསྟེན་ལས་ཁུངས་བརྒྱུད་ཧིན་སྒོར་བྱེ་བ་གཅིག
༦༽ བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཆེད་ཧིན་སྒོར་བྱེ་བ་གཅིག
༧༽ ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་གྲྭ་བཙུན་ཁོངས་ཚན་རིག་སློབ་གཉེར་བ་རྣམས་ཀྱི་མཐུན་རྐྱེན་ཐེབས་རྩའི་ཆེད་རྡ་ས་བོད་ཀྱི་དཔེ་མཛོད་ཁང་བརྒྱུད་ཧིན་སྒོར་བྱེ་བ་གཅིག བཅས་སྤྱི་ཚོགས་བདེ་རྩ་ཁག་ཏུ་གནང་ཡོད་པའི་གསལ་བསྒྲགས་གནང་རྗེས་སྤྲུལ་སྐུ་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་གསུང་དོན་སྙིང་པོར། དེ་རིང་འདི་གར་དུས་འཁོར་དབང་ཆེན་ཐེངས་ ༣༢ པའི་གྲ་སྒྲིག་ཚོགས་ཆུང་གི་མཇུག་བསྡུ་བའི་གསལ་བསྒྲགས་ཐོག་གོ་སྒྲིག་ཚོགས་ཆུང་ངོས་ནས་སྦྱིན་བདག་གཙོ་བོ་རྣམས་དང་། འཛམ་གླིང་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་འཛིན་མཁན་ཡུལ་གྲུ་དྲུག་ཅུ་ལྷག་ཙམ་ནས་ཕེབས་པའི་དད་ལྡན་མི་མང་ལ་རྣམས་ལ་དུས་འཁོར་དབང་ཆེན་ལེགས་སྒྲུབ་ཀྱི་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་སོགས་གསུང་བཤད་རྗེས་དྲི་བ་དྲིས་ལན་གནང་སྟེ་གྲོལ་བ་བཅས།
གསར་འགྱུར་ཁུངས། བོད་གཞུང་དྲ་བ།
ཐོག་མར་དུས་དབང་གོ་སྒྲིག་ཚོགས་ཆུང་ལ་འཚམས་འདྲི་ཙམ་ཞུ་རྒྱུ་ཡིན།
འདིའི་སྐོར་ལ་ཁ་གྲགས་འདོད་མ་སྐྱེས་མོད་ཁྱེད་ཅག་གིས་”དུས་དབང་སྐབས་ཕྱོགས་ཡོངས་ནས་གོ་སྒྲིག་ཚགས་ཚུད་བྱུང་ཐུབ་པ། ལྷག་པར་དུ་༧གོང་ས་མཆོག་གི་སྐུ་ཕྱྭ་དང་སྐུ་ཁམས་བདེ་ཐང་ངང་དུས་དབང་ཡོངས་སུ་ལེགས་གྲུབ་བྱུང་པ་བཅས་ནི་དུས་དབང་གོ་སྒྲིག་ཚོགས་ཆུང་གི་བྱས་རྗེས་ཤིག་དང་།”ཞེས་བྲིས་འདུག་པ་ནི་ངོ་ཚ་མེད་པའི་ཧམ་པ་རྫབ་ཆེན་ཞིག་ཏུ་གྱུར་སོང་བས་འདིར་འདིའི་སྐོར་རང་གི་མཐོང་ཕྱོགས་ཅུང་ཟད་ཞུ་འདོད་སྐྱེས།
ད་ལོའི་དུས་དབང་གོ་སྒྲིག་ཚོགས་ཆུང་ནི་བྱེས་རྗེས་ཕར་ཞོགས་ཚགས་ཚུད་མེད་པའི་སྐྱོན་ཆེ་ཤོས་དེར་གྱུར་སོང་། གོ་ཐོས་ལ་ཚོགས་པའི་ནང་ཁུལ་དུ་མཐུན་འབྲེལ་མེད་ཚུལ་ཞིག་འདུག་པ་བདེན་སྲིད་ལ་དེ་ལྟར་ན་དེ་འདྲ་ཞིག་ལས་ཡོང་རྒྱུ་ཡང་ཅི་ཡོད།
༡། དུས་བསྟུན་གོ་སྒྲིག་མེད་པ། སྤྱིར་མི་ཚོགས་ཚོད་དཔག་ལས་བརྒལ་ཡོད་པ་ལ་ཞུ་རྒྱུ་མེད་ཀྱང་མི་ཚོགས་མང་དུ་འཕེལ་བ་གཟིགས་རིམ་བཞིན་དེ་ལྟར་གྱི་གོ་སྒྲིག་ཅིག་དགོས་པ་དེ་མི་འདུག གཟུགས་མཐོང་བརྙན་ཞིག་ཡོད་པ་ནི་ཐོག་མའི་དུས་ནས་ཡོད་པ་ལ་མི་འབོར་ཚོད་དཔག་ལས་བརྒལ་རིམ་བཞིན་བརྙན་འཕྲིན་དང་སྒྲ་འཕྲིན་སོགས་ཕྱོགས་གང་མང་ལ་འཛུགས་དགོས་མོད་སྔར་ཡོད་ལས་མང་དུ་སོང་གཅིག་ཀྱང་མ་ཐོས།
༢། ཆོས་ཞུ་བ་ལ་ཞབས་ཞུ་མེད་པ། ཆོས་ཞུ་བ་ནི་དབང་ཞུ་བར་ཕེབས་པ་ཡིན་ཞིང་གསུང་ཆོས་ར་བར་མ་ཤོངས་མཁན་རྣམས་ཡལ་བར་དོར་བ་སོང་བ་ནོར་འཁྲུལ་ཆེ་ཤོས་དེ་ཡིན། ང་ཚོ་མཆོད་རྟེན་ཕྱོགས་སུ་སྡོད་མཁན་ལ་ནི་བུམ་ཆུ་དང་དབང་རྫས་གཞན་ཕར་ཞོགས་ཀུ་ཤ་དང་མིག་དར་སྤྲོད་མཁན་ཡང་སླེབས་མ་སོང་།
༣། རྒྱུ་དངོས་ཆུད་ཟོས། ཉིན་མཐའ་མའི་ཉིན་ལྟོ་གཡོ་བ་མང་དྲག་པ་དང་འགྲེམས་མ་ཐུབ་པར་སྣོད་ཆེན་དང་སྣོད་ཆེན་བྱས་འཕྱོས་སོང་བ་ཡུལ་མིའི་མིག་ལམ་དུ་ཡང་མ་མཛེས་པར་གྱུར། ཚོགས་འགྲེམས་མཁན་མེད་མི་ཐུག་ཚད་ལ་འཁྱེར་རོགས་ཞེས་ཨུ་ཚུགས་རྒྱགས་པའི་གནས་ཚུལ་འདུག ང་ཚོ་ལ་ཚོགས་རྫས་མིང་ཙམ་ཡང་བྱུང་མ་སོང་།
༤། གསུང་སྒྱུར་མཁན་གྱི་འཕྲུལ་རིག་ལེགས་པོ་མི་འདུག FM ཐུང་རླབས་ཀྱི་གསུང་སྒྲུར་གྱི་སྒྲ་རྣམས་ལན་མང་པོར་ཆད་འགྲོ་བ་དང་སྙོབ་ཚད་མི་འདུག དམའ་མཐར་ཡང་ཆོས་བ་གང་དུ་བསྡད་ཡོད་པ་ཙམ་ལ་སྙོབ་དགོས་ཚོད་ལ་མཆོད་རྟེན་ཕྱོགས་ལ་ཡང་ཡག་པོ་ཞིག་སྙོབ་ཀྱི་མི་འདུག
༥། གསུང་ཆོས་ར་བའི་ནང་དུ་ང་མ་ཐར་བས་མང་པོ་ཞུ་རྒྱུ་མེད་ཀྱང་བརྙན་འཕྲིན་ཉུང་དྲགས་པའི་ཚོར་སྣང་གསལ་བོར་བྱུང་། གསང་སྤྱོད་ཀྱང་དུས་ཐོག་གཙང་མ་བཟོ་རྒྱུ་ཡིན་ཚུལ་ཁ་པོ་གསུང་ན་ཡང་དེ་ལྟར་མེད་ཚུལ་གོ་ཐོས་བྱུང་།
མཐའ་ན་གསུང་ཆོས་ར་བ་གང་པོ་ལ་ཡང་ཞབས་ཞུ་ཡག་པོ་ཞིག་ཞུ་མ་ཐུབ་ན་གོ་སྒྲིག་ཚག་ཚུད་ཡག་པོ་བྱུང་བ་དང་། བྱས་རྗེས་སུ་རློམ་དུ་རི་བ་ཞིག་ཅི་ཡོད། དེ་ཧམ་པ་མིན་ན་ཅི་རེད།
ད་དུང་དགོངས་པ་མ་འཚོམས་ཞུ་རྒྱུ་ཞིག་ལ་ཁྱེད་ཅག་གིས་བྱུང་ཧིན་སྒོར་༣༢༩༣༣༣༢༤༩་ཡོད་པ་ལས། སོང་བ་༢༥༧༨༣༣༢༤༩་ཡིན་ཚུལ་གསུང་འདུག འདི་ལ་ཡ་མཚན་འདི་སྐྱེས་བྱུང་ཏེ། བྱུང་གི་ནང་དུ་༣༣༢༤༩་ཡོད་པ་དང་སོང་གི་ནང་དུ་ཡང་༣༣༢༤༩་ཡོད་པ་གཉིས་དེ་ལྟར་འདྲ་བ་ཞིག་ལ་ཇི་ལྟར་གྱུར་བ་ཡིན་ན་ཡ་མཚན། ཧ་ཧ་ཧ།
ཧིན་སྒོར་སུམ་ཁྲི་སུམ་སྟོང་ཉིས་བརྒྱ་བཞི་བཅུ་ཞེ་དགུ་འདི་བྱུང་གི་སྐབས་སུ་འོང་བ་ལ་སོང་གི་སྐབས་སུ་ཡང་དེ་ལྟར་འགྲོ་དགོས་རྒྱུ་ལ་ཨང་།
དངོས་གནས་འགྲོ་སོང་དེ་ཚོ་བོད་མི་དང་ས་གནས་རྒྱ་གར་མང་ཚོགས་ལ་ཕན་པ་རྒྱ་ཆེན་པོ་ཡོང་བར་དམིགས་པ་རེད་འདུག་པས། ཐུགས་རྗེ་ཆེ། ངེས་པར་དུ་ཧིན་རྡི་དང་དབྱིན་ཇིའི་གསར་ཤོག་ནང་ལ་ཁྱབ་བསྒྲགས་ཏོག་ཙམ་བྱེད་དགོས་ཀྱི་འདུག
རྒྱ་གར་གཞུང་དང་མི་དམངས་ཀྱིས་བོད་པས་རྒྱ་གར་མང་ཚོགས་ལ་ཕན་ཐོག་བྱེད་པ་དེ་ཤེས་ན་ཡག་པོ་འདུག
གོང་དུ་མཆན་པ་ཞིག་གིས་བསམ་འཆར་བཏོན་པ་རྣམས་ངེས་པར་དུ་དོ་སྣང་གནང་ནས་སླད་ཕྱིན་ཞབས་ཞུ་སྤུས་ཚད་ལེགས་སུ་གཏོང་ཐུབ་ན་ལེགས།
ཆོས་ཞུ་བ་བསམ་ཡུལ་ལས་འདས་པའི་གྲངས་འབོར་མང་པོ་ཞིག་བསླེབས་སྟབས། ཕྱོགས་གཅིག་ནས་བསམ་ན་ཁྱེད་རྣམས་ལ་ཁག་མེད་པ་ལྟ་བུ་རེད། ཡིན་ནའང་། གྲ་སྒྲིག་པོ་དང་ཡག་ཐག་ཆོད་བྱུང་སོང་བས། ཐུགས་རྗེ་ཆེ། རྗེས་སུ་ཡི་རངས་འདུ་མ་ཡོད་དོ།
བཀྲིས། ཁ་བྲོ།