༼དཔེ་ཀློག་དོན་གནད་ཐོ་རུ་བཏབས་པ་ཡི།། ཟིན་བྲིས་དེབ་ཏུ་གསལ་ལ་ཁུངས་བྱས་པའི།། རགས་པའི་ཐོ་འདིར་འགལ་འཁྲུལ་ནོར་བའི་ཆ།། ངེས་པར་ཡོད་ན་མཁས་པའི་སྤྱན་ལྡན་ཚོས།། སྨན་ངེས་དགོངས་འཆར་ཆར་བཞིན་སྩོལ་བར་ཞུ།། བཅོས་འགོད་ཡར་རྒྱས་གཏོང་དགོས་འགའ་མཆིས་ན།། དེ་དེ་ཤེས་རབ་ནོར་དུ་ལེན་པ་ཡིན།། ༽
གཅིག གནས་དུས་གང་ཞིག་ཏུ་གསུངས་མིན་ཐད་ཀྱི་མཁས་པའི་བཞེད་བབ།
༡ གནས་གང་ཞིག་ཏུ་གསུངས་བབ་དང་འབྲེལ་བའི་མཁས་པའི་བཞེད་བབ།
སྟོན་མཆོག་བརྩེ་དྲིན་གྱི་བདག་ཉིད་ཆེན་པོས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འདི་བཞིན། གནས་གང་ཞིག་ནས་གསུངས་བབ་ཐད་བཞེད་པ་གཉིས་ཤིག་ལས་ཆེར་མ་བྱུང་འདུག་ཀྱང༌། དེ་དག་གིས་བསྟན་པའི་གནས་དེ་བཞིན་དེང་གི་ས་ཁུལ་གངཞིག་ཏུ་ངོས་འཛིན་དགོས་པ་དང་འབྲེལ་བའི་རིམ་པ་ཁ་གསལ་གྱི་དཔྱད་གཞི་ཉུང་བ་དག་གི་བསྟན་དོན་བསྡུར་དཔྱད་ཀྱིས་འདིར་དཀྱུས་གཅིག་ཏུ་བཀོད་ན། ཀློང་བརྡོལ་ངག་དབང་བློ་བཟང་ཞབས་ཀྱིས། རྒྱ་གར་རྡོ་རྗེ་གདན་དུ་གསུངས་པ་དང་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་གྱི་བུམ་པའི་ནང་གསུངས་པ་བཅས་གཉིས་སུ་བཞེད་འདུག་པ་སྟེ། དེ་ཚུལ་ནི་ཁོང་གི་གསུང་འབུམ་༼ཅ༽པའི་ནང་༼དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོའི་ལོ་རྒྱུས་དང་མིང་གི་རྣམ་གྲངས་༽ཞེས་མཚན་འཁོད་ནང་གསལ་ལྟར་ན། “རྒྱ་གར་རྡོ་རྗེ་གདན་དུ་དུས་འཁོར་རྩ་རྒྱུད་གསུངས་ཚུལ་དང་དེ་ཉམས་སུ་ལེན་པའི་ཤཱཀྱའི་རིགས་ཀྱི་ཆོས་ཀྱི་རྒྱལ་པོ་བཞི་བཅུ་ཞེ་གསུམ་ཇི་ལྟར་བྱོན་པའི་ཚུལ་ནི།”༡ ཞེས་གསུངས་པར་དཔག་ཚེ་རྡོ་རྗེ་གདན་དུ་གསུངས་པར་བཞེད་འདུག་ནའང༌། དེ་གཤམ་ནས་ཤམ་བྷ་ལའི་རྒྱལ་པོ་ཟླ་བཟང་གིས་ཐོག་མར་ཞུས་ཚུལ་སོགས་འཆད་སྐབས་”དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དེ་ཡི་བུམ་པའི་ནང་དུ་འདུས་ནས། སྟོན་པ་སངས་རྒྱས་ལ་དཔལ་དུས་འཁོར་རྩ་རྒྱུད་ཤོ་ལོ་ཀ་སྟོང་ཕྲག་བཅུ་གཉིས་ཡོད་པ་ཞུས”༢ ཞེས་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དུ་གསུངས་པར་བསྟན་འདུག་པ་གཉིས་ནས་ཤེས་རྟོགས་ཐུབ།
ཡོངས་གྲགས་ཀྱི་དབང་དུ་བྱས་ན། དུས་འཁོར་རྩ་རྒྱུད་གསུངས་སའི་གནས་ནི། རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རི་དང་ཉེ་ཁུལ་གྱི་འབྲས་སྤུངས་མཆོད་རྟེན་དུ་ངོས་འཛིན་པ་སྟེ། ངག་དབང་བློ་གྲོས་གྲགས་པ་ཞབས་ཀྱིས་མཛད་པའི་༼ཇོ་ནང་ཆོས་འབྱུང་ཟླ་བའི་འོད་ཟེར་༽ནང༌། “སྟོན་པས་གདུལ་བྱ་ཐུན་མོང་གི་ངོར་བྱ་རྒོད་ཕུང་པོའི་རིར་ཤེར་ཕྱིན་གསུངས་པ་དང་དུས་མཉམ་དུ་དཔལ་ལྡན་འབྲས་སྤུངས་སུ་གསང་སྔགས་དཀྱིལ་འཁོར་ཐུན་མིན་གྱི་ངོར་གསུངས་པ་ཡིན་ལ། དེ་ཡང་དུས་འཁོར་རྩ་རྒྱུད་གཙོ་བོར་གྱུར་པའི་གསང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་གསུངས།” ཞེས་དང༌། རྒྱལ་བ་དགེ་འདུན་རྒྱ་མཚོས། “གནས་རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རི་དང་ཉེ་བ་ན་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོ་ཡོད་པས། དེའི་འོག་ཏུ་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་དང༌། སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་རྒྱ་ཆེན་པོ་སྤྲོས་ཏེ། ཞེས་པ་ནས། དང་པོའི་སངས་རྒྱས་སོགས་བླ་མེད་ཀྱི་རྒྱུད་ཐམས་ཅད་གསུངས།”་བཅུ་གཉིས་པ་གསུངས་ཤིང༌། ཟླ་བཟང་གིས་ཤཾ་བྷ་ལར་གདན་དྲངས་ཏེ་འཆད་སྤེལ་དང༌། རིགས་ལྡན་པདྨ་དཀར་པོས་འགྲེལ་བ་མཛད་པ་དག་འཇིག་རྟེན་མིག་གྱུར་རྭ་འབྲོ་ཤང་གསུམ་གྱིས་བོད་ཡུལ་དུ་དྲངས་པར་བཞེད་པ་མི་མཐུན་པ་མེད།
༢ དུས་ནམ་ཞིག་གསུངས་བབ་དང་འབྲེལ་བའི་མཁས་པའི་བཞེད་བབ།
དུས་ནམ་ཞིག་གསུངས་བབ་ཤེས་དགོས་ན། སྟོན་པ་བཅོམ་ལྡན་འདས་ཀྱི་འཁྲུངས་འདས་ལོ་ཚིགས་སྐོར་དང་འབྲེལ་བའི་བཞེད་བབ་རྣམས་ཤེས་དགོས་པ་ལགས་སྟབས། འདིར་སྟོན་པའི་འཁྲུངས་འདས་ལོ་ཚིགས་སྐོར་དཀྱུས་གཅིག་ཏུ་བཀོད་ན།
ཀློང་རྡོལ་གསུང་འབུམ་ནང༌། “སྟོན་པ་ཤཱཀྱ་ཐུབ་པས་རྒྱ་གར་རྡོ་རྗེ་གདན་དུ་སངས་རྒྱས་ནས། དེ་ཡི་ལོ་ཕྱི་མ་ཧོར་ཟླ་གསུམ་པའི་ཚེས་བཅོ་ལྔ་སྟེ་ནག་པ་ཟླ་བའི་ཉ་ལ་གསུངས་ཟེར་བ་དང༌། ཡང་བཅོམ་ལྡན་འདས་མྱ་ངན་ལས་འདའ་ཁ་མ་ཟླ་བ་གསུམ་པ་ནག་པའི་ཉ་ལ་རྩ་རྒྱུད་གསུངས། ཟླ་བ་ཕྱི་མ་བཞི་པ་ས་གའི་ཉ་ལ་མྱ་ངན་ལས་འདས་ཏེ། དུས་འཁོར་རྩ་རྒྱུད་གསུངས་ནས་སངས་རྒྱས་ཟླ་བ་གཅིག་ལས་མ་བཞུགས་ཟེར་བའི་ལུགས་གཉིས་”༥ ཞེས་དེ་ཐད་བཞེད་ལུགས་ཆེན་པོ་གཉིས་ཤིག་ཡོད་ཚུལ་གསལ་འདུག་པ་སྟེ། ལུགས་དེ་གཉིས་ནི་སྟོན་པ་བཅོམ་ལྡན་འདས་ཀྱི་འཁྲུངས་ལོའི་ཐད་བཞེད་ལུགས་གཉིས་ཤིག་ཡོད་པ་ལ་གཞི་བྱས་ནས་མ་ཡིན་པར། དེ་ནི་སངས་རྒྱས་པའི་ཕྱི་ལོ་དང་མྱ་ངན་ལས་ འདས་པའི་སྔ་ལོ་གཉིས་ཐད་བཞེད་བབ་མ་མཐུན་པས་ཡིན་པར་མངོན། དེ་ལྟར་གཅིག་གིས་སངས་རྒྱས་མ་ཐག་པའི་རྗེས་ཟླའི་ཉ་ལ་དང༌། ཅིག་ཤོས་ཀྱིས་སྐུ་མྱ་ངན་ལས་འདའ་ཁ་མའི་སྔ་ཟླའི་ནག་པའི་ཉ་ལ་གསུངས་པར་བཞེད་པ་གང་ཡང་ནག་པའི་ཉ་ལ་གསུངས་པར་བཞེད་རྩེ་མཐུན། འོན་ཏེ། འདི་སྐོར་དཔྱད་པའི་ཐོག་མར་སྟོན་པའི་འཁྲུངས་འདས་ལོ་ཚིགས་གཏན་འཁེལ་བ་དགོས་ཤིང༌། དེ་ཐད་རྗེ་བཙུན་ས་སྐྱ་པའི་ལུགས་དང༌། ཇོ་བོ་བཀའ་གདམས་པའི་ལུགས། ཁ་ཆེ་པཎ་ཆེན་གྱི་ལུགས། དུས་འཁོར་བའི་ལུགས་བཅས་སུ་ཡོད་པ་ལས།
༡༽ ས་སྐྱ་བའི་ལུགས་ལྟར་ན། རྣམ་བྱུང་གི་ས་ཕོ་འབྲུག་ལ་སྐུ་བལྟམས་ཤིང༌། དེ་ནས་རྩིས་པའི་དགུང་གྲངས་སོ་ལྔ་པ་ཆུ་ཕོ་སྟག་ལ་སངས་རྒྱས། བརྒྱད་ཅུ་པ་མེ་མོ་ཕག་ལ་སྐུ་མྱ་ངན་ལས་འདས་པར་བཞེད་སྟབས། གོང་གི་ལུགས་གཉིས་པོ་དང་སྦྲེལ་བས། སྟོན་མཆོག་བརྩེ་དྲིན་ཆེན་པོས་སངས་རྒྱས་པའི་རྗེས་ལོ་སྟེ་མེ་མོ་ཡོས་ཀྱི་ལོའི་ནག་པ་ཟླ་བའི་ཉ་དང༌། ཡང་ན་སྐུ་མྱང་ངན་ལས་མ་འདས་གོང་གི་ཟླ་བ་སྟེ། ཆུ་ཕོ་སྟག་གི་ལོའི་ནག་ཟླའི་ཉ་ལ་དུས་འཁོར་རྩ་རྒྱུད་གསུངས་ལོར་འཁེལ།
༢༽ ཇོ་བོ་བཀའ་གདམས་པའི་ལུགས་ལྟར་ན། སྟོན་པ་ས་མོ་གླང་ལ་འཁྲུངས་ཤིང༌། ས་མོ་ཕག་ལ་སངས་རྒྱས། ས་ཕོ་སྤྲེལ་ལོའི་སྨིན་དྲུག་ཟླ་བའི་ཚེས་བརྒྱད་ལ་མྱ་ངན་ལས་འདས་པར་བཞེད་པ་ལྟར་བྱས་ན། ཡོངས་གྲགས་དུས་འཁོར་རྩ་རྒྱུད་གསུངས་དུས་གཉིས་ལས་ཕྱི་མ་དང་འབྱོར་དཀའ་བར་ས་པཎ་སོགས་ཀྱིས་གསུངས།
༣༽ ཁ་ཆེ་པཎ་ཆེན་གྱི་ལུགས། ཁ་ཆེ་པཎ་ཆེན་གྱི་ལུགས་ནི་རྒྱ་བལ་གྱི་པཎ་ཊི་ཏ་མང་པོས་བཞེད་མོད་ཀྱི། དེ་ནི་རྒྱ་བལ་གྱི་མཁས་པས་སྟོན་པ་སྐུ་དངོས་ཀྱི་འདས་ལོ་ནས་རྩིས་གཞི་བྱེད་པ་ཙམ་ཡང་མ་ཡིན་པར། མཧཱ་བོ་ངྷིའི་སྐུ་བརྙན་རང་བྱུང་དུ་བྱོན་པ་ནས་རྩིས་པ་ཞིག་ཡིན་པས་ལྷ་མོ་དྲི་མ་མེད་པའི་འོད་ལུང་བསྟན་པའི་མདོ་དང༌། ཀླུ་སྒྲུབ་སོགས་ལུང་བསྟན་པའི་ལུང་སོགས་དང་ཡང་འགལ་བ་ཅན་དུ་ས་པཎ་གྱིས་ཞིབ་པར་གསུངས། གང་ལྟར་གོང་འོག་དག་དང་དེ་ཙམ་མ་འབྲེལ་ཙམ་དུ་འདུག
༤༽ དུས་འཁོར་བའི་ལུགས་ལྟར་ན། སྟོན་པ་ཆུ་ཕོ་རྟའི་ས་གའི་ཉ་ལ་སངས་རྒྱས། སོ་བརྒྱད་པ་ཆུ་མོ་ལུག་གི་ནག་པའི་ཉ་ལ་དུས་འཁོར་རྩ་རྒྱུད་གསུངས་པར་བཞེད་པ་བཅས་ལས་ཕྱི་མ་འདི་གཙིགས་པར་བཞེད་པ་མང༌།
གཞན་ཡང་ཤོད་སྒྲོས་སུ། སྟོན་པས་ཡུལ་ཝ་ར་ཎ་སིར་འཁོར་ལྔ་སྡེ་བཟང་པོར་བདེན་བཞིའི་ཆོས་འཁོར་བསྐོར་བ་དང་དུས་མཉམ་དུ་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དུ་དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་གསུངས་པར་བཤད་པ་ནི་ཡོངས་གྲགས་ཀྱི་ཤོད་རྒྱུན་དང་དེ་ཙམ་མི་འབྱོར་བ་སྟེ། ཡོངས་གྲགས་དྲུག་པའི་ཚེས་བཞི་ལ་ཆོས་འཁོར་དུས་ཆེན་ཞེས་ངོས་འཛིན་པ་དང༌། དུས་ཀྱི་འཁོར་ལོའི་རྩ་རྒྱུད་ནི་ས་གའི་ཉ་ལ་གསུངས་པར་གྲགས་ཆེ་བས་ཡིན།
གཞན་ཡང༌། སྟོན་པས་བྱ་རྒོད་ཕུང་པོའི་རིར་ཤེར་ཕྱིན་གྱི་མདོ་གསུངས་པ་དང་དུས་མཉམ་དུ་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སུ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་གསུངས་པར་བཤད་པའང་ཡོད་དེ། ༼ཇོ་ནང་ཆོས་འབྱུང་ཟླ་བའི་འོད་ཟེར།༽ནང༌། “སྟོན་པས་གདུལ་བྱ་ཐུན་མོང་གི་ངོར་བྱ་རྒོད་སྤུངས་རིར་ཤེར་ཕྱིན་གསུངས་པ་དང་མཉམ་དུ་དཔལ་ལྡན་འབྲས་སྤུངས་སུ་གསང་སྔགས་འཁོར་ཐུན་མིན་གྱི་ངོར་གསུངས་པ་ཡིན་ལ། དེ་ཡང་དུས་འཁོར་རྩ་རྒྱུད་གཙོ་བོར་གྱུར་པའི་གསང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་གསུངས།”༦ ཞེས་འཁོད་པའི་ཁུངས་གཏུགས་ཞུ་ཡུལ་དུ། དུས་འཁོར་རྩ་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོའི་རིར།། ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན།།
ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ།། དེ་བཞིན་གསང་སྔགས་ཚུལ་རབ་བསྟན།། ཅེས་པ་དྲངས་འདུག་སྟེ། ཚིགས་སུ་བཅད་པ་འདིས་ནི། སྟོན་པས་བྱ་རྒོད་ཕུང་པོའི་རིར་དགྲ་བཅོམ་དང་བཅས་པའི་འཁོར་ལ་ཤེས་ཕྱིན་གྱི་མདོ་གསུངས་པ་བཞིན། དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ག་ལ་བར་ཡང་གསང་སྔགས་ཀྱི་ཚུལ་རབ་ཏུ་བསྟན་པའི་དོན་ཞིག་ལས། དུས་མཉམ་དུ་གསུངས་པ་ཞིག་བསྟན་མེད་པ་འདྲ། འོན་ཏེ་འདི་སྐབས་ཀྱི་དཔེ་མཚོན་དུ་ཝ་ར་ཎ་སིར་བདེན་བཞིའི་ཆོས་འཁོར་གསུངས་ཚུལ་མ་དྲངས་པ་ཙམ་རྒྱུ་མཚན་དུ་བྱས་ཏེ་དུས་མཉམ་དུ་སྒྲུབ་རུང་མིན་ལ་དཔྱད་རྒྱུ་འདུག གཞན་དུ་ན། སྟོན་མཆོག་བརྩེ་དྲིན་ཆེན་པོས་བྱ་རྒོད་ཕུང་པོ་རིར་ཤེར་ཕྱིན་གྱི་མདོ་གསུངས་དུས་ནི་དགུང་གྲངས་ང་གཅིག་དང་ང་བརྒྱད་གཉིས་ཀྱི་གང་རུང་དུ་བཞེད་པ་མཁས་པ་ཕལ་མོ་ཆེ་བའི་བཞེད་དགོངས་སུ་འདུག་སྟབས། དུས་འཁོར་རྩ་རྒྱུད་གསུངས་དུས་དང་དུས་མཚུངས་སུ་བཞེད་མི་རིགས་པ་གཤམ་ནས་གསལ་འགྱུར་བསྡུས་རྒྱུད་ཀྱི་ཚིག་དོན་སོགས་ནས་ར་འཕྲོད་ཐུབ།
ད་ནི་སྐབས་འབྲེལ་གྱི་དབང་དུ་བྱས་ཏེ། གོང་དུ་སོང་ཟིན་པའི་ལུགས་གཉིས་པོའི་སྔ་མར་བཞེད་མཁན་སུ་དག་ཡིན་པ་དང༌། མཁས་པ་དེ་དག་གི་བཞེད་བབ་གཞི་གཅིག་ཏུ་སྤུངས་ནས་དཔྱད་ན། དབལ་མང་བས། “ལོ་དྲུག་དཀའ་བ་སྤྱད་དེ་སོ་དྲུག་པ་ལྕགས་སྦྲེལ་གྱི་དཔྱིད་ཟླ་ཐ་ཆུང་ས་གའི་ཉ་ལ་མངོན་པར་རྫོགས་པར་སངས་རྒྱས་ཤིང༌། ཕྱི་ལོ་སྟེ་དཔྱིད་འབྲིང་ནག་པའི་ཉ་ལ་དུས་འཁོར་རྩ་རྒྱུད་གསུངས་པར་བུ་སྟོན་དང་མཁས་གྲུབ་ཐམས་ཅད་མཁྱེན་པ་སོགས་ཀྱི་བཞེད་པ་ལྟར་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པས་ཀྱང་སྐབས་བརྒྱད་པའི་མཐའ་དཔྱོད་དང༌། བསྟན་རྩིས་སོགས་སུ་འཁྲུལ་བ་མེད་པའི་ལུང་རིགས་དུ་མས་སྒྲུབ་པར་མཛད་དོ།།”༧ ཞེས་བུ་སྟོན་དང་མཁས་གྲུབ་རྗེ་རྗེས་འབྲངས་དང་བཅས་པར་བསྟན་ཞིང༌། ལུགས་ཕྱི་མ་ནི། ཕུག་པ་ལྷུན་གྲུབ་རྒྱ་མཚོ་དང༌། མཁས་གྲུབ་ནོར་བཟང་རྒྱ་མཚོ། རྩང་ཆུང་ཆོས་གྲགས་རྒྱ་མཚོ་སོགས་ཕུག་པ་ཡབ་སྲས་རྗེས་འབྲངས་དང་བཅས་པའི་དགོངས་པ་སྟེ། དེ་ལུགས་ལ་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་ཞབས་ཀྱིས། “ཕུག་པའི་པད་དཀར་ཞལ་ལུང་གི་རྗེས་འབྲངས་བེཌཱའུར་དཀར་པོ་དང༌། རྩིས་གཞུང་ཉིན་བྱེད་སྣང་བའི་བཞེད་པ་ལྟར་ན་སྟོན་པ་ཤཱཀྱའི་རྒྱལ་པོ་ཉིད་ས་ལུག་ཆུ་སྟོད་ཟླ་བའི་བཅོ་ལྔའི་མཚན་པོར་ལྷུམས་སུ་ཞུགས་ཏེ་ཟླ་བ་རིལ་པོ་དགུ་དང་ཞག་ཉེར་གསུམ་ལྷུམས་སུ་བཞུགས་ནས་ལྕགས་སྦྲེལ་ས་གའི་ཚེས་བདུན་གྱི་མཚན་མོའི་གུང་ཐུན་ལ་ལུམ་བི་ནིའི་ཚལ་དུ་སྐུ་བལྟམས། དེ་ཉིན་གྱི་ཚེས་རྩིས་བྱས་པས་རེས་གཟའ་སྤེན་པ། ཆུ་ཚོད་བཅོ་ལྔ། ཟླ་སྐར་རྒྱལ། ཆུ་ཚོད་ཐིག ཉི་སྐར་ཐིག་དང་ཆུ་ཚོད་ང་བདུན་ཤར། འདུས་པ་རྟོག་གེ་གཟུངས་དང་ཀླུ་སྒྲུབ་ཀྱིས་སྟོན་པ་རྒྱལ་ལ་འཁྲུངས་པར་གསུངས་པ་དང་འགྲིག དེ་ནས་དགུང་ལོ་ཉེར་དགུ་པ་ཀུན་འཛིན་ས་ཁྱི་ལོར་རྒྱལ་པོའི་ཁབ་ནས་ཕྱུངས། དེ་ནས་ལོ་དྲུག་དཀའ་བ་སྤྱད་དེ་ལོ་སུམ་ཅུ་རྩ་ལྔ་བཞེས་པ་ཤིང་རྟ་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཐོ་རེངས་སྐྱ་རེངས་འཆར་བའི་དུས་སུ་མངོན་པར་རྫོགས་པར་སངས་རྒྱས། ཞེས་དང༌། འཁྲུངས་ནས་ལོ་རིལ་པོ་བརྒྱད་ཅུ་དང༌། ངོ་ཐོག་གྱ་གཅིག་པ་ལྕགས་འབྲུག་ནག་པའི་ཉ་ལ་དུས་འཁོར་རྩ་རྒྱུད་གསུངས། དེའི་ཟླ་བ་ཕྱི་མ་ས་གའི་ཉ་ཡི་མཚན་ཐུན་ཐ་མར་རྩྭ་མཆོག་གྲོང་དུ་སྐུ་མྱ་ངན་ལས་འདས་སོ།། ཞེས་བཞེད་པ་འདིའི་ལུགས་ཀྱི་དུས་འཁོར་ཞལ་ཆེམས་ཀྱི་ཚུལ་དུ་བསྟན་ནས་ལོ་དེ་ལ་མྱ་ངན་ལས་འདས་པར་བཞེད་དོ།།”༨ ཞེས་བཀོད་གནང་བ་ལྟར་ན། སྟོན་པ་བཅོམ་ལྡན་འདས་ཀྱིས་དུས་འཁོར་རྩ་རྒྱུད་གསུངས་ནས་ད་ལོ་བར་མི་ལོ་ཉིས་སྟོང་བརྒྱད་བརྒྱ་དང་གསུམ་སོང་ཡོད་པ་དང༌། འདི་ནི་ཡོངས་གྲགས་ཀྱི་ལུགས་ཀྱང་ཡིན་པར་སྣང་ཞིང༌། ལོ་ཚིགས་ཀྱི་གྲངས་འདི་ལས་གཉིས་འཕྲི་ན་བུ་སྟོན་སོགས་ཀྱི་ལུགས་ཡིན་པར་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་མཛད་པའི་དུས་འཁོར་འགྲེལ་བ་ཚིག་དོན་གསལ་བྱེད་རྡོ་རྗེ་ཉི་མ་དང་མཁས་དབང་ཚེ་ཏན་ཞབས་དྲུང་གིས་མཛད་པའི་བསྟན་རྩིས་ཀུན་ལས་བཏུས་པ་གཉིས་སུ་གསལ་འཁོད་གནང་འདུག་པ་ལྟར་རོ།།
དེ་ལྟར་རགས་ཙམ་བཀོད་ཟིན་དང་བཅས་ཏེ། ད་ནི་སྟོན་པ་བརྩེ་དྲིན་ཆེན་པོས་དུས་འཁོར་གྱི་རྒྱུད་འདི་བཞིན་སྐུ་ཚེའི་སྟོད་སྨད་གང་གི་ནག་པའི་ཉ་ལ་གསུངས་ཡོད་མེད་ཀྱི་སྒྲུབ་བྱེད་མཐར་གཏུགས་ཀྱིས་འཚལ་ན། དཔལ་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ལས། “ནག་པོའི་མཐར་ནི་དཀར་པོའི་ཚིགས་ལ་གཞན་ལ་ཕན་པའི་བླ་མས་དཀྱིལ་འཁོར་དག་ནི་བཞེངས་བྱས་ནས།། སྡིག་པའི་དྲི་མ་འཕྲོག་པའི་དབང་བདུན་རྣམས་ནི་བསོད་ནམས་དོན་དུ་བུ་རྣམས་དག་ལ་སྦྱིན་པར་བྱ།། ཡང་ན་མཐའ་དག་ཡོན་ཏན་གཏེར་ནི་བསྟན་པའི་སླད་དུ་རྣལ་འབྱོར་མ་རྣམས་དག་ལ་མཆོད་པར་བྱ།། མཆོད་པ་མེད་ན་ལོ་གཅིག་ཏུ་ནི་རྒྱུད་ཀྱི་རྒྱལ་པོ་དག་ལས་བླ་མས་བསྟན་པར་མི་བྱའོ།།”༩ ཞེས་པའི་ཚིགས་བཅད་འདིའི་རྐང་པ་དང་པོའི་ནག་པོའི་མཐར་ནི་དཀར་པོ་ཞེས་པའི་ཚིག་གིས་ནག་པ་ཟླ་བའི་མཐར་གྱུར་པ་དཀར་པོའི་ཚིགས་ཏེ། ཚེས་བཅོ་ལྔ་ལ་ཞེས་པར་འགྲེལ་ཕྱོགས་གཅིག་གྱུར་བྱུང་བབ་གཞི་ལ་བཞག་ནས་རྒྱ་བོད་ཀྱི་མཁས་གྲུབ་ཚང་མས་ནག་ཟླའི་ཉ་ལ་གཞན་ལ་ཕན་པར་མཛད་པའི་བསམ་སྦྱོར་དག་པ་མངའ་བའི་བླ་མས། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བཞེངས་པར་བྱས་ནས་དུས་འཁོར་རྩ་རྒྱུད་གསུངས་པར་བཤད་པ་འདིས་དྲངས་འབྲེལ། ནག་ཟླའི་ཉ་ལ་དུས་འཁོར་རྩ་རྒྱུད་གསུངས་པར་བཞེད་པ་མི་མཐུན་པ་མེད་པར་སྣང་ཡང༌། ནག་ཟླའི་ཉ་དེ་སྟོན་པ་སངས་རྒྱས་པའི་ཕྱི་ལོའི་ནག་པ་ཟླ་བའི་ཉ་དང༌། མྱ་ངན་ལས་འདའ་ཁ་མའི་ལོ་དེའི་ནག་པའི་ཉ་གང་ཡིན་ལ་དཔྱད་ན། གོང་གི་ལུང་ཚིག་འདིར་གསལ་བའི་ནག་པའི་ཉ་ལ་ངོས་འཛིན་བྱེད་ལུགས་གཉིས་ཤིག་བྱུང་བ་ལས་ལུགས་ཕྱི་མ་མྱ་ངན་ལས་འདའ་ཁ་མའི་ལོའི་ནག་ཟླའི་ཉ་ལ་དུས་འཁོར་རྩ་རྒྱུད་གསུངས་པ་དོན་ལ་གནས་པའི་ཚུལ་ལས་བརྩམས་ཏེ། འཇུ་མི་ཕམ་རིན་པོ་ཆེ་ཞབས་ཀྱིས་མཛད་པའི་དུས་འཁོར་ཚིག་དོན་གསལ་བྱེད་རྡོ་རྗེ་ཉི་མ་ལས། གོང་གི་ལུང་ཚིག་འདི་ལ་བརྟེན་ནས་སྔ་མ་འགས་བཅོམ་ལྡན་འདས་ནག་པའི་ཉ་ལ་དུས་འཁོར་གསུངས་པའི་ཕྱི་མ་ས་གའི་ཉ་ལ་མྱ་ངན་ལས་འདས་པར་བཞེད་ཅིང༌། གཟའ་འཛིན་སོགས་དང་གཟའ་སྐར་སོགས་ལའང་འགྲིག་ཚུལ་གསུངས་པ་དང༌། ཕུགས་ལུགས་ལའང་སྟོན་པ་བཅོམ་ལྡན་འདས་ཀྱིས་མྱ་ངན་ལས་འདའ་ཁ་མའི་ནག་ཟླའི་ཉ་ལ་དུས་འཁོར་རྩ་རྒྱུད་གསུངས་པར་བཞེད་པ་ནས། མཁས་གྲུབ་རྗེས་མཛད་པའི་འགྲེལ་ཆེན་དྲི་མེད་འོད་ལས། “དེ་ནས་བྱ་རྒོད་ཕུང་པོའི་རིར་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ཐེག་པ་གསུམ་བསྟན་པ་མཛད་ནས། ས་གའི་ཟླ་བ་ནས་བརྩམས་པའི་ཟླ་བ་བཅུ་གཉིས་པ་ནག་པའི་ཉ་ལ། སྔོན་གྲུབ་པ་ཐོབ་པའི་དྲང་སྲོང་ཞིག་གིས་འབྲས་སོ་བ་ཆར་ཕབ་པའི་རི་ལ་དཔལ་ལྡན་འབྲས་སྤུངས་ཞེས་གྲགས་པ་སྟེ་་་ ་་་་ དེའི་སྟེང་བུམ་པའི་ནང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཆ་བཅུ་དྲུག་གི་རྣམ་པར་དབྱེ་བ་ཅན་དང་པོའི་སངས་རྒྱས་ཀྱི་ལྷ་ཚོགས་དང་བཅས་པ་རྣམ་པར་སྤྲོས་སོ།”༡༠ ཞེས་གསུངས་པའང་ལུགས་སྔ་མའི་ཁོངས་སུ་འདྲེན་པ་འདུག་ནའང༌། མཁས་གྲུབ་རྗེས་ནི་ནག་པའི་ཉ་ཞིག་ལ་གསུངས་པར་བཞེད་པ་ལས། ལུགས་སྔ་ཕྱི་གང་གི་ཉ་ལ་ཡིན་སྐོར་འགྲེལ་བ་དེར་བཀོད་གནང་མཛད་མི་འདུག་མོད། འོན་ཏེ། འདི་སྐོར་ལ་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས། “འོན་ཀྱང་འགྲེལ་ཆེན་འདིར། སྟོན་པ་སངས་རྒྱས་པའི་ས་ག་ཟླ་བ་སོགས་ཟླ་བ་གཞན་ལ་དང་པོ་དང་གཉིས་པ་སོགས་ཀྱི་ཁྱད་པར་གང་ཡང་མི་སྨྲོས་པར་དུས་འཁོར་གསུངས་པའི་ནག་ཟླ་ལ་ཁོ་ན་ལ་བཅུ་གཉིས་པ་ཞེས་ཁྱད་པར་དུ་ཕྱེས་ནས་སངས་རྒྱས་པའི་ཕྱི་ལོའི་ནག་ཟླ་ཁོ་ན་ལ་གོ་བར་བྱ་བའི་ཆེད་ཡིན་ནམ་སྙམ་སྟེ། གཞན་དུ་ན་འདི་ལ་བཅུ་གཉིས་པ་ཞེས་འབུར་དོད་དུ་གསུངས་པའི་དགོས་པ་འཆད་དགོས་སོ”༡༡ ཞེས་སངས་རྒྱས་པའི་ཕྱི་ལོའི་ནག་ཟླའི་ཉ་ལ་གོ་ཆེད་ཀྱི་ཁྱད་ཚིག་གི་རྣམ་པ་མངོན་པར་བསྟན་འདུག
གཞན་ཡང༌། མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས། “སྐབས་འདིར་མཁས་དབང་ཨ་ཀྱཱ་བློ་བཟང་བསྟན་རྒྱན་གྱི་དུས་འཁོར་བསྟན་རྩིས་ཀྱི་ཟིན་བྲིས་ནི་ཕལ་ཆེ་བ་ཞིག་རྨད་དུ་བྱུང་བའི་ལེགས་བཤད་དུ་སྣང་བས་ཕྱིན་ཆད་དཔེ་རྙེད་དཀའ་བར་བསམས་ནས་འདིར་ཆ་ཚང་བར་འགོད་ན། འདིར་དུས་ཀྱི་འཁོར་ལོའི་བསྟན་རྩིས་ལ། མི་མཐུན་པ་མང་ཡང་གནད་ཆེ་བ་གཉིས་ཏེ། རྩ་རྒྱུད་གསུངས་ནས་མྱ་ངན་ལས་འདས་ཀྱི་བར་ལོ་མང་ཉུང་ལ་མི་མཐུན་པ་དང༌། རྒྱ་མཚོ་རྣམ་རྒྱལ་དང་རྒྱལ་དཀར་གཉིས་ཀྱི་ལོ་གྲངས་ལ་མི་མཐུན་པའོ།། དང་པོ་ནི། མཁས་གྲུབ་རྗེ་སོགས་ནི། སངས་རྒྱས་པའི་ཕྱི་ལོ་ལ་རྩ་རྒྱུད་གསུངས། དེ་ནས་ལོ་ཞེ་ལྔ་པ་ལ་འདས། ཟླ་བཟང་གིས་རྒྱས་འགྲེལ་མཛད་པ་དང༌། བློས་བསླངས་བཞེངས་པ་སོགས་ནི་སངས་རྒྱས་དགུང་ལོ་སོ་བདུན་ཙམ་གྱི་སྐབས་ཡིན་པར་བཞེད། རྗེ་རང་བྱུང་ཞབས། སྟག་ཚང༌། ཕུག་པ་སོགས་ནི་མྱ་ངན་ལས་འདའ་ཁར་དུས་འཁོར་གསུངས། དེ་ནས་ལོ་གཉིས་གསུམ་ཁོངས་སུ་ཟླ་བཟང་གཤེགས། མཁས་པ་འགའ་ཞིག སངས་རྒྱས་པའི་ཕྱི་ལོར་དུས་འཁོར་གསུངས་ཀྱང་ཟླ་བཟང་གིས་རྒྱུད་བསྟན་པ་སོགས་སངས་རྒྱས་འདས་རྗེས་ཡིན། ལྷ་དབང་ནས་ལྷའི་དབང་ལྡན་བར་གྱི་ལོ་དྲུག་བརྒྱ་པོའི་སྟེང་རྩ་རྒྱུད་གསུངས་ནས་མྱང་འདས་ཀྱི་བར་ལོ་ཞེ་ལྔ་བསྣན་པ་ན། ལོ་འདི་ནས་ནི་དྲུག་བརྒྱ་ལོའི།། ཞེས་པ་རགས་རྩིས་སུ་བཞེད་དོ།།”༡༢ ཞེས་གསལ་བཀོད་གནང་འདུག
གོང་གསལ་བཞེད་བབ་དག་ལས་གང་ཞིག་འགྲིག་མིན་ཞུ་སྤོབས་བྲལ་ཡང༌། ཕལ་མོ་ཆེ་བས་གཙིགས་སུ་འཛིན་པ་དུས་འཁོར་བའི་ལུགས་ལྟར་ན། སངས་རྒྱས་པའི་ཕྱི་ལོ་སྟེ་དགུང་གྲངས་སོ་བརྒྱད་པ་ཆུ་མོ་ལུག་གི་ནག་པའི་ཉ་ལ་དུས་འཁོར་རྩ་རྒྱུད་གསུངས་པར་བཤད་དོ།།
གཉིས། ཐོག་མར་སུ་ལ་གསུངས་ནས་དེས་ཇི་ལྟར་སྤེལ་ཐད་ཀྱི་བཞེད་བབ།
དཔལ་དུས་ཀྱི་འཁོར་ལོ་ནི། སྣ་ཚོགས་ཞེས་པ་ཆུ་ཕོ་རྟའི་ལོར་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱི་ལོ་སྟེ། ཆུ་ལུག་ལོའི་ནག་པ་ཟླ་བའི་ཉ་ལ་བྱ་རྒོད་ཕུང་པོའི་རིར་ཤེར་ཕྱིན་གྱི་མདོ་གསུངས་པ་དང་དུས་མཉམ་སྟོན་པ་རང་ཉིད་ཀྱིས་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དུ། ཆོས་རྒྱལ་ཟླ་བ་བཟང་པོས་གཙོས་པའི་དག་པའི་འཁོར་གྲངས་ལས་འདས་པར་༼དུས་འཁོར་རྩ་རྒྱུད༽་གསུངས། ཆོས་རྒྱལ་ཟླ་བཟང་གིས་རྩ་རྒྱུད་གླེགས་བམ་ལ་བྲིས་ཏེ་ཤམ་བྷ་ལར་སྤྱན་དྲངས་ནས་༼དུས་འཁོར་བློས་བསླངས་དང་རྒྱུད་འགྲེལ་སྟོང་ཕྲག་བཅུ་གཉིས་༽པ་མཛད་དེ་ཡུལ་དེར་དར་བར་མཛད། དེ་བཞིན་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཙི་ལུ་བྱ་བས་ཤམ་བྷ་ལར་དུས་ཀྱི་འཁོར་ལོའི་དབང་རྒྱུད་མན་ངག་དང་བཅས་པ་གསན་ནས་སླར་བཟློག་སྟེ། བན་དཻ་བ་ཆུང་བར་དབང་རྒྱུད་མཐའ་དག་གནང༌། ཁོང་གིས་ན་ལེན྄དྲའི་དུས་ཞབས་པ་ཆེན་པོར་གནང་བ་དང་དེས་རྒྱ་ཆེར་སྤེལ་ཏེ་རྒྱ་གར་དུ་དར་ཁྱབ་ཆེན་པོ་བྱུང༌།
རང་རེའི་བོད་ཡུལ་འདིར་དུས་འཁོར་གྱི་བསྟན་པ་དར་ཚུལ་ནི། རྭ་ལུགས་དང་འབྲོ་ལུགས་ཞེས་རྭ་ལོ་ཙཱ་བ་ཆོས་རབ་ཀྱིས་བལ་པོའི་མཐིལ་གྱི་པཎ྄ཌི་ཏ་མན྄ཏ་ཤྲི་བསྟེན་ནས་དུས་ཀྱི་འཁོར་ལོའི་དབང་བཀའ་མན་ངག་དང་བཅས་པ་ཞུས་ཏེ། ཡེ་ཤེས་སེངྒེ་ལ་གནང་ཞིང༌། དེས་བླ་མ་རྒྭ་ལོ་ལ་གནང་བ་དང༌། འབྲོ་ལུགས་ནི་ཁ་ཆེ་ཟླ་བ་མགོན་པོ་བོད་དུ་བྱོན་ཏེ་འགྲེལ་ཆེན་དྲི་མེད་འོད་ཕྱེད་ཙམ་བསྒྱུར། འཕྲོ་བསྣམས་ནས་འཕན་ཡུལ་དུ་བྱོན་པ་འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་ཀྱིས་ལོ་ཙཱ་མཛད་ནས་འགྲེལ་ཆེན་དྲི་མེད་འོད་ཡོངས་སུ་ཚང་བར་བསྒྱུར། ཁོང་གིས་སྒོམ་པ་དཀོན་མཆོག་བསྲུང་ལ་སེམས་འགྲེལ་དང་བཅས་པའི་དབང་གདམས་ཆ་ཚང་གནང་བ་རིམ་བཞིན་བརྒྱུད་དེ་ཀུན་མཁྱེན་ཆོས་སྐུ་འོད་ཟེར་བརྒྱུད་བླ་མ་རྒྭ་ལོས་གསན་པ་ནས་རྭ་འབྲོ་ལུགས་གཉིས་གཅིག་འདྲེས་སུ་གྱུར་པ་ཡིན།
གཞན་ཡང༌། ཕྱི་ལོ་ ༡༠༢༧ ལོར་གྱི་ཇོ་ལོ་ཙཱ་བས་དུས་འཁོར་རྩ་རྒྱུད་བོད་བསྒྱུར་གནང་བ་བརྒྱ་ཕྲག་བཅུ་གསུམ་པའི་ནང་བྱོན་པའི་བུ་སྟོན་ཐམས་ཅད་མཁྱེན་པ་སོགས་ཀྱི་སྐུ་དུས་སུ་དར་ཁྱབ་ཆེན་པོ་བྱུང༌། བུ་སྟོན་ནས་ཆོས་ཀྱི་དཔལ་བ། དེས་རྗེ་ཙོང་ཁ་པར་བརྒྱུད་པ་རྗེས་སུ་མཁས་གྲུབ་རྗེས་༼དུས་འཁོར་ཊིཀ་ཆེན་དེ་ཉིད་སྣང་བ་༽སོགས་དུས་འཁོར་དང་འབྲེལ་བའི་བསྟན་བཅོས་མང་དུ་མཛད་པ་ལ་བརྟེན་དགེ་ལུགས་པའི་གྲུབ་མཐའི་ནང་དར་ཁྱབ་ཆེན་པོ་བྱུང༌། དགེ་ལུགས་པའི་སྐྱེས་ཆེན་དུ་མ་རིམ་བརྒྱུད་ཀྱིས་དགའ་ལྡན་ཁྲི་ཐོག་གོ་བརྒྱད་པ་ྋསྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེ་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་ཀྱི་ཞལ་སྔ་ནས་བོད་ཆུ་འབྲུག་ཕྱི་ལོ་ ༡༩༥༢ ལོར་ཕོ་བྲང་པོ་ཏཱ་ལའི་ཚོམས་ཆེན་དུ་ྋསྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་འཁོར་གྱི་གདམས་པ་ཡོངས་སུ་རྫོགས་པར་གསན་བཞེས་གནང་སྟེ། འཛམ་གླིང་སྐྱེ་འགྲོ་ཡོངས་སུ་རྫོགས་པ་ཞི་བདེའི་ངང་འཚོ་སྡོད་ཀྱི་གཞི་རྩ་སོགས་ལ་ཆེད་དམིགས་ཀྱིས་དར་སྤེལ་གནང་མུས་ཀྱི་སྐབས་འདི་ལགས་སོ།།
གཞན་ཡང་དུས་འཁོར་རྩ་རྒྱུད་འདི་བཞིན་འཕགས་བོད་དུ་དར་ལུགས་ལ་རྒྱ་བོད་ཀྱི་མཁས་པས་བཞེད་ལུགས་འདྲ་མིན་མང་པོ་ཞིག་ཡོད་པ་ལས། གཙིགས་ཤིང་མཆོག་ཏུ་གྱུར་པ་ནི་འབྲོ་ལུགས་པ་ཡིན་པར་གསུངས་པ་ལྟར་ན། རྒྱ་གར་དུ་ནི་ཐོག་མར་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་བ་ཞིག་གི་སྲས་སུ་བལྟམས་པར་གྲགས་པ་དུས་ཞབས་པ་ཆེན་པོ་འཇམ་པའི་རྡོ་རྗེས་ཤམ་བྷ་ལ་ནས་ཐུགས་འཛིན་དང་གླེགས་བམ་བསྣམས་ཕེབས་ལས་དར་ཞིང༌། དེས་དུས་ཞབས་པ་ཆུང་བ་ཤྲི་ངྷ་དྲ་དང༌། དེས་སྲས་བྱང་ཆུབ་བཟང་པོ། དེས་ཁ་ཆེའི་པཎ་ཆེན་ཟླ་མགོན། པཎ་ཆེན་ཟླ་མགོན་བོད་དུ་ལན་གསུམ་བྱོན་ནས་དམ་ཆོས་མང་དུ་སྤེལ་ཞིང༌། དེ་ཡང་གཙོ་ཆེར་དུས་འཁོར་ཤིན་ཏུ་དར་བར་མཛད། དེ་ལས་འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་ཀྱིས་ཞུས་པ་ནི་བོད་ཀྱི་མཁས་པས་དུས་འཁོར་གྱི་དབང་རྒྱུད་གདམས་ངག་ཞུས་པ་ཐོག་མ་ཡིན།
གཞན་ཡང་སྐབས་དེ་ཙམ་ན་བླ་མ་ལྷ་རྗེ་སྒོམ་པ་དཀོན་མཆོག་སྲུང་དང༌། བླ་མ་སྒྲོ་སྟོན་གནམ་བརྩེགས་ཞབས་གཉིས་ནས་ཀྱང་པཎ་ཆེན་ཟླ་མགོན་ལས་དུས་འཁོར་གྱི་དབང་རྒྱུད་ཆ་ཚང་ཞུས། ཕྱི་མ་ལ་གྲུབ་ཆེན་ཡུ་མོ་མི་བསྐྱོད་རྡོ་རྗེས་གསན། དེ་ལས་དེའི་སྲས་ཆོས་ཀྱི་དབང་ཕྱུག དེ་ལས་དེའི་བུ་ཆེན་ནམ་མཁའ་འོད་ཟེར་དང་ཆོས་ཀྱི་དབང་ཕྱུག ཆོས་ཀྱི་དབང་ཕྱུག་ལས་རང་གི་སྲས་སྤྲུལ་སྐུ་ཇོ་འབུམ་དང༌། དེ་གཉིས་ལས་ཆོས་ཀྱི་དབང་ཕྱུག་རང་གི་སྲས་ནམ་མཁའ་རྒྱལ་མཚན དེ་ལས་འཇམ་གསར་པ་ཤེས་རབ་འོད་ཟེར་གྱིས་ཞུས། དེ་ལས་ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱིས་ཞུས་ཤིང་དར་བར་མཛད། དེ་ལས་དེའི་སློབ་མ་ཀུན་སྤངས་པ་དང་དེ་ནས་བཟུང་ཇོ་ནང་པ་ཆེན་པོ་དང༌། དེ་ལས་ཀུན་དགའ་སྙིང་པོ། དེ་ལས་ཇོ་ནང་རྒྱལ་ཚབ་རིན་ཆེན་རྒྱ་མཚོ། དེ་ལས་འབྲོག་དགེ་ཀུན་དགའ་དཔལ་བཟང་སོགས་རིམ་བརྒྱུད་ཀྱིས་ཇོ་ནང་པར་དར་བར་བཤད་པ་སོགས་གཅིག་ནས་གཅིག་བརྒྱུད་ཀྱི་རིམ་པ་མང་དུ་ཡོད་པ་ལས། རྭ་འབྲོ་ཙ་མི་ཆག་ལོའི་ལུགས་རྣམས་མ་གཏོགས་གཞན་རྣམས་ལ་རྒྱུད་པ་རིང་དུ་མ་དར་བར་གྲགས། དེ་དག་ལས་ཀྱང་རྭ་འབྲོ་གཉིས་ནི་དར་རྒྱ་ཆེ་བ་བྱུང་ཞིང༌། རྭ་ལུགས་ལ་བཤད་བཀའ་དང༌། འབྲོ་ལུགས་ལ་སྒྲུབ་བཀའ་ཞེས་གྲགས་པ་ལྟར། རྭ་ལུགས་ལ་བཤད་བཀའ་ཤིན་ཏུ་དར་བ་ནས། འབྲོ་ལུགས་པ་ལའང་གྲུབ་བརྙེས་སྐྱེས་ཆེན་མང་དུ་བྱོན་པ་ཡིན་ནོ།།
གསུམ། དཔལ་ལྡན་འབྲས་སྤུངས་དང་ལྷོ་ཕྱོགས་དཔལ་རིའི་ངོས་འཛིན་ཐད་ཀྱི་བཞེད་བབ།
མཎ་ལུང་གུ་རུ་རྒྱ་གར་འབྲས་སྤུངས་སུ་བྱོན་ནས་བྲིས་པའི་ཕྱག་དཔེ་བོད་བསྒྱུར་མར་དཔེ་བྱས་ཏེ། བུ་སྟོན་རིན་ཆེན་གྲུབ་ཀྱིས་ཞལ་བཀོད་གནང་བའི་སྐུ་ཐང་དེ་བཞིན་མཁན་ཆེན་དཔལ་ལྡན་བློ་གྲོས་ཀྱིས་ཞལ་བཤུས་གནང་བའི་ལོ་རྒྱུས་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་གིས་གསུང་འབུམ་དུ་འཁོད་པའི་ནང༌། “རྒྱ་གར་ཤར་ཕྱོགས་བྷང་གྷ་ལ་ཡི་མཐའ་དང་རྒྱ་ནག་འདབས་འབྲེལ་བའི་ས་ནས་རྒྱ་མཚོ་ལ་གྲུ་བཏང་ནས་ཉིན་གསུམ་ཙམ་ཕྱིན་པས་ཤྲིའ་ངྷ་བྱ་ཀ་ྜྲ་ཀ་ཕལ་སྐད་ཨསྟུ་ཀ་ཡ་ཟེར། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་རྨང་མ་འཁོར་ཡུག་ཏུ་རྒྱང་གྲགས་བཞི་བཅུ་ཡོད་པ”༡༣ ཞེས་སོགས་མཆོད་རྟེན་གྱི་ཕྱོགས་བཞི་སྟེང་འོག་གི་རྟེན་དང་བརྟེན་པ་རྒྱས་པར་བཀོད་ཡོད། གཞན་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་༼རྒྱ་གར་གནས་ཡིག༽་ཏུ། “རྒྱ་གར་ལྷོ་ཕྱོགས་རྒུན་ཏུར་ཞེས་བའི་ཉེ་འགྲམ་ནས་ཤྲི་ངྷ་ན་ཀྭ་ྜྲ་ལ་སླེབས་ཅིང་དེ་འབྲས་སྤུངས་མཆོད་རྟེན་གྱི་གནས་ཤུལ་འཁྲུལ་མེད་དེ་ཡིན། དེ་ནས་མལ་ལེ་བཅོ་ལྔ་ཙམ་གྱི་ཆུ་འགྲམ་ཕྱོགས་སུ་སོང་བས་ན་ག་རྫུ་ན་ཀོ་ྜྲ་བྱ་བ་ལྷོ་ཕྱོགས་དཔལ་གྱི་རི་ཀླུ་སྒྲུབ་ཡབ་སྲས་བཞུགས་ས་དེར་སླེབས་”༡༤ ཅེས་དང༌། གཞན་ཡང་གཏམ་རྒྱུད་གསེར་ཐང་ལས། “ཀ་ལིངའི་ལྷོ་ནུབ་ཀྱི་ཆ་དང་སྤྲང་རྩིའི་ཡུལ་བཅས་པ་ལ་དེང་སང་མངྷ་རས་བྱ་བར་འབོད། འདི་ནས་ཤར་ཕྱོགས་རྒྱ་མཚོ་ལ་བལྟ་བའི་ཕྱོགས་དེ་ཀུན་ཉམས་མི་དགའ་ཞིང་རི་ཐང་ཐམས་ཅད་ས་དམར་ཧང་རེ་བ་ཡིན། ཕྱོགས་འགའ་ཞིག་ན་རང་རེའི་གཡེར་མ་ལྟ་བུའི་ཤིང་ཕྲན་ལོ་མ་ཞིབ་མོ་ཅན་ཞིག་གི་ནགས་ཚོམ་བུ་རེ་ཡོད། རི་རྣམས་དེའུའི་རྣམ་པར་འཐོར་ཏེ། མ་རྡ་ར་སའི་གྲོང་དེ་ཕྱི་གླིང་པས་དང་པོར་བཟུང་བའི་ས་ཞིག་ཡིན་པས་ཁྱིམ་ཚང་གྲོང་བརྡལ་སོགས་ཤིན་ཏུ་མཛེས་ཤིང་གློག་སྒྲོན་རྒྱ་ཆེན་པོ་མཆིས། ཡུལ་དེ་ནས་སླར་བྱང་ངོས་སུ་སོང་བས་ཆུ་བོ་ཀྲྀཥ྄ཎའི་འགྲམ་དུ་རྡར྄ཡ་ཀཌ་སྟེ་འབྲས་སྤུངས་ཡོད། འབྲས་སྤུངས་ཀྱི་ལྷོ་ངོས་སུ་ཉིན་ཕྱེད་ལྷག་པའི་ས་ན་ན་གརྫུན་ཀན྄དའམ་ཤྲི་པཏཏ་ལྷོ་ཕྱོགས་ཀྱི་དཔལ་གྱི་རི་ཡོད། དེར་གནའི་དགོན་ཤུལ་བསམ་གྱིས་མི་ཁྱབ་པ་དང༌། འགའ་ཞིག་དཔལ་གྱི་རིའི་གཙུག་ལག་ཁང་ཆེ་གེ་མོ་དང་ག་གེ་མོ་ཞེས་སྔོན་གྱི་ཡི་གེ་ཁ་བྱང་བཅས་པ་དང༌། དེའི་ཁྲོད་ན་སིངྒ་ལའི་དགོན་གནས་ཡིན་བྱ་བའི་གཙུག་ལག་ཁང་ཞིག་ཀྱང་ཡོད་པ་འཕགས་པ་ལྷ་སོགས་ཀྱི་གཏམ་རྒྱུད་དང་ཉེ། ད་ལྟ་ཡང་གནས་དེ་ལ་ཀླུ་སྒྲུབ་རི་བོར་འབོད། འདི་ནས་གོ་དཝརིའི་ཆུ་བོ་ཡང་མི་རིང་བས་དེ་དཔལ་གྱི་རིའི་ཕྱོགས་སུ་ཡོད་ཅེས་མཁས་གྲུབ་ཀྱིས་གསུངས་པ་དང་ཡང་འབྱོར། ཀྲིཥ྄ཎ་རྒྱ་མཚོ་ལ་འབབ་པའི་ཡུལ་ཆ་དེ་རྣམས་སྔོན་གྱི་ཀོང་ཀ་ནའི་ཡུལ་ཡིན་པས། སྒྲོན་གསལ་ལས་ཀྱང༌། ཀོང་ཀ་ན་ཡི་གྲོང་ཁྱེར་གྱི།། དཔལ་གྱི་རི་བོའི་རྩེ་མོར་ནི།། ཞེས་བཤད་ཅིང༌། སྔར་ཡུལ་དེའི་གྲོང་ཁྱེར་གཙོ་བོ་ཡང་རི་འདིའི་ཉེ་འཁོར་དུ་ཟེར། དེས་ན་ཕྱོགས་དེ་འདི་ཅུང་ཟད་ཀྱང་འཁྲུལ་བ་མེད། འབྲས་སྤུངས་ནི་ཇི་ལྟར་ཡོད་སྨྲ་བ་ལ། བདག་འཁུམ་ཞིང་ངོ་ནོངས་པར་འགྱུར་མོད། དོན་ལ་ཆེས་སྔ་མོ་ཞིག་ནས་འཇིག་སྟེ་མེད། སྔར་ཅི་ལྟ་བུའི་རྒྱ་ཆེན་པོ་ཞིག་ཡོད་པ་ཞིག་རོ་ལ་བློས་མི་འཁྱུད་པ་ཙམ་ཡིན། རྡོ་དཀར་པོ་སྒོ་འདྲ་བ་དག་གི་སྟེང་ན་མཆོད་རྟེན་གྱི་སྔ་མའི་རྩིག་རྒྱན་བརྐོས་པ་སོགས་བལྟ་བས་ཆོག་མི་ཤེས། རྒྱ་ཆེ་བ་འདི་འདྲ་ཞིག་རྒྱ་གར་གྱི་མཆོད་རྟེན་རྙིང་པ་གང་ལ་ཡང་མི་སྣང༌། རྡོ་དཀར་པོ་ཀ་བར་གཅིག་ཙམ་པ་ཞིག་གི་སྟེང་ན་མཆོད་རྟེན་རྒྱ་ཆེན་པོ་ཞིག་གི་ཆགས་རིམ་དཔེ་རིས་བརྐོས་འདུག དེ་རྒྱ་གར་པ་རྣམས་ཀྱིས་སྔར་འབྲས་སྤུངས་མ་འཇིག་པ་ན་ཇི་ལྟར་ཡིན་པའི་དཔེ་རིས་ཡིན་པར་བྱེད། འོན་ཀྱང་ཁ་ཡིག་སོགས་མི་སྣང་བས་ཡིད་ཆེས་པར་དཀའ། གལ་ཏེ་ཡིན་ཚེ་མཆོད་རྟེན་དེ་སྟོད་ཆ་གུར་གྱི་རྣམ་པ་ལ་སྨད་ལྷ་ཁང་ཉ་རྒྱན་ཅན། ཕྱི་ནས་རྡོ་རྗེ་གདན་གྱི་དྲྭ་མིག་ལྟ་བུས་བསྐོར་བ་ཞིག་འདུག བྲེའི་སྟེང་ན་ཟུར་གཉིས་སུ་གདུགས་རེ་བཙུགས་པ་ལས། ཆོས་འཁོར་རིང་པོ་མེད་པ་མཽར྄ཡའི་དུས་ཀྱི་མཆོད་རྟེན་འདྲ་བར་འདུག རྡོ་གཞན་དག་གི་ངོས་ལ་སྐྱེས་རབས་སོགས་བརྐོས་པ་ལས། སྔགས་ཀྱི་ལྷ་འདྲ་བ་ནི་མི་འདུག མཆོད་རྟེན་འདི་རྒྱལ་པོ་བཱལམཻཏྲིས་བཞེངས་བྱ་བ་རང་རེའི་མཁས་པ་འགའ་རེས་གསུངས་པ་དེ་རྒྱ་གར་བ་དག་ཀྱང་ཟེར། ས་མིག་འདི་ནི་ཅུང་ཟད་ཀྱང་མི་འཁྲུལ། མན་ལུང་པའི་བསྟོད་པ་རྒྱ་གར་མ་དེའི་མཛད་བྱང་དུ་ཡང་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་མཆོད་རྟེན་དུ་སྦྱར་ཞེས་བྱུང་བས། རྒྱ་གར་ནང་ན་ཡོད་ཀྱི་གླིང་ཕྲན་གཞན་ཞིག་ན་མེད།༼པོ་ཏ་ལའི་ལམ་ཡིག༽་ཏུ་ཡང་ཐོག་མར་འབྲས་སྤུངས་ལ་མཇལ། དེ་ནས་མ་ལ་ཡའི་ཡུལ་དུ་སོང་ནས་ངྷརྨརཛིཀའི་མཆོད་རྟེན་བསྐོར་དགོས་པ་སོགས་བཤད། གཞན་ཡང་མཁས་པ་མང་པོས་མཆོད་རྟེན་གྱི་འགྲམ་ན་གངྒ་འབབ་པ་སོགས་བཤད་པ་ཡང་རྒྱ་གར་རང་ན་ཡོད་པ་ལ་ཆ་བཞག་པ་ཡིན། མཆོད་རྟེན་གྱི་ས་འདི་སྔོན་ནས་ད་བར་གྲུ་འབབ་ས་ཞིག་ཡིན་ཅིང༌། བྷངྒལ་ནས་རྒྱ་མཚོ་བརྒྱུད་ན་ཉིན་གསུམ་ཙམ་ལ་མཚོ་དང༌། དེ་ནས་ཀྲྀཥ྄ཎའི་ཆུ་བརྒྱུད་ནས་མཆོད་རྟེན་གྱི་ས་དེ་བར་གྲུ་སླེབས་པ་ཡིན། དེ་ལ་འགའ་རེས་གླིང་ཕྲན་དུ་བསམ་པ་ཡིན་མཆི། ངྷན྄ཡཤྲིའ་ཡང་དེ་ན་ངེས་པར་ཡོད་ཅིང༌། ས་མིང་རང་ན་ད་ལྟ་ཡང་ངྷརྣཀཌ་ཟེར། འབྲས་སྤུངས་ནས་ལྷོ་ངོས་སུ་དཔག་ཚད་སྟོང་སོང་ན་དཔལ་གྱི་རི་ཡོད་ཅེས་རང་རེའི་ལོ་རྒྱུས་འགར་འབྱུང་བ་ཡང་དཔལ་གྱི་རི་འབྲས་སྤུངས་ལྷོ་ངོས་ཀྱི་ཉིན་འགྲོས་ཐུང་ངུའི་ས་ན་ཡོད་པ་འདི་དང་ཕྱོགས་བསྒྲིགས་ནུས། འོ་ན་དཔག་ཚད་སྟོང་གང་ན་ཡོད་ཟེར་ན། ག་ཡ་ནས་རྡོ་རྗེ་གདན་ལ་ཟླ་ལམ་ལྔ་ཡོད་པ་འུ་ཅག་གི་ལོ་རྒྱུས་སུ་བྲིས་པ། ག་ཡ་ན་དེ་བར་ཚ་ལམ་གཅིག་ལས་མེད། རྡོ་རྗེ་གདན་གྱི་གཎངྷོལ་འདོམ་ལྔ་བརྒྱ་ཡོད་པར་བཤད་ཀྱང་འདོམ་བཅོ་ལྔ་ཡང་མི་ལོང་བས། དེའི་རིགས་འདྲ་དགབ་སྟེ་དཔག་ཚད་སྟོང་པོ་འདི་ཡང་ཤེས་དགོས། མིའི་བསོད་ནམས་ཟད་དེ་དཔག་ཚད་རེ་རེ་མཐོ་གང་རེ་སོང་བ་ཡིན་སོགས་འཆར་ཅན་དེ་དག་སྨྲས་ན་ཆོག་པས། ངེད་གཙེས་པར་མ་བྱེད། མན་ལུང་གུ་རུ་ལྟ་བུ་གང་དུ་ཕེབས་ཀྱང་དག་པའི་གཟིགས་སྣང་འབའ་ཞིག་གིས་སྤྱན་དང་ཞལ་གཉིས་ཀ་གཡོགས་ཏེ་ཡོད་པས་འུ་ཅག་གིས་དེ་ཚོ་གང་ན་ཡོད་བཙལ་བའི་དོན་མེད། སྦྱོར་དྲུག་གི་རྗེས་དྲན་ལ་སླེབས་པ་ན། སྟོང་གཟུགས་ཀྱི་ནམ་མཁའ་གང་ཞེས་གསུངས་པ། ཁོང་དུས་འཁོར་ལ་མངའ་བརྙེས་པ་ཐམས་ཅད་ལ་རྒྱུས་ཡོད།
པོ་ཊ་ལ་ཡང་སྔོན་ལོ་ཙཱ་བ་ཞིག་གིས་འབྲུག་ཡུལ་གྱི་ལྷོ་ངོས་གཙང་པོའི་ཆུ་མཇུག་གི་གླིང་ཞིག་ཏུ་མཇལ་ཅིང༌། རིའི་རྩེ་མོའི་རྡོ་ཁང་ནང་གི་སྤྱན་རས་གཟིགས་ཀྱི་སྐུ་རུ་རུ་ཀཱས་བརྐུས་ནས་མི་འདུག་གསུངས་པ་སོགས་དེབ་སྔོན་དུ་བཀོད་པ་དེ་ཡིན་པས་མདོ་ན། ཡུལ་རྣམས་ནི་ཐོས་ན་དགའ་བས་མཉན་པར་བྱ་ཡི། བགྲོད་པར་མི་བྱའོ་གསུངས་པ་ཤིན་ཏུ་བདེན་པ་ཤེས་དགོས། དེ་བཞིན་བཙུན་པ་ཝེན་ཚེགས་ཀྱིས་པོ་ྜྲ་ལ་མ་ལ་ཡའི་རི་དང་ཉེ་བར་ཡོད་གསུངས་ཤིང་ལམ་དོག་ཅིང་བྲག་རི་གཟར་བས་མི་རེ་གཉིས་ལས་ཐར་དཀའ། རྩེ་མོ་མཚོ་ཆུང་གཅིག་དང་འགྲམ་ན་རྡོའི་ལྷ་ཁང་ཞིག་ཡོད་པར། དད་པ་ཅན་རྣམས་ཀྱིས་སྤྱན་རས་གཟིགས་མུ་སྟེགས་ཀྱི་དྲང་སྲོང་དང༌། ལྷ་ཆེན་པོ་སོགས་ཀྱི་རྣམ་པར་མཇལ། མཚོ་ཆུང་དེ་ནས་ཆུ་ཞིག་འཐོན་པ་རི་ལ་བསྐོར་ནས་རྒྱ་མཚོར་འདྲེས། རིའི་རྩ་བར་གྲོང་ཁྱེར་ཡོད་པ་དེ་ནས་མཚོ་བརྒྱུད་དེ་སིངྒ་ལར་འགྲོ་བ་ཡིན་གསུངས།
གཙང་གཞིས་ཀ་རྩེ་འུ་ཅག་ལ་རྒྱུས་ཡོད་པ་འདི་ཡིན་མོད། རྒྱ་གར་བ་རྣམས་ལ་གཞིས་ཀ་རྩེ་དེ་ཤིན་ཏུ་ཡ་མཚན་གྱི་གནས་སུ་གྲགས་ཤིང༌། ལྷ་སའི་བྱང་ཕྱོགས་ཟླ་ལམ་དུ་མ་ན་ཤིན་ཏུ་བགྲོད་དཀའ་བའི་གནས་སུ་ཡོད་ཟེར་བས། འུ་ཅག་གིས་དེར་སོང་བ་ཡིན་སྨྲས་ཀྱང་བདེན་པར་མི་བརྩི། གཞན་བྷརམའི་མཆོད་རྟེན་ཤྭེངྷ་དགོན་རྒྱ་ཆེ་ཞིང་རྫིག་སྟབས་དེང་སང་འགའ་རེས་འབྲས་སྤུངས་སུ་བྱེད་མོད། མཆོད་རྟེན་དེ་ཆེར་བསྐྱེད་ནས་ལོ་བཞི་བརྒྱ་ལས་ལྷག་མ་སོང་ཟེར་ཞིང༌། དེ་ལས་ཀྱང་ངོ་མཚར་ཆེ་བ་ཡབ་འམ་འབྲུའི་གླིང་བྷར་མའི་ལྷོ་ནུབ་ཉེ་བར་ཡོད་པ་དེར་རྒྱལ་པོ་ར྄ཤལེན྄དྲས་བཞེངས་པར་གྲགས་པའི་རི་ལྟ་བུའི་མཆོད་རྟེན་བང་རིམ་གྲུ་བཞི་པ་ལྔ་ལ་སྟོན་པའི་རྣམ་ཐར་ངོ་མཚར་བའི་བརྐོས་རིས་ཀྱིས་བརྒྱན་པ། དེའི་སྟེང་དུ་བང་རིམ་ཟླུམ་པོ་དྲུག་ལ་མཆོད་རྟེན་ཆུང་ངུ་བདུད་ཅུ་དོན་གཉིས། དབུས་སུ་ཆེན་པོ་གཅིག་བཅས་ངོ་མཚར་བའི་རྨི་ལམ་གཟུགས་སུ་གྲུབ་པ་འདྲ་བ་ཞིག་ཡོད་པ་དེ་ཡང་གནས་སྐོར་བ་ཞིག་གིས་གསར་དུ་མཐོང་ནས་འབྲས་སྤུངས་མཆོད་རྟེན་གསོན་པོར་བྱེད་རྒྱུར་འདུག་མོད། འབྲས་སྤུངས་དངོས་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་འཇིག་ཟིན་པ་དེར་འཁྲུལ་བ་མེད། དེའི་ཕྱིར་འདི་གླིང་ཕྲན་དུ་བཤད་པ་ནོར་ཞིང༌། ཡང་ན་འགའ་རེས་བྷངྒལ་ནས་རྒྱ་མཚོ་བརྒྱུད་དེ་དེར་སླེབས་པ་ན་གླིང་ཕྲན་གཞན་ཞིག་ཏུ་བསམ་པ་ཡིན། ཕྱོགས་གཉིས་ཆུས་བསྐོར་བ་ལ་དྭི་བ་ཟེར་བའི་གླིང་ཡང༌། མཚོ་མཚམས་སུ་སླེབས་པ་ན་ཆོས་ཉིད་ཀྱིས་ཆུ་ཆེན་ཕལ་ཆེར་གཙང་ལག་གཉིས་སུ་གྱེས་པའི་བར་ན་ཆགས་པ་དེ་འདྲ་ལ་ཟེར་བ་ཡིན་གྱི། ཆབ་མདོ་ལྟ་བུ་གཞུང་ཆུ་གཉིས་གཡས་གཡོན་ནས་འབབ་པའི་བར་ཐམས་ཅད་ལ་མི་ཟེར། མཁས་པ་ཆེན་པོ་དག་གིས་འདི་གླིང་ཕྲན་དུ་གསུངས་པས་དེ་ཙམ་ནོར་བ་ག་ལ་སྲིད་ཟེར་བ་ཡང༌། སའི་ངོས་འཛིན་འདི་སོང་མཁན་དང་སྐོར་མཁན་ཞིག་གིས་ཤེས་ནུས་ཀྱི། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སྦྱང་ནས་ཅུང་འོངས་པ་ཞིག་མིན་མཆི་སྟེ། རྒྱ་གར་ལྟ་བུའི་ཐག་རིང་པོའི་ཡུལ་རྣམས་ཕར་ཞོག དཔེར་ན་ཨ་ཆུང་གནམ་རྫོང་དང༌། ཏན་ཏིག་གཉིས་ཀའི་བར་ན་ཉིན་ལམ་གཅིག་གཉིས་ཡོད་པས། ཨ་མདོ་པ་སུ་ཡང་མགོ་འཁྲུགས་མི་སྲིད་མོད། འགོས་ལོ་སོགས་གནའ་དུས་ཀྱི་དབུས་གཙང་གི་མཁས་པ་མང་པོས་གནམ་རྫོང་ཏན་ཏིག་ན་ཡོད་པར་བཤད་པ་བཞིན་ནོ།།
འབྲས་སྤུངས་འདི་ཕལ་ཆེར་གནའ་དུས་ཀྱི་མཆོད་རྟེན་བཟོ་ལུགས་ལ། ཝུ་བ་དང་འབྲས་སྤུངས་པ་ལྟ་བུ་སོགས་བཞིན་ཡོད་པས་དབྱིབས་ཀྱི་མིང་བཏགས་པ་ཞིག་མིན་ནམ་སྙམ་ལ། མིང་གཞན་ལ་ཨམརབཏི་བྱ་ངེས། འོན་ཀྱང་དཔང་དུ་དཔག་ཚད་དྲུག་ཡོད་པར་བཤད་པ་ནི། ཉིན་ལམ་རིང་ཐག་ཆོད་གཅིག་གི་ས་ཡིན་པས་ཅུང་ཟད་ཨེ་བདེན། དཔག་ཚད་དྲུག་ཕར་ཞོག་གཅིག་གི་མཐོ་དམའ་ཡོད་པའི་རི་ཡང་བོད་ཀྱི་ཡུལ་དུ་མེད་པར་ངེས། དེས་ན་དེ་ཡང་འཕགས་པ་རྣམས་ཀྱི་དཔག་ཚད་དེ་ཡིན་པར་སེམས། དེ་ལྟར་གོང་དུ་ཁ་ཚོད་བཅད་དེ་ངོས་བཟུང་པའི་མཁས་པ་ཐོས་ལྡན་རྣམས་ཀྱིས་སྔོན་རབས་ཀྱི་ལོ་རྒྱུས་འཁྲུལ་མེད་རིགས་དང་བསྡུར་ཏེ་གོང་ནས་གོང་དུ་ངེས་པ་བསྐྱེད་པར་འགྱུར་ངེས་པ་ཐེ་ཚོམ་ཕྲ་མོ་ཙམ་ཡང་མི་དགོས།
གཞན་བླུན་པོ་དོགས་པ་ཟ་བའི་བསམ་འཁྱེར་གྱི་ཕུགས་ནི། རྣ་བས་ཐོས་པའི་བྷཾ་སྒྲ་དང༌། མིག་གིས་མཐོང་བའི་རྔ་ཆུང་གཉིས་མ་མཐུན་དྲགས་པས་གཞི་གཅིག་ཏུ་བསྡུ་མ་ཤེས་པ་ཡིན་མོད། ཀླད་ཆུང་གི་འཆར་སྒོ་དེ་སྤངས་ན། ངེད་ནི་ཁྱེད་ཅག་ལ་མགོ་བསྐོར་བའམ་རྫུན་སྨྲ་བའི་དགོས་པ་ཅི་ཡང་མེད་པར་མ་ཟད། བླུན་པོ་རྟུལ་པོ་གཞན་གྱི་ཟེར་ཚད་ལ་རྗེས་སུ་འཇུག་པ་དང༌། དབང་གིས་ཕྱུག་པའི་ཁ་རྦད་བཅད་དེ་གཉིས་ཀ་གང་ཡང་མ་ཡིན་པས། རྣམ་པ་ཐམས་ཅད་དུ་བརྟག་དཔྱད་བརྒྱ་ཕྲག་བྱས་ཏེ་ངོ་འཕྲོད་ཚེ་ཡིན་པ་ཡིན་པར་སྨྲ་བ་ལ་བརྩོན་པར་བརྩམས་པས། ལེགས་པར་ཡིད་ཆེས་པས་རིགས་སོ།། ལར་ངེད་ཀྱིས་བཤད་པ་འདི་ཕལ་ཆེར་བོད་ཀྱི་བློ་ངོ་ན་རྒྱ་ཆུང་དྲགས་པ་དང་ངོ་མཚར་ཉུང་དྲགས་པ་རྐྱང་དུ་སོང་བ་བདེན་མོད། ཁྱེད་རྣམས་གནས་མཇལ་བྱེད་པ་དང༌། ལོ་རྒྱུས་དཔྱོད་པ་སོགས་གང་གི་སྐབས་སུ་ཡང་ངེད་ཀྱི་སྨྲ་བ་འདི་དག་ལ་ཆ་ཞོག་དང༌། ཅུང་ཟད་མི་ནོར་བ་འོང༌།ཱ༡༥ ཞེས་གསུངས་ལས་ལྷག་པའི་ངོས་འཛིན་གསལ་པོ་ཞིག་གནང་འདུག་པ་ད་ཕན་མ་མཐོང་ངོ༌།།
ལུང་སྦྱོར་དཔེ་ཁུངས།
༡ ༼ཀློང་བརྡོལ་ངག་དབང་བློ་བཟང་གི་གསུང་འབུམ།༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་དཔར་མ། པོད་དང་པོའི་ཤོག་ངོས་ ༢༢༤ ན་གསལ།
༢ ༼ཀློང་བརྡོལ་ངག་དབང་བློ་བཟང་གི་གསུང་འབུམ།༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་དཔར་མ། པོད་དང་པོའི་ཤོག་ངོས་ ༢༢༥ ་གསལ།
༣ ༼ཇོ་ནང་ཆོས་འབྱུང་ཟླ་བའི་འོད་ཟེར།༽ པེ་ཅིན་དཔར་མ། ཤོག་ངོས་ ༡༤ ན་གསལ།
༤ ༼འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་བ་རྡོ་རྗེའི་རྣལ་འབྱོར་གྱི་དེ་ཁོ་ན་ཉིད་སྣང་བར་བྱེད་པའི་ཉི་མ་ཆེན་པོ།༽
རྒྱལ་བ་དགེ་འདུན་རྒྱ་མཚོས་མཛད། གསུང་འབུམ་པོད་ྐཇ༽ ཤོག་ངོས་ ༡༡ ན་གསལ།
༥ ཀློང་བརྡོལ་ངག་དབང་བློ་བཟང་གི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་དཔར་མ། པོད་དང་པོ། ཤོག་ངོས་ ༢༢༤ ན་གསལ།
༦ ༼ཇོ་ནང་ཆོས་འབྱུང་ཟླ་བའི་འོད་ཟེར།༽ པེ་ཅིན་དཔར་མ། ཤོག་ངོས་ ༡༤ ན་གསལ།
༧ དབལ་མང་པཎ་ྜྲི་ཏས་མཛད་པའི་བླ་བྲང་གདན་རབས་ལྷའི་རྔ་ཆེན། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌། ཤོག་ངོས་ ༢༠༦ ན་གསལ།
༨ འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་གསུང་འབུམ་ཨེདུམ་པ། སྡེ་དགེ་དཔར་ཁང་གི་དཔར་མ། དཔེ་རིང༌། ཤོག་ངོས་ ༧༨ པའི་ སྲིབ་ན་གསལ།
༩ བཀའ་འགྱུར། ཀདུམ་པ། ཨ་རི་ནས་དཔར་བཤུས་ཀྱིས་དེབ་གཟུགས་བསྐྲུན་པ། ཤོག་ངོས་ ༥༨ ན་གསལ།
༡༠ མཁས་གྲུབ་རྗེས་མཛད་པའི་འགྲེལ་ཆེན་དྲི་མེད་འོད། དཔེ་རིང༌། ྐཁ༽དུམ་པའི་དབང་གི་ལེའུ་སྐབས་ཀྱི་ཤོག་ངོས་ ༡༢ ན་གསལ།
༡༡ མཁས་དབང་ཚེ་ཏན་ཞབས་དྲུང་གི་དཔྱད་རྩོམ་མཁོ་བསྡུས།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་དཔར་མ། ཤོག་ངོས་ ༡༩༡ ན་གསལ།
༡༢ མཁས་དབང་ཚེ་ཏན་ཞབས་དྲུང་གི་དཔྱད་རྩོམ་མཁོ་བསྡུས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་དཔར་མ། ཤོག་ ངོས་ ༡༩༠ ནས་ ༡༩༡ བར་ གསལ།
༡༣ ༼ཀློང་བརྡོལ་ངག་དབང་བློ་བཟང་གི་གསུང་འབུམ།༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་དཔར་མ།
པོད་དང་པོའི་ཤོག་ངོས་ ༢༢༤ ན་གསལ།
༡༤ ༼རྒྱ་གར་གནས་ཡིག༽ བོད་གཞུང་ཤེས་རིག་དཔར་ཁངགི་དཔར་མ། ཤོག་ངོས་ ༧༥ ན་གསལ།
༡༥ གཏམ་རྒྱུད་གསེར་གྱི་ཐང་མ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ ཁང་གི་དཔར་མ། ཤོག་ངོས་ ༡༡༩ ནས་ ༡༢༠ ན་གསལ།
ཞིབ་ཏུ་ཀློག་འདོད་བྱུང་། མཁས་པ་དག་གིས་ས་བཅད་སྒྲིག་སྟངས་ཀྱང་མ་འདྲ་བ་ཞིག་འདུག ང་ཚོ་སེར་མོ་བས་ལྷག་བསྡད་པ་ཞིག་འདི་ལྟར་སྐབས་ཐོག་བྲིས་པ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
ལོ་རྒྱུས་གཅིག་ཉིད་ཀྱི་ནང་ལ་མིའི་ལོ་རྒྱུས་མིས་བཤད་པ་དང་། ལྷའི་ལོ་རྒྱུས་མིས་བཤད་པ། ཆོས་ཀྱི་ལོ་རྒྱུས་ཆོས་མེད་པ་མིས་བཤད་པ་སོགས་ལ་མཐུན་ཐབས་ཅིག་ག་ལ་ཡོད་སྙམ་ཡང་། ཁུངས་ཡོད་དད་ལྡན་ཉམས་ལེན་ཅན་ལ་འགལ་བ་མཐོང་བ་མི་སྲིད་ཅེས་ཀྱིས་མཇུག་བསྡུས་དགོས་ཚད་དུ་སླེབས་མི་འདུག་གམ། དཔྱད་པ་བཟང་བྱུང་ལགས།
དུས་འཁོར་ངང་ཚུལ་ཤེས་ནས་བཀའ་དབང་ལ།།
ཉན་རྒྱུ་གདུལ་བྱ་རྣམས་ལ་གལ་ཆེ་བས།།
མཁས་པའི་གསུང་གི་ཞིབ་འཇུག་སྒྲོན་མེ་འདིས།།
མི་ཤེས་པ་རྣམས་བསྲེགས་ནས་གཞོམ་གྱུར་ཅིག།
སྔོན་གྱི་མཁས་པའི་གསུང་ལ་གཏུགས་ནས་དཔྱད་པ་བྱེད་སྟངས་འདི་ལ་དོན་སྙིང་འདུག །ཆོས་ཚུལ་ཟབ་པས་ཐག་ཆོད་མ་སྔ་ཞིག།གསུངས་པ་ལྟར་དུས་འཁོར་རྩ་རྒྱུད་གསུངས་པའི་གནས་དུས་ངོས་འཛིན་པ་ལ་ཡང་རྣ་བས་ཐོས་བ་དང་མིག་གིས་མཐོང་བ་གཉིས་མི་མཐུན་དྲགས་པས་འདིའི་རིགས་ལ་ཁ་ཚོན་གཅོད་རྒྱུ་མི་སྔ་བར་ཡིག་ཆ་ཁག་བསྡུར་ནས་ལྟ་དགོས་པ་ནི་གལ་ཆེ་ཞིང་། འདིར་འགོད་མཁན་གྱི་རགས་ཟིན་དེ་ནི་དཔྱོད་པའི་སྒོ་བརྒྱ་དུས་གཅིག་ཏུ་ཕྱེ་བ་ལྟ་བུར་འདུག་པས་བསྔགས་བརྗོད་ཞུ་འོས།
ཀློང་བརྡོལ་བླ་མའི་གསུང་འབུམ་གྲས་སུ་བཞུགས་པའི་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་གྱི་བཟོ་དབྱིབས་དེ་དེང་དུས་དཔལ་ལྡན་འབྲས་སྤུངས་སུ་བཞུགས་པའི་མཆོད་རྟེན་གྱི་བཟོ་དབྱིབས་དང་གཏན་ནས་མི་འདྲ་བར་འདུག་པས། ཀློང་བརྡོལ་བླ་མས་ཁུངས་གཏུགས་སའི་མཆོད་རྟེན་དེ་ཅི་འདྲ་ཞིག་ལ་ངོས་འཛིན་བྱེད་དགོས་སམ།
ཧགཧགཇཀཧཇན