གནས་ཚུལ་གཏོང་མཁན། ཨ་བཙན་པོ།
དེ་རིང་སྟེ་ཕྱི་ཚེས་ ༥ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༣ པའི་སྟེང་ངྷ་ས་མེག་གྷན་དུ་ཡོད་པའི་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ལས་ཁུངས་སུ། ཟླ་རྗེས་མའི་ལ་དྭགས་ཀྱི་དུས་འཁོར་དབང་ཆེན་ཐེངས་ ༣༣ པ་གོ་སྒྲིག་གནང་ཕྱོགས་དང་འབྲེལ་བའི་སྐོར་ལ་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།
དང་པོ་བྱུང་རིམ།
དེ་རིང་འདིར་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ངོས་ནས་ཕྱི་ལོ་ ༢༠༡༤ ལོའི་དུས་འཁོར་དབང་དབང་ཆེན་གྱི་གོ་སྒྲིག་ཚོགས་པའི་ཚབ་བྱས་ཏེ་གསར་འགོད་གསལ་བསྒྲགས་འདི་སྤེལ་བཞིན་ཡོད། རྩ་བའི་དུས་འཁོར་དབང་ཆེན་ཐེངས་ ༣༣ པའི་བྱུང་རིམ་མདོར་བསྡུས་ཤིག་ཞུས་ན། དང་པོ་ཕྱི་ལོ་ ༢༠༡༡ ལོར་རྡོར་གདན་ནས་དུས་འཁོར་དབང་ཆེན་ཐེངས་ ༣༢ པ་གནང་སྐབས། རྡོར་གདན་དུ་ཇོ་ནང་ཆོས་བརྒྱུད་ཀྱི་ཚོགས་ཆེན་ཞིག་ཚོགས་པ་རེད། སྐབས་དེར་ཇོ་ནང་པའི་ངོས་ནས་དུས་འཁོར་དབང་ཆེན་ཞིག་ཞུས་ན་ཞེས་གྲོས་ཆོད་བྱུང་དོན་བཞིན། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༥ ཉིན་གནས་མཆོག་རྡོ་རྗེ་གདན་ནས་ཞུས་པ་རེད། དེ་ནས་ཉིན་གཅིག་གི་རྗེས་སུ་ཀོང་པོའི་ངོས་ནས་ཡང་ཞུས་འདུག དེས་རྗེས་སུ་ལ་དྭགས་ཀྱི་ངོས་ནས་ཡང་དུས་དབང་ཐེངས་ ༣༣ པ་ལ་དྭགས་སུ་བསྩལ་གནང་ཡོང་བའི་གསོལ་འདེབས་ཞུས་དོན་ལྟར་ད་ཐེངས་ཀྱི་དུས་འཁོར་དབང་ཆེན་འདི་གནང་རྒྱུར་བཀའ་བཞེས་བཟང་པོ་ཐོབ་པ་རེད།
ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༩ ཉིན་ལ་དྭགས་སུ་ལ་དྭགས་ནང་ཚོགས་དང་དགོན་ཚོགས་ཀྱི་ཚོགས་གཙོ་སོགས་ཀྱིས་གཙོས་རྒྱུན་ལས་ཁག་དང་། དེ་བཞིན་དུ་ལ་དྭགས་གཞུང་གི་འབྲེལ་ཡོད་མི་སྣ་ཁག་དང་། ལ་དྭགས་ཀྱི་བླ་སྤྲུལ་ཆེ་ཁག ཇོ་ནང་ཆོས་བརྒྱུད་ཀྱི་སྐུ་ཚབ། ཀོང་པོ་གཞིས་བྱེས་གཉིས་ཀྱི་སྐུ་ཚབ་སོགས་མཉམ་འཛོམས་ཀྱིས་ཚོགས་འདུ་འཚོགས་ནས་དུས་དབང་ཐེངས་ ༣༣ པའི་གོ་སྒྲིག་ཚོགས་ཆུང་བཙུགས་པ་རེད། དེ་ནས་ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡༨ དང་ ༡༩ གཉིས་ལ་ལྡི་ལི་བྷོ་དྷི་བྷིས་ཨར་ལ་དྭགས་དགོན་པར་ཚོགས་འདུ་བསྡུ་བསྐོངས་ཀྱིས་ལས་འཆར་གོ་སྒྲིག་དང་། དེ་བཞིན་དུ་དཔལ་འབྱོར་འདུ་འགོད་ཚོགས་ཆུང་། (Fundraising Committee) ཅ་ལག་ཉོ་སྒྲུབ་ཚོགས་ཆུང་། (Purchase Committee) རྩིས་ཞིབ་ཚོགས་ཆུང་ (Audit Committee) གསུམ་གྱི་གཙོས་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་ཚོགས་ཆུང་ ༤༢ གསར་འཛུགས་བྱས་ཏེ་ལས་ཀ་བྱེད་བཞིན་པ་ཡིན།
གཉིས་པ་མི་མང་སྡོད་གནས།
དུས་འཁོར་དབང་ཆེན་སྐབས་དད་ལྡན་ཆོས་ཞུས་པར་སྡོད་གནས་གོ་སྒྲིག་བྱེད་རྒྱུ་ནི། ཧ་ཅང་གལ་ཆེན་ཡིན་པས། ང་ཚོས་ཀྱང་དེ་ལ་ཕྱོགས་ཡོངས་ནས་གྲ་སྒྲིག་བྱེད་བཞིན་ཡོད། གཤམ་དུ་གྲྭ་བཙུན་དང་མི་མང་སྡོད་གནས་སོགས་རེ་རེ་བཀོད་ཡོད།
ཀ༽ གྲྭ་བཙུན་རྣམས་ཀྱི་སྡོད་གནས།
ལ་དྭགས་དགོན་པ་ཚོགས་པའི་ཆོས་ཚོགས་ལྟེ་གནས་ཁང་ ༼Dharma Centre༽ ཞེས་པར་གྲྭ་བ་རྣམས་ཀྱི་བཞུགས་གནས་དང་། མ་ཧཱ་བྷོ་དཱི་རྒྱལ་སྤྱིའི་སྒོམ་སྒྲུབ་ལྟེ་གནས་ཁང་ ༼Mahabodhi Int. Meditation Centre༽ ཞེས་པར་བཙུན་མ་རྣམས་ཀྱི་བཞུགས་གནས་གོ་སྒྲིག་བྱས་ཡོད། ཞོགས་པ་དང་དགོང་མོར་བཞེས་ལག་གང་ནུས་གོ་སྒྲིག་བྱེད་རྩིས་ཡོད་ལ། དེ་བཞིན་དུ་བཞུགས་གདན་ཡང་རེག་པར་ཐབས་ཤེས་བྱེད་བཞིན་ཡོད་ཀྱང་ད་དུང་གཏན་ཁེལ་ཐུབ་མེད་པས། སོ་སོའི་ངོས་ནས་ཉལ་གདན་དང་ཉལ་ཆས་གོ་སྒྲིག་བྱེད་རོགས། ས་ཆ་དེ་གཉིས་ནི་གསུང་ཆོས་རྭ་བ་ནས་སྤྱི་ལེ་ ༡.༥ མཚམས་ལ་ཡོད་པས། ལམ་སྐབས་གོམ་པ་བརྒྱབ་ནས་སླེབས་ཐུབ།
ཁ༽ མགྲོན་ཁང་དང་གསོལ་མགྲོན་ཁང་།
དཔལ་འབྱོར་ལ་དཀའ་ངལ་མེད་རིགས་དག་ལ་ང་ཚོས་མགྲོན་ཁང་དང་། གསོལ་མགྲོན་ཁང་གོ་སྒྲིག་བྱས་ཡོད། གླེ་གྲོང་ཁྱེར་ནང་དུ་མགྲོན་ཁང་དང་གསོལ་མགྲོན་ཁང་ཁྱོན་བསྡོམས་ ༣༠༠ ལྷག་ཙམ་ཡོད། དེ་རྣམས་ཀྱི་ཁ་བྱང་དང་ཁ་པར་ཨང་གྲངས་དག་གཤམ་གྱི་དྲ་རྒྱའི་ (http:leh.nic.in/pages/tourism.html) ཐོག་ཏུ་བཞག་ཡོད། ཁྱེད་ཀྱིས་ཐད་གར་དེ་ལ་འབྲེལ་བ་བྱས་ན་ཡང་ཆོག་ལ། ཡང་ན་ས་གནས་ཀྱི་འགྲིམ་འགྲུལ་ལས་ཁུངས་ཁག་ལ་འབྲེལ་བ་བྱས་ན་ཡང་ཆོག ཁོང་ཚོའི་ཁ་བྱང་ (www.ladakhaltoa.com) དྲ་ཚིགས་འདིའི་ཐོག་ནས་རག་གི་རེད། དེ་མིན་སྡོད་གནས་གྲྭ་སྒྲིག་ཚོགས་ཆུང་ (Accommodation Committee) ལ་འབྲེལ་བ་བྱས་ན་ཡང་ཆོག མགྲོན་ཁང་དང་གསོལ་མགྲོན་ཁག་ལ་ང་ཚོས་འབྲེལ་བ་བྱས་ཏེ་རིན་གོང་གཏན་འབེབ་བྱས་ཡོད། གོང་ཚད་ང་ཚོས་དྲ་ཚིགས་སྟེང་བཞག་ཡོད། དེ་ལས་ལྷག་གི་གོང་ཚད་བཤད་ན་ང་ཚོར་འབྲེལ་བ་བྱོས་དང་རོགས་བྱེད་ཆོག
ག༽ གུར་གྱི་སྡོད་ཁང་།
ང་ཚོས་ས་འབུར་ཐང་ (ས་ཆའི་མིང་།) ལ་རས་གུར་ ༡༠༠༠ ཙམ་གྱི་སྡོད་གནས་གྲ་སྒྲིག་བྱས་ཡོད། ས་ཆ་དེ་ནི་གསུང་ཆོས་རྭ་བ་ནས་སྤྱི་ལེ་ ༡.༥ མཚམས་ལ་ཡོད། བསྡོད་གུར་དེ་དག་ནི་ཧི་མཱ་ལཱ་ཡཱ་ཡི་རི་རྒྱུད་དང་། དྷ་ས་སོགས་ནས་ཕེབས་པའི་ཐག་རིང་གི་ཆོས་ཞུ་བ་རྣམས་ཀྱི་ཆེད་དུ་གོ་སྒྲིག་བྱས་པ་ཞིག་ཡིན། སྡོད་གུར་དེ་དག་རིན་མེད་ཡིན་ལ། གུར་གཅིག་གི་ནང་ལ་མི་གྲངས་ ༨ ནས་ ༡༠ འདུག་དགོས། གདན་དང་མལ་ཆས་རྣམས་ཆོས་ཞུ་བ་རང་ཉིད་ཀྱིས་འཁྱེར་ནས་ཡོང་དགོས་པའི་འབོད་སྐུལ་ཞུ། སྡོད་གུར་ནང་བསྡད་འདོད་ཡོད་ཚེ་ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༢༥ སྔོན་དུ་ཐོ་འགོད་བྱེད་དགོས། ཐོ་འགོད་སྔ་ཕྱི་ལྟར་གུར་སྤྲད་རྒྱུ་ཡིན་པས། དེ་ལུགས་ཐུགས་སྣང་ཡོད་པ་ཞུ།
ང༽ གྲོང་སྡེ་ཁག་དུ་སྡོད་གནས།
གསུང་ཆོས་ར་བའི་ཉེ་འཁོར་གྱི་གྲོང་གསེབ་ཁག་ཏུ་ཆོས་ཞུ་བ་རྣམས་ལ་གནས་ཚང་གཡོར་རྒྱུའི་རེ་སྐུལ་ཞུས་ཡོད་པ་ལྟར། ད་བར་དུ་ཁང་པ་བཞི་བརྒྱ་ལྷག་མི་མང་སྡོད་གནས་སུ་གཏན་ཁེལ་བྱུང་ཡོད།
1. ས་བྷོ་ནས་ཁང་པ། ༩༣ ཡོད། གསུང་ཆོས་ར་བར་སྤྱི་ལེ་ ༤ ཡོད།
2. ཤིང་སི་པ་ནས་ཁང་པ། ༤༧ ཡོད། གསུང་ཆོས་ར་བར་སྤྱི་ལེ་ ༨ ཡོད།
3. སི་པའེ་ཏོག་ནས་ཁང་པ། ༡༩ ཡོད། གསུང་ཆོས་ར་བར་སྤྱི་ལེ་ ༦ ཡོད།
4. ཤེ་ནས་ཁང་པ། ༤༠ ཡོད། གསུང་ཆོས་ར་བར་སྤྱི་ལེ་ ༣ ཡོད།
5. ཆོས་ཆོ་ཁྲི་ཡོག་མ་ནས་ཁང་པ། ༤༨ ཡོད། གསུང་ཆོས་ར་བར་སྤྱི་ལེ་ ༢ ཡོད།
6. གངས་ལེ་ནས་ཁང་པ། ༡༥ ཡོད། གསུང་ཆོས་ར་བར་སྤྱི་ལེ་ ༡༠ ཡོད།
7. པ་ལམ་ནས་ཁང་པ། ༢༦ ཡོད། གསུང་ཆོས་ར་བར་སྤྱི་ལེ་ ༥ ཡོད།
8. བཀྲ་ཤིས་དགའ་ཚལ་ནས་ཁང་པ། ༡༥ ཡོད། གསུང་ཆོས་ར་བར་སྤྱི་ལེ་ ༣ ཡོད།
9. ཁྲིག་སེ་ནས་ཁང་པ། ༥༢ ཡོད། གསུང་ཆོས་ར་བར་སྤྱི་ལེ་ ༥ ཡོད།
ཁྱིམ་ཚང་ནང་དུ་ཞགས་སྡོད་བྱས་ཚེ་རིན་མེད་ཡིན། ང་ཚོའི་དྲྭ་རྒྱའི་ནང་དུ་ཁྱིམ་ཚང་སོ་སོའི་འབྲེལ་གཏུགས་བྱེད་སའི་ལས་གཞི་རེའུ་མིག་རྣམས་གསལ་བོར་བཀོད་ཡོད། ཁྱེད་ཀྱིས་གནས་ཚང་གཡར་མཁན་གྱི་ཁྱིམ་ཚང་ལ་ཐད་ཁར་འབྲེལ་བ་བྱས་ན་འགྲིག་ལ། ས་གནས་ཀྱི་སྐུ་ཚབ་མི་སྣ་ལའང་འབྲེལ་བ་བྱས་ན་འགྲིག གལ་སྲིད་ཁྱེད་རང་ཁྱིམ་ཚང་ཞིག་ལ་གནས་ཚང་གཡར་ནས་སྡོད་ཀྱི་ཡོད་ཚེ་བཟའ་ཆས་དང་། མལ་ཆས་སོ་སོས་འཁྱེར་དགོས་མིན་ཐད་ཁར་གནས་ཚང་དང་མཉམ་དུ་གྲོས་བསྡུར་གནང་དགོས། གོང་འཁོད་དག་ནི་གཏན་ཁེལ་ཟིན་པ་དག་ཡིན་ལ། ད་དུང་མུ་མཐུད་དུ་ས་གནས་ཁག་ལ་འབྲེལ་བ་བྱེད་བཞིན་ཡོད་པས་སྡོད་གནས་དེ་ལས་མང་པོ་རེག་པའི་ཐབས་ཤེས་བྱེད་བཞིན་ཡོད།
གཞན་ཡང་སློབ་གྲྭ་ཁག་གི་ཚོགས་ཁང་དང་། འཛིན་ཁང་སོགས་སུ་ཡང་མི་མང་སྡོད་གནས་གོ་སྒྲིག་བྱེད་བཞིན་ཡོད་ལ། ད་དུང་མི་མང་སྡོད་གནས་དཀའ་འཕྲད་ཚེ་གུར་གྲ་སྒྲིག་བྱེད་འཆར་ཡིན།
གསུམ་པ། འགྲིམ་འགྲུལ་སྐོར།
ཉིན་རེར་རྒྱལ་ས་ལྡི་ལི་ནས་གླེ་ (Leh) ལ་མཁའ་ལམ་བརྒྱུད་ནས་གནམ་གྲུ་ཁག་གསུམ་ཡོད། དེ་དག་ནི་ ཨེར། ཨིན་སྒྲིའི་ཡ་དང་། རྗེ་ཊི། གྷོ་ཨེར་ (Air India, Jet Airways and Go Air) བཅས་རེད། མཁའ་ལམ་རྒྱུད་ནས་ལ་དྭགས་ལ་སྐྱོད་མཁན་ཚོས་མགྲོན་སྐྱེལ་གནམ་གྲུའི་དུས་ཚོད་རེའུ་མིག་ལ་གཟིགས་རོགས། དེ་མིན་ཇམ་མུ (Jammu) ནས་གླེ་བར་དུ་རེས་གཟའ་ཟླ་བ་དང་པ་སངས་གཉིས་ལ་གནམ་གྲུ་ཡོད། ཤྲི་རིས་ན་གཱར་ནས་ (Srinagar) རེས་གཟའ་ལྷག་པར་གནམ་གྲུ་ཡོད།
ལྡི་ལི་ནས་གླེ JetAirways,Go Air,Air India ཉིན་རྟག་པར།
ཇཱ་མུ་ནས་གླེ Air India གཟའ་ཟླ་བ་དང་པ་སངས།
ཤྲི་ནཱ་གཱར་ནས་གླེ Air India གཟའ་ལྷག་པ།
དུས་འཁོར་དབང་ཆེན་གྱི་གོ་སྒྲིག་ཚོགས་པས་རེ་ཞུ་ལྟར། མཁའ་ལམ་འགྲུལ་བཞུད་ཀྱི་བློན་ཆེན་གྱིས་ཆོག་མཆན་ཐོབ་སྟེ། ཕྱི་ཟླ་དྲུག་པའི་ཟླ་འགོ་ནས་ཕྱི་ཟླ་བདུན་པའི་ཟླ་མཇུག་བར་རྒྱལ་ས་ལྡི་ལི་ནས་གླེ་བར་གནམ་གྲུ་སྐྱོད་ཐེངས་ཇེ་མང་དུ་བཏང་ཡོད། གླེ་ཡི་གནམ་ཐང་ནི་ (སྐུ་ཤོག་བྷ་གུ་ལ་རིན་པོ་ཆེ་གནམ་ཐང་།) གསུང་ཆོས་རྭ་བ་ནས་སྤྱི་ལེ་ ༡༠ ཙམ་གྱི་ས་ལ་ཡོད། གནམ་ཐང་དེར་ལ་དྭགས་གླ་གཏོང་རླངས་འཁོར་ལྷན་ཚོགས་ཀྱིས་དོ་དམ་བྱེད་པའི་གླ་གཏོང་རླངས་འཁོར་གང་མང་མང་ཞིག་གོ་སྒྲིག་བྱས་ཡོད།
གཞུང་ལམ་གྱི་འགྲུལ་བཞུད་དེ། ཉིན་རེར་ལྡི་ལི་ནས་མི་ན་ལི་ (manali) བརྒྱུད་དེ་གླེ་ལ་བསྐྱོད་པའི་སྤྱི་སྐྱོད་རླངས་འཁོར་ཡོད། ཉིན་གཅིག་དང་མཚན་གཉིས་ཀྱི་ལམ་ཐག་ཡོད། དེ་མིན་མི་ན་ལི། ཇམ་མུ། (Jammu) ཤྲི་ན་གར། (Srinagar) སོགས་སུ་སྒེར་གྱི་གླ་གཏོང་རླངས་འཁོར་ཡོད། གོ་སྒྲིག་ཚོགས་པས་ལྡི་ལི་དང་ཇམ་མུ། ཅན་དྷེ་སྒར་ (Chandigarh) སོགས་སུ་ཡོད་པའི་སློབ་ཕྲུག་ཚོར། དུས་དབང་ལ་འགྲོ་བའི་མི་མང་ཚོར་འགྲུལ་བཞུད་དང་སྡོད་གནས་ཀྱི་སྐོར་ལ་རོགས་རམ་གནང་རོགས་ཞེས་པའི་རེ་སྐུལ་བྱས་ཡོད།
རྒྱ་ལམ།
རྒྱང་ཐག
རླངས་འཁོར་གྱི་རིགས།
བསྐྱར་འཁོར་ས་ཚིགས།
འཛུལ་ལམ།
ལྡི་ལི་ནས་གླེ
སྤྱི་ལེ་༡༠༤༧
HRTC buses
ISBT
མཱ་ནཱ་ལི།-ཀེ་ལོང་།-སྤང་།-གསེར་ཆུ།
མ་ནཱ་ལི་ནས་གླེ
སྤྱི་ལེ་༤༧༣
Taxi,Maxi Cab,Bus
Taxi ས་ཚིགས།
ཀེ་ལོང་།-སྤང་།‑གསེར་ཆུ།-ཁ་རུ།
ཇཱ་མུ་ནས་གླེ
སྤྱི་ལེ་༧༠༦
Taxi, Maxi Cab
Taxi ས་ཚིགས།
ཤྲི་ནཱ་གཱར།-ཀཱར་གིལ།
ཤྲི་ནཱ་གཱར་ནས་གླེ
སྤྱི་ལེ་༤༣༤
Taxi, Maxi Cab,Bus
TRC ས་ཚིགས།
ཀཱར་གིལ།‑ཁལ་ཚི།
ཀཱར་གིལ་ནས་གླེ
སྤྱི་ལེ་༢༠༤
Taxi, Maxi Cab, Bus
Taxi ས་ཚིགས།
ཁལ་ཚི།
བཞི་བ། སྣེ་ལེན་དང་། གསུང་ཆོས་ཕྱག་ཁྱེར་སྐོར།
ཀ༽ སྣེ་ལེན་བྱེད་སྟངས།
དད་ལྡན་ཆོས་ཞུ་བ་ཁག་ས་གནས་སོ་སོ་བརྒྱུད་ལ་དྭགས་སུ་ཕེབས་སྐབས། ས་མཚམས་སོ་སོར་རོགས་སྐྱོར་བྱེད་མཁན་བཞག་ཡོད། ལྡི་ལི་དང་། དྷ་ས། ཇཱ་མུ། མཱ་ནཱ་ལེ། ཁཱལ་ཚི། ཁཱ་རུ། གླེ་བཅས་སུ་སྣེ་ལེན་བྱེད་མཁན་ཡོད། དེ་དག་ལ་འབྲེལ་བཏུག་བྱེད་ཡུལ་ང་ཚོས་དྲ་ཚིགས་སུ་གསལ་བོར་བཀོད་ཡོད་ལ། གཤམ་དུ་ཡང་བཀོད་ཡོད་པས་དཀའ་ངལ་རིགས་འཕྲད་ཚེ་ས་གནས་སོ་སོར་འབྲེལ་བ་གནང་རོགས་ཞུ། ཡང་སྐབས་འཕྲལ་ས་གནས་སུ་འབྲེལ་བ་གནང་མ་ཐུབ་ཚེ་ཐད་གར་དབུས་ལ་འབྲེལ་བ་གནང་ན་ང་ཚོས་ས་གནས་སུ་ཐད་གར་འབྲེལ་བ་བྱས་ཏེ་རོགས་བྱེད་པར་སྐུལ་ཆོག གཤམ་སུ་ས་གནས་སོ་སོའི་སྣེ་ལེན་ཁང་ཡོད་སའི་ས་གནས་དང་། འབྲེལ་གཏུག་ཁ་བྱང་བཀོད་ཡོད།
ས་གནས།
གྲོང་ཁྱེར།
ཞབས་ཞུ་བའི་སྡེ་ཚན།
ཁ་པར་ཨང་གྲངས།
ལྡི་ལི།
བྷོ་དི་ཝི་ཧཱར།
ལྡི་ལི་ལ་དྭགས་སློབ་ཕྲུག་གི་བདེ་དོན་ཚོགས་པ། (LSWSD)
011-22520455
23960455
དྷ་རམ་ས་ལ།
མེག་ལོར་གྷན་ཅི།
ཇོ་ནང་འགྲོ་ཕན་ལྷན་ཚོགས།
+91 8894481513
+91 9857633271
ཇཱ་མུ།
ལ་དྭགས་སྡོད་ཁང་།
ཇཱ་མུ་ལ་དྭགས་སློབ་ཕྲུག་ཚོགས་པ། (ALSUJ)
མཱ་ནཱ་ལི།
Taxi ས་ཚིགས།
ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས།
ཁཱལ་ཚི།
ཁྲོམ་གཞུང་ལྟེ་གནས།
ལ་དྭགས་ནང་ཚོགས་ཡན་ལག
ཁཱ་རུ།
ཁྲོམ་གཞུང་ལྟེ་གནས།
ལ་དྭགས་ནང་ཚོགས་ཡན་ལག
གླེ
རླངས་འཁོར་ས་ཚིགས། གནམ་ཐང་། ནང་ཚོགས་དང་དགོན་ཚོགས་སོ་སོའི་ལས་ཁུངས།
ལ་དྭགས་ནང་ཚོགས་དང་།
ལ་དྭགས་དགོན་ཚོགས།
01892-252415 ནང་ཚོགས།
252420 དགོན་ཚོགས།
255563ནང་ཚོགས་གཞོན་ནུ།
ཁ༽ གསུང་ཆོས་ཕྱག་ཁྱེར།
དད་ལྡན་ཆོས་ཞུ་བ་རྣམས་གསུང་ཆོས་ར་བའི་ནང་ཕེབས་པར། ངེས་པར་དུ་དེབ་སྐྱེལ་བྱས་ཏེ་གསུང་ཆོས་ཕྱག་ཁྱེར་བཟོ་དགོས། དེར་བརྟེན། ཕྱི་རྒྱལ་ཡུལ་མི་ཚོས་རང་ཉིད་ཀྱི་ཕྱི་སྐྱོད་ལམ་ཡིག་གི་པར་བཤུས་དང་ཕྱེད་པར་གཉིས། དེ་བཞིན་དུ་ས་གནས་ཡུལ་མི་དང་། བོད་རིགས་སོགས་ཀྱིས་རང་ཉིད་ཀྱི་ལག་ཁྱེར་བྱང་བུ་ (ID) དང་ཕྱེད་པར་གཉིས་འཁྱེར་ནས་དེབ་སྐྱེལ་བྱེད་དུ་ཡོང་དགོས། ང་ཚོས་ཁྱེད་རང་ལ་དེབ་སྐྱེལ་ཡིག་བྱང་བཟོས་གླར་ཧིན་སྒོར་ཕྲན་བུ་རེ་ལེན་གྱི་ཡིན། དེབ་སྐྱེལ་བྱེད་ས་ནི་ལ་དྭགས་ནང་ཚོགས་དང་དགོན་ཚོགས་གཉིས་ཀྱི་ལས་ཁུངས་ཡོད་ས་དང་གསུང་ཆོས་ར་བ། དེ་མིན་ས་གནས་གཞན་ཁག་ཏུ་གྲྭ་སྒྲིག་བྱེད་བཞིན་ཡོད།
ལྔ་བ། འཕྲོད་བསྟེན་སྐོར།
གསུང་ཆོས་གནང་སྐབས་ཀྱི་འཕྲོད་བསྟེན་གནང་སྟངས་ནི་ང་ཚོས་ཧ་ཅང་གལ་ཆེར་བརྩིས་ཏེ་གྲ་སྒྲིག་བྱེད་བཞིན་ཡོད། སྡོད་གུར་གྱི་ཉེ་འཁྲིས་དང་། གསུང་ཆོས་ར་བའི་ཉེ་འགྲམ་དུ་མྱུར་སྐྱོབ་སྨན་བཅོས་ལྟེ་གནས་ཁང་འགའ་ཤས་གསར་འཛུག་བྱ་རྒྱུ་དང་། ནད་པ་ཚབས་ཆེན་བྱུང་ཚེ་ས་ཁུལ་གྱི་སྨན་ཁང་ཆེ་ཤོས་བསོད་ནམས་ནོར་བུའི་དྲན་གསོའི་སྨན་ཁང་ཞེས་པར་ཐད་ཁར་མྱུར་སྐྱོབ་རླངས་འཁོར་ཐད་གཏོང་བྱེད་རྒྱུའི་གྲྭ་སྒྲིག་བྱེད་བཞིན་ཡོད། དེ་བཞིན་དུ་བོད་གཞུང་སྨན་རྩིས་ཁང་གི་སྨན་པ་ཕེབས་ནས་ཕྲལ་སེལ་གྱི་སྨན་ཁང་ཡང་འཛུག་རྒྱུ་བྱས་ཡོད།
འདིར་ངེས་པར་དུ་ཤེས་དགོས་པ་ཞིག་ནི། དད་ལྡན་ཆོས་ཞུ་བ་རྣམས་གནམ་གྲུའི་ནང་ནས་གླེ་ལ་འབྱོར་བའི་ཉིན་དེར་ངལ་གསོ་བརྒྱབ་ནས་སྡོད་དགོས། རྒྱུ་མཚན། གླེ་ནི་རྒྱ་མཚོའི་ངོས་ནས་མི་ཊར་༣༥༠༠ (ཕི་ཊི་༡༡,༤༨༣) ལྷག་ཡོད་པའི་ས་མཐོའི་ཁ་ལ་ཆགས་ཡོད་པས། གླེ་ལ་འབྱོར་མ་ཐག་ཡར་མར་རྒྱུག་ན་ས་མཐོའི་ནད་བྱུང་ཉེན་ཆེ། ཁྱེད་ཀྱིས་ངེས་པར་དུ་ཆུ་གང་མང་འཐུང་དགོས། དེ་ལྟར་བྱས་ན་ས་མཐོའི་དབུགས་རྔུབ་གཏོང་བྱེད་སླ་པ་དང་ཕན་ཐོགས་ཆེན་པོ་ཡོད། དོ་སྣང་བྱེད་དགོས་པ་གཞན་ཞིག་ནི་ལ་དྭགས་ལ་སླེབས་པའི་ཆུ་ཚོད་ ༢༤ ནས་ ༤༨ རིང་ཆང་རག་འཐུང་མི་རུང་། དེས་གཟུགས་པོའི་ནང་གི་ཆུ་རྣམས་སྐམ་སྟེ་མིའི་སེམས་ཁམས་ངར་པོ་ཆགས་པའི་ཉེན་ཁ་ཆེ།
དེ་བཞིན་དུ་ཕྱི་ཟླ་བདུན་པའི་ལ་དྭགས་ཀྱི་གནམ་གཤིས་ཀྱི་དྲོད་གྲང་སྙོམ་པོ་ཡིན་ཀྱང་། མཚན་མོ་གནམ་གཤིས་ཇེ་གྲང་དུ་འགྲོ་བས་གྱོན་ཆས་མཐུག་པོ་རེ་དང་། ཉི་མས་མི་འཚིག་པའི་ངོ་སྣུམ། ཉི་གདུགས། ཉི་འགོག་མིག་ཤེལ། འཐུང་ཆུ་གཙང་བཟོའི་སྨན། འཆམ་པ་སོགས་སྤྱིར་བཏང་གི་ནད་རིགས་ཀྱི་སྨན། རླུང་འཕྲིན། གདན་སོགས་མཉམ་ཁྱེར་བྱེད་ཐུབ་ན་བཟང་།
དྲུག་པ། གསུང་བསྒྱུར་དང་། ཐད་གཏོང་སྐོར།
དུས་འཁོར་དབང་ཆེན་གྱི་གསུང་ཆོས་རྣམས་༧གོང་ས་མཆོག་གིས་བོད་སྐད་ཐོག་གནང་གིན་ཡོད་པས་རླུང་འཕྲིན་ནང་ཐད་ཀར་སྐད་རིགས་འདྲ་མིན་ ༡༢ ནང་ལ་བསྒྱུར་གྱིན་ཡོད། དེ་དག་ནི་དབྱིན་སྐད། རྒྱ་ནག་སྐད། ཀོ་རི་ཡའི་སྐད། ཉི་ཧུང་གི་སྐད། ཝི་ཐི་ནམ་གྱི་སྐད། སོག་པོའི་སྐད། ར་ཤེ་ཡའི་སྐད། སི་པན་གྱི་སྐད། ཧྥ་རན་སིའི་སྐད། ཨི་ཊ་ལི་སྐད། རྒྱ་གར་སྐད། ལ་དྭགས་ཀྱི་སྐད་བཅས་ཡིན། གཞན་ལ་སུན་པོ་མི་བཟོ་བའི་ཆེད་དུ་རང་ཉིད་ཀྱི་རླུང་འཕྲིན་ལྷན་དུ་རྣ་ཉན་འཁྱེར་རྒྱུ་མ་བརྗེད་པ་གནང་རོགས་གནང་།
དེ་བཞིན་དུ་དུས་འཁོར་དབང་ཆེན་གྱི་གསུང་ཆོས་ཆ་ཚང་། དྲ་ལམ་ཐོག་སྐད་རིགས་འདྲ་མིན་བདུན་གྱི་སྟེང་ཐད་གཏོང་བྱེད་བཞིན་ཡོད། དེ་དག་ནི། བོད་སྐད། དབྱིན་སྐད། རྒྱ་ནག་སྐད། ཝི་ཐི་ནམ་གྱི་སྐད། སོག་པོའི་སྐད། ར་ཤེ་ཡའི་སྐད། རྒྱ་གར་སྐད་བཅས་ཡིན།
བདུན་པ། འཐུང་ཆུ་དང་གཙང་སྤྱོད་སོགས་ཀྱི་སྐོར།
ཀ༽ འཐུང་ཆུ།
ལ་དྭགས་ཀྱི་ས་མཐོའི་ཆུའི་ནང་དུ་དཀར་རྫས་དང་ཚ་མང་བའི་རྐྱེན་གྱིས་འཐུང་ཆུ་རང་བཞིན་གྱིས་དཀོན་པོ་ཆགས་ཡོད། རྒྱུག་ཆུ་དང་སྦུ་གུའི་ནང་གི་ཆུའི་རིགས་འཐུང་དུ་རུང་། ཞི་བའི་ཚལ་གསུང་ཆོས་ར་བ་དང་གུར་སྒར་གྱི་ས་ཆ་གང་སར་འཐུང་ཆུ་དྲངས་ཡོད། ལ་དྭགས་ཀྱི་ཚོང་ཁང་ཕལ་མོ་ཆེའི་ནང་དུ་འགྱིག་ཐུམ་གྱི་ཆུ་ཚོང་རྒྱུ་ཡོད། ཁྱེད་ཀྱིས་གད་སྙིགས་ཀྱི་དཀའ་ངལ་མི་འཕྲད་པའི་ཆེད་དུ་འགྱིག་དམ་མི་གཡུག་པར་གང་ཐུབ་ཀྱིས་མགྲོན་ཁང་དང་ཟ་ཁང་། ས་གནས་གཞན་ནས་ཆུ་ལེན་རོགས་གནང་།
ཁ༽ གསང་སྤྱོད་ཀྱི་མཐུན་རྐྱེན།
ཞི་བའི་ཚལ་གསུང་ཆོས་ར་བའི་གཡས་ཕྱོགས་སུ་སྐུ་མགྲོན་དང་བླ་སྤྲུལ་ཁག་གི་གསང་སྤྱོད་དང་། དེ་བཞིན་དུ་མི་མང་དཀྱུས་མའི་གསང་སྤྱོད་སོགས་ཁྱོན་གསང་སྤྱོད་ ༡༨༠ ལྷག་གོ་སྒྲིག་བྱས་ཡོད་ལ། དེ་བཞིན་དུ་གསུང་ཆོས་ར་བའི་གཡོན་ཕྱོགས་སུ་ཡང་དེ་བཞིན་བཟོས་ཡོད། དེ་མིན་གྲྭ་བཙུན་སྡོད་གནས་ལ་དྭགས་དགོན་པ་ཚོགས་པའི་ཆོས་ཚོགས་ལྟེ་གནས་ཁང་དང་ མ་ཧཱ་བྷོ་དཱི་རྒྱལ་སྤྱིའི་སྒོམ་སྒྲུབ་ལྟེ་གནས་ཁང་གཉིས་སུ་ཡང་གསང་སྤྱོད་མང་པོ་གསར་རྒྱག་དང་། མི་མང་སྡོད་གནས་གུར་ཀྱི་ཉེ་འཁྲིས་སུ་ཡང་གསང་སྤྱོད་གསར་རྒྱབ་བྱས་ཡོད།
བརྒྱད་པ། དུས་དབང་སྐབས་གནང་མི་ཆོག་པ་ཁག་ཅིག
དང་པོ། གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ལ་དྭགས་ཀྱི་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན་དང་བོད་ཀྱི་སྲོལ་རྒྱུན་གྱི་གཞས་སྣ་འཁྲབ་སྟོན་གང་མང་རིན་མེད་ཐོག་གོ་སྒྲིག་ཞུ་རྒྱུ་ཡིན་པ་ལས། དུས་འཁོར་དབང་ཆེན་གྱི་སྔ་གཞུག་ཏུ་གཞས་སྣ་འཁྲབ་སྟོན་གྱི་ལམ་ནས་མ་དངུལ་བསྡུ་རུབ་བྱ་མི་ཆོག རྒྱུ་མཚན། གཞས་སྣ་འཁྲབ་སྟོན་སོགས་འདྲ་མིན་བྱུང་ཚེ། དེ་དག་གི་ཁྲོད་དུ་ལ་དྭགས་དང་བོད་ཀྱི་སྲོལ་རྒྱུན་དང་མི་མཐུན་པ་དང་། ལ་དྭགས་དང་བོད་ཀྱི་ཡ་རབས་བཟང་སྤྱོད་དང་མི་མཐུན་པའི་གཞས་སྣ་འཁྲབ་སྟོན་སོགས་ཡོང་སྲིད་པ་དང་། ༸གོང་ས་མཆོག་གི་དུས་འཁོར་དབང་ཆེན་གནང་སྐབས་དེ་ལྟ་བུའི་བྱ་སྤྱོད་མི་འབྱུང་ཆེད་དང་། ལ་དྭགས་ནི་རྒྱ་དཀར་ནག་གི་ས་མཚམས་སུ་ཁེལ་ཡོད་སྟབས་གཞས་སྣ་འཁྲབ་སྟོན་སྐབས། མང་ཚོགས་ཁྲོད་ཆང་རག་འཐུང་མཁན་དང་རྙོག་ཟིང་བཟོ་མཁན་འབྱུང་སྲིད་པས། གལ་སྲིད་དེའི་རིགས་བྱུང་ཚེ་དབང་ཞུ་མཁན་སྤྱི་བྱིངས་ལ་བརྡབ་གསིག་འགྲོ་གཞིར་གྱུར་བ་སོགས་ཀྱིས་སྔོན་ཚུད་ནས་བཀག་འགོག་བྱས་པ་ཡིན།
གཉིས་པ། དགོན་པ་ཆེ་ཆུང་གང་འདྲ་ཞིག་ཡིན་ནའང་ཞལ་འདེབས་ཀྱི་རིགས་ཁྱོན་ནས་བསྡུ་རུབ་བྱ་མི་ཆོག
རྒྱུ་མཚན། དེ་སྔར་གྱི་དུས་འཁོར་དབང་ཆེན་གནང་སྐབས་སུ་ཞལ་འདེབས་སློང་མཁན་དགོན་སྡེ་ཆེ་མ་ཆུང་གསུམ་སུམ་བརྒྱར་ཉེ་བ་བྱུང་ཡོད་ལ། དེ་དག་གི་གྲས་སུ་དངོས་བདེན་ཡིན་མིན་གྱི་ཞལ་འདེབས་སློང་མཁན་ཅི་རིགས་ཤིག་བྱུང་མྱོང་བ་དང་། དུས་འཁོར་དབང་ཆེན་སྐབས་མང་ཚོགས་ལ་བརྡབ་གསིག་དང་ཁྲ་ཁྲ་ཟང་ཟིང་མེད་པར་དབང་ལེགས་པར་ཐོབ་རེ་བཅས་ཀྱིས་ཡིན།
གསུམ་པ། གསུང་ཆོས་རྭ་བ་ནས་མི་ཊིར་བརྒྱའི་ནང་ཚུན་དུ་ཟ་ཁང་དང་ཚོང་ཁང་རིགས་གཉེར་མི་ཆོག
རྒྱུ་མཚན། གསུང་ཆོས་རྭ་བའི་ནང་དུ་ཡར་མར་འཛུལ་སྐབས་ལམ་བར་ནས་འཚང་ཁ་མི་ཡོང་བ་དང་། ༸གོང་ས་མཆོག་གི་ཕོ་བྲང་གི་ཐག་ཉེ་ས་ནས་འུར་འུར་ཟང་ཟིང་མེད་པར་ཞི་འཇམ་ལྷིང་འཇགས་ཡོང་རེ་བཅས་ཀྱི་ཆེད་དུ་ཡིན།
གུར་སོགས་སྡོད་གནས་རིགས་དགོས་ཚེ་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ལ་འབྲེལ་བ་གནང་དགོས།
སྡོད་གནས་གོ་སྒྲིག་གནང་ཕྱོགས་སྐོར་འབྲེལ་གཏུག་ཁ་བྱང་།
བསོད་ནམས་སྟོབས་ལྡན། +91-9857633271
མཁའ་འགྲོ་སྐྱིད། +91-9882069113
དེ་མིན་དོག་འདྲིའི་རིགས་ཡོད་ཚེ་ཇོ་ནང་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོར་འབྲེལ་གཏུག་བྱ་དགོས།
འབྲེལ་གཏུག་ཁ་བྱང་། +91-8894481513 / 9882603991
འབྲེལ་གཏུག་བྱེད་དུས། ཞོགས་པ་དུས་ཚོད་ ༩:༠༠ ནས་ ཉིན་གུང་ ༡:༠༠ བར་དང་། ཉིན་རྒྱབ་དུས་ཚོད་ ༢:༠༠ ནས་ ༥:༠༠ བར་ཡིན།
རེས་གཟའ་སྤེན་པ་གཉིས་པ་དང་གཟའ་ཉི་མ་གུང་སང་ཡིན།
ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༥ ཉིན།
་་་་་་ ག༽ གུར་གྱི་སྡོད་ཁང་།
ང་ཚོས་ས་འབུར་ཐང་ཞེས་པར་རས་གུར་ ༡༠༠༠ ཙམ་གྱི་སྡོད་གནས་གྲ་སྒྲིག་བྱས་ཡོད་ལ། ས་ཆ་དེ་གསུང་ཆོས་རྭ་བ་ནས་སྤྱི་ལེ་ ༡.༥ མཚམས་ལ་ཡོད། སྡོད་གུར་དེ་དག་ནི་ཧི་མ་ལ་ཡའི་རི་རྒྱུད་དང་། དྷ་ས་སོགས་ནས་ཕེབས་པའི་ཐག་རིང་གི་ཆོས་ཞུ་བ་རྣམས་ཀྱི་ཆེད་དུ་གོ་སྒྲིག་བྱས་པ་ ཞིག་ཡིན། སྡོད་གུར་དེ་དག་རིན་མེད་ཡིན་ལ། གུར་གཅིག་གི་ནང་ལ་མི་གྲངས་ ༨ ནས་ ༡༠ འདུག་དགོས། གདན་དང་མལ་ཆས་རྣམས་ཆོས་ཞུ་བ་རང་ཉིད་ཀྱིས་འཁྱེར་ནས་ཡོང་དགོས་པའི་འབོད་སྐུལ་ ཞུ། སྡོད་གུར་ནང་བསྡད་འདོད་ཡོད་ཚེ། ཟླ་འདིའི་ཕྱི་ཚེས་ ༢༥ སྔོན་དུ་ཐོ་འགོད་བྱེད་དགོས། ཐོ་འགོད་སྔ་ཕྱི་ལྟར་གུར་སྤྲོད་རྒྱུ་ཡིན། ་་་་་་་་
http://www.tibettimes.net/news.php?showfooter=1&id=8944
དུས་དབང་སྐབས་ཀྱི་སྡོད་གུར་གསལ་བསྒྲགས།
འདོན་སྤེལ། ༢༠༡༤/༠༥/༡༠
རྒྱ་ཆེ་བའི་དད་ལྡན་ཆོས་ཞུ་བ་ཡོངས་ཀྱི་སྙན་ལམ་དུ་ཆེད་ཞུ།
ད་ལམ་༸གོང་ས་ལྷ་མིའི་རྣམ་འདྲེན་མཆོག་གིས་དུས་འཁོར་དབང་ཆེན་ཐེངས་སོ་གསུམ་པ། ལ་དྭགས་རྒྱལ་ས་གླེ་རུ་བསྩལ་བའི་དུས་དང་བསྟུན་ཏེ། ངེད་ཅག་གིས་སྡོད་གུར་ཞིག་གོ་སྒྲིག་ཞུས་ཡོད། དེ་ནི་དུས་དབང་གསུང་ཆོས་རྭ་བ་ནས་སྤྱི་ཁྲི་/meter/ཉིས་བརྒྱའི་མཚམས་ཏེ། ལྕོག་ལམ་སར་བརྒྱ་ཤོག་གཉིས་པའི་ཟམ་པར་༽ཡོད་པ་དང་། ཆུ་དང་གློག་གསང་སྤྱོད་སོགས་ཀྱི་མཐུན་རྐྱེན་ཚད་དང་ལྡན་ཞིང་། སྡོད་གུར་རེ་རེའི་ནང་དུ་མང་ཤོས་སུ་མི་ལྔ་བསྡད་ཆོག་པ་དང་། སྡོད་མཁན་གྱི་གྲངས་འབོར་ལ་ལྟོས་ཏེ། གདན་གྱི་ཆ་རྐྱེན་སྟབས་བདེ་དང་སྤུས་ལེགས་བསྐྲུན་གང་ཐུབ་ཞུས་ཡོད། ད་དུང་སྡོད་གུར་གྱི་ནང་དུ་ས་གདན་དང་། དུས་དབང་སྐབས་སུ་ཆེད་མངགས་ཅ་ལག་སོགས་ལ་ལྟ་སྲུང་བྱེད་མཁན་ཡང་ཡོད་པས། དེ་དོན་དགོངས་འཇགས་ཡོད་པ་ཞུ། དེས་ན་སྡོད་གུར་གྱི་རིན་གོང་དང་། དུས་ཡུན་གྱི་འགྲོ་སྟངས་ནི་གཤམ་གསལ་ལྟར་ཡིན།
ཉིན་ལྔ་ཡི་བར་དུ་བསྡད་ན། སྡོར་གུར་རེར་ཉིན་རེ་ཧིན་སྒོར་2000 ཡིན།
ཉིན་བརྒྱད་ཀྱི་བར་དུ་བསྡད་ན། སྡོད་གུར་རེར་ཉིན་རེ་ཧིན་སྒོར་1300 ཡིན།
ཉིན་བཅུའི་བར་དུ་བསྡད་ན། སྡོད་གུར་རེར་ཉིན་རེ་ཧིན་སྒོར་1100 ཡིན།
ཉིན་བཅུ་ལྔའི་བར་དུ་བསྡད་ན། སྡོད་གུར་རེར་ཉིན་རེ་ཧིན་སྒོར་900 ཡིན།
ཉིན་ཉི་ཤུའི་བར་དུ་བསྡད་ན། སྡོད་གུར་རེར་ཉིན་རེ་ཧིན་སྒོར་700 ཡིན།
ཉིན་སུམ་ཅུའི་བར་དུ་བསྡད་ན། སྡོད་གུར་རེེར་ཉིན་རེ་ཧིན་སྒོར་500 ཡིན།
གོང་གསལ་གྱི་གནས་བབ་ལ་གཞིགས་ཏེ། གལ་ཏེ་ཁྱེད་ལ་སྡོད་གུར་གྱི་ཐུགས་མཁོ་མཆིས་ཚེ། གཤམ་གྱི་ཨང་གྲངས་སྒང་ལ་འབྲེལ་བ་གནང་རོགས། རྡ་ས། +919882868732 ལ་དྭགས། +9196-22-992331 ལ་དྭགས། +91 96-22-988503
http://tibettimes.net/news.php?cat=18&&id=8864
༢༠༡༤/༠༦/༠༦ ཉིན་འདོན་སྤེལ་བྱས། ་་་་་་ ཐག་རིང་གི་ཆོས་ཞུ་བ་རྣམས་ཀྱི་ཆེད་དུ་གོ་སྒྲིག་བྱས་པ་ ཞིག་ཡིན། སྡོད་གུར་དེ་དག་རིན་མེད་ཡིན་་་་་་་
http://www.tibettimes.net/news.php?showfooter=1&id=8944
ཞེས་དང་། གླ་ཡོད།
༢༠༡༤/༠༦/༠༦ ཉིན་འདོན་སྤེལ་བྱས། གོང་གསལ་གྱི་གནས་བབ་ལ་གཞིགས་ཏེ། གལ་ཏེ་ཁྱེད་ལ་སྡོད་གུར་གྱི་ཐུགས་མཁོ་མཆིས་ཚེ། གཤམ་གྱི་ཨང་གྲངས་སྒང་ལ་འབྲེལ་བ་གནང་རོགས། རྡ་ས། +919882868732 ལ་དྭགས། +9196-22-992331 ལ་དྭགས། +91 96-22-988503
http://tibettimes.net/news.php?cat=18&&id=8864
དྲ་གྲོགས་ཡོངས་ཀྱིས་མཁྱེན་དགོས་པ་ཞིག་ལ། གོང་དུ་ཀརྡོ་གཉེར་ཕྱག་པ་ལགས་ཀྱིས་ཞབས་མཆན་དུ་སྤེལ་བའི་(དུས་དབང་སྐབས་ཀྱི་སྡོད་གུར་གསལ་བསྒྲགས།) ཞེས་པའི་གུར་དག་ནི་གོ་སྒྲིག་ཚོགས་ཆུང་ནས་མིན་ཞེས་གསལ་བཤད་ཙམ་དུ། ཚངས་དབྱངས་རྒྱ་མཚོས།
ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས། གསལ་བཤད་གནང་བར་བཀའ་དྲིན་ཆེ། ད་དུང་གསལ་བཤད་ཐུང་དྲགས་པའི་སྐྱོན་མི་འདུག་གམ། ལགས།
༄།དུས་དབང་གི་སྐབས་དང་འཚོལ་ནས་ཚོང་དུས་ཆེན་པོ་ཞིག་རེད། དུས་དབང་འགྲོ་དགོས་བསམ་ཀྱང་གང་ཅིའི་ཐད་ནས་སྒོར་མོ་མང་པོ་རེད་འདུག་པས་མོས་པ་རང་བྱེད་རྩེས་ཡོད། སྐབས་འདིར་ཚོང་པ་མགོ་བདེ་པོ་མང་པོ་ཞིག་ཡོད་ལ་། ད་དུང་དུས་དབང་གི་སྦྱིན་བདག་སོགས་མིང་ཆེ་ལ་ཁེ་ཆེ་བའི་དུས་དབང་འདི་དངུལ་མང་པོ་མེད་ཞུ་ཐབས་བྲལ།
དངུལ་མང་པོ་མེད་ན་ཞུ་ཐབས་བྲལ་ཞེས་བཅོས་རོག
XXXXXXXX
xxxxxx
མི་རྒས་ཁོག་ཁག་ལ་དཀའ་ངལ་ཕྲད་སྲིད། ལ་དྭགས་ནི་ས་མཐོ་བ་དང་། དེ་བཞིན་ཆུ་། ཟས་རིགས་སོགས་ཀྱང་ཅུང་ཟད་དཀོན་པོ་ཡིན།
XXXXXXXX
གོ་སྒྲིག་པའི་བྱེད་སྟངས་ལ་བལྟས་ན་དུས་དབང་ལ་བཅར་ཐུབ་ས་མ་རེད།
གོ་སྒྲིག་པས་ཅང་འཇོན་ས་མ་རེད