དབྱིན་རྩོམ་འགའ་རེའི་ནང་ནང་ཆོས་ཀྱི་དུས་འཁོར་ཞེས་པ་དེ། སྔོན་ནང་བསྟན་དར་ཁྱབ་ཆེ་བའི་ཨབ་ཧྥི་གྷན་ནང་ཁ་ཆེ་ཆེས་ཆེར་དར་ནས་ནང་ཆོས་དར་བར་འགལ་རྐྱེན་ལ་ཐུག་པའི་གཉན་འཕྲང་ཅན་གྱི་དུས་དེར་དར་ཡོང་བ་ཞིག་ལ་ངོས་འཛིན་མཁན་འདུག ང་ཚོའི་བོད་ཡུལ་དུའང་དུས་འཁོར་རྩ་རྒྱུད་དེ་ཕྱིས་སུ་1027 ལོར་དར་བ་མ་རེད་དམ། འགའ་རེས་དུས་འཁོར་དེ་དང་པོར་དུས་རབས་དགུ་པར་རྒྱ་གར་ནུབ་བྱང་ཁུལ་དུ་དར་བར་བཤད། ཡང་རྩོམ་ཞིག་ཏུ། དུས་འཁོར་ནི་རྒྱ་གར་གྱི་སྔོན་གྱི་རིག་བྱེད་དང་འབྲེལ་བ་མངོན་གསལ་དུ་ཡོད་པ་མཐོང་། རིག་བྱེད་ནི་སངས་རྒྱས་ལས་ཆེས་ཆེར་སྔ་ཞེས་གསལ། བཤད་ཚུལ་འདི་དག་ལས་འཕྲོས་པའི་དྲི་བ་འགའ་ཤས་ཤིག་ནང་ཆོས་ཀྱི་མཁས་དབང་ཚོར་ཕུལ་བ་གཤམ་དུ་གསལ།
༡ དུས་འཁོར་གྱི་མིང་བཀོད་པའི་ནང་པའི་དཔེ་ཆ་སྔ་ཤོས་དེ་གང་རེད།
༢ བསྟན་པ་སྔ་དར་སྐབས་ཀྱི་བཀའ་བསྟན་ཁག་ནང་དུས་འཁོར་རྩ་རྒྱུད་ཅེས་པའི་མིང་འདི་སླེབས་ཡོད་པ་རེད་དམ།
༣ བསྟན་པ་སྔ་དར་སྐབས་ནས་ཡོད་པ་ཞིག་ཡིན་ན་གལ་ཆེ་བའི་ཆོས་འདི་བོད་ཡིག་ཏུ་དེའི་སྐབས་ཅིའི་ཕྱིར་མ་བསྒྱུར་བ་རེད།
༤ སངས་རྒྱས་ཀྱི་སྔོན་ནས་དུས་འཁོར་ཡོད་ཚུལ་བཤད་པ་དེར་ཁུངས་ལུང་རྒྱུ་མཚན་བགྲངས་ནས་དེ་ལྟར་མིན་པར་སྒྲུབ་བྱེད་ཡང་དག་པ་དང་ཁུངས་ཕེར་པ་ཞིག་ཁྱེད་ལ་བཀོད་རྒྱུ་ཨེ་ཡོད།
༥ དུས་རབས་དགུ་པའི་མཇུག་ཏུ་རྒྱ་གར་ནུབ་བྱང་ནས་དར་བར་བསྙད་པ་དེ་ལ་དེ་ལྟར་མིན་པའི་སྒྲུབ་བྱེད་འགོད་རྒྱུ་ཡོད་དམ།
ང་ལ་བུ་སྟོན་ཆོས་འབྱུང་འཚོལ་བདེ་བ་ཞིག་ཡོད་པ་དེར་བཙལ་བ་ཡིན། སྔ་དར་སྐབས་བསྒྱུར་ཡོད་པའི་ལོ་རྒྱུས་མེད་པ་འདྲ། བུ་སྟོན་ཆོས་འབྱུང་ན་གསལ་བའི་ལུང་གཤམ་གསལ་ཁག་ལ་གཟིགས།
ལོ་ཙཱའི་སྐོར་ལ་
འབྲོ་ཤེས་རབ་གྲགས་ཀྱིས་ཁ་ཆེར་བྱོན་ཏེ། པཎྜི་ཏ་ཟླ་བ་མགོན་པོ་སྤྱན་དྲངས་ཏེ། དུས་འཁོར་ཆ་ལག་རྒྱས་པ་དང་། རྡོ་རྗེ་སྙིང་འགྲེལ། ཕྱག་རྡོར་སྟོང་འགྲེལ་ལ་སོགས་པ་བསྒྱུར་རོ། ཞེས་དང་།
དབོན་པོ་རྭ་ཆོས་རབ་ཀྱིས། པཎྜི་ཏ་ས་མནྟ་ཤྲཱི་སྤྱན་དྲངས་ཏེ། དུས་འཁོར་དང་ཕག་མོ་མངོན་འབྱུང་དང་། མགོན་པོ་མངོན་འབྱུང་ལ་སོགས་པ་བསྒྱུར་རོ།། ཞེས་དང་།
ཡང་།
དུས་ཀྱི་འཁོར་ལོ་བསྡུས་རྒྱུད་ཀྱི་འགྲེལ་པ་དྲི་མ་མེད་པའི་འོད་རྭ་ལ་སོགས་པའི་འགྱུར་བཅུ་ལྷག་ཡོད། དེའི་གོ་སླའི་འགྲེལ་པ་པདྨ་ཅན་སོ་མ་ནཱ་ཐའི་རང་འགྱུར། རྒྱལ་པོ་པདྨ་དཀར་པོས་མཛད་པའི་དོན་དམ་བསྙེན་པ་ཟླ་བ་མགོན་པོའི་རང་འགྱུར། དབང་མདོར་བསྟན་གྱི་འགྲེལ་པ་དུས་འཁོར་ཞབས་ཀྱིས་མཛད་པ་འབྲོ་ཤེས་རབ་གྲགས་ཀྱི་འགྱུར། དབང་མདོར་བསྟན་གྱི་འགྲེལ་པ་ནཱ་རོ་པས་མཛད་པ་གྲགས་པ་རྒྱལ་མཚན་གྱི་འགྱུར། ཁོ་བོས་བསྒྱུར་བའི་དབང་མདོར་བསྟན་གྱི་དཀའ་འགྲེལ་ཤུ་ལོ་ཀ་སུམ་བརྒྱ་དྲུག་ཅུ། དབང་རབ་བྱེད་ཀྱི་འགྲེལ་པ་རྡོ་རྗེའི་ཚིག་འབྱེད་པ་སློབ་དཔོན་དཱ་རི་ཀ་པས་མཛད་པ་འབྲོ་འགྱུར། དུས་འཁོར་ཞབས་ཀྱིས་མཛད་པའི་སྒྲུབ་ཐབས་ཡན་ལག་བཞི་པ་དང་། བྲམ་ཟེ་བསོད་སྙོམས་པས་མཛད་པའི་[P.300]སྙིང་པོ་རྒྱན་གཉིས། གྱི་ཅོའི་འགྱུར། པཎྜི་ཏ་སཱ་དྷུ་པུ་ཏྲས་མཛད་པའི་དུས་འཁོར་སྒྲུབ་ཐབས་རྒྱས་པ་དང་། དཀྱིལ་འཁོར་ཆོ་ག་དང་། རོལ་པའི་རྡོ་རྗེས་མཛད་པའི་དུས་འཁོར་ལྷན་སྐྱེས་ཀྱི་སྒྲུབ་ཐབས་གསུམ་རྭ་ཆོས་རབ་ཀྱི་འགྱུར། སྒྲུབ་ཐབས་ཀྱི་[230a]ཆོ་ག་རིམ་པར་ཕྱེ་བ་དང་། སློབ་དཔོན་དུས་འཁོར་ཞབས་ཀྱིས་མཛད་པའི་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཡན་ལག་བཅུ་གཅིག་པ་འབྲོ་འགྱུར། དུས་འཁོར་ཞབས་པས་མཛད་པའི་དཀྱིལ་ཆོག་ཡིད་འོང་ཕྲེང་བ་ལ་ཆིངས་ཡོན་ཏན་འབར་གྱི་འགྱུར། དུས་འཁོར་ཞབས་ཀྱིས་མཛད་པའི་ཉི་ཟླ་སྒྲུབ་པ་དང་། ཡེ་ཤེས་སྤྱན་བསྒྲུབ་གཉིས་བི་བྷུ་ཏི་ཙནྡྲའི་རང་འགྱུར། སློབ་དཔོན་ཨ་ཝ་དྷུ་ཏཱི་པས་མཛད་པའི་སྦྱོར་བ་ཡན་ལག་དྲུག་གི་འགྲེལ་པ་སྦས་པ་མིག་འབྱེད་ཟླ་བ་གྲགས་པའི་འགྱུར། འདི་[L.201a]གསུམ་ལ་དུས་འཁོར་དང་མི་མཐུན་པ་ཅི་རིགས་སུ་སྣང་བས་ཐེ་ཆོམ་གྱི་གཞིའོ།།
དུས་འཁོར་ཞབས་ཀྱིས་མཛད་པའི་དུས་འཁོར་གྱི་མན་ངག་གྱི་ཅོའི་འགྱུར། འཇམ་དཔལ་གྱིས་མཛད་པའི་རྣལ་འབྱོར་གསུམ་གྱི་སྙིང་པོ་གསལ་བ། དུས་འཁོར་ཞབས་ཀྱི་སྦྱོར་བ་ཡན་ལག་དྲུག་གི་མན་ངག །སློབ་དཔོན་ཨ་བྷ་ཡས་མཛད་པའི་དུས་འཁོར་གྱི་སྡོམ་ཚིག་ཁེ་གད་འཁོར་ལ་གྲགས་ཀྱི་འགྱུར། དེས་མཇད་པའི་རྩིས་ཀྱི་བསྟན་བཅོས་དུས་འཁོར་ལ་འཇུག་པ་ཆོས་གྲགས་དང་ཆོས་རྗེ་དཔལ་གྱི་འགྱུར། བི་བྷུ་ཏི་ཙནྡྲས་མཛད་པའི་ནང་གི་སྙེ་མ་དེའི་རང་འགྱུར། རྣལ་འབྱོར་མ་དྲུག་ཅུ་རྩ་བཞིའི་གཏོར་ཆོག་གྲགས་པ་རྒྱལ་མཚན་གྱི་འགྱུར། དུས་འཁོར་གྱི་མཎྜལ་གྱི་ཆོ་ག་ཉི་མ་རྒྱལ་མཚན་གྱི་འགྱུར། འགྲེལ་བ་དྲི་མེད་འོད་ཀྱི་མདར་བསྡུས་དང་པོའི་བཤད་པ་བཤད་སྦྱར་སྙིང་པོ་སྣང་བ་དཔང་བློ་བརྟན་གྱི་འགྱུར། དུས་འཁོར་ལྷན་སྐྱེས་ཀྱི་སྒྲུབ་ཐབས་གཏོར་མ་དང་བཅས་པ་བྱམས་པའི་དཔལ་གྱི་འགྱུར། འདི་གསུམ་མ་ཆུད། དཔལ་ཕྱག་ན་རྡོ་རྗེས་མཛད་པའི་སྦྱོར་བ་ཡན་ལག་དྲུག་གི་མན་ངག་ཏིང་ངེ་འཛིན་བཟང་པོའི་འགྱུར། སློབ་དཔོན་དཔེ་མེད་མཚོས་མཛད་པའི་སྦྱོར་དྲུག་མི་མཉམ་བཟང་པོའི་འགྱུར། དེའི་འགྲེལ་པ་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པ་བི་བྷུ་ཏི་ཙནྡྲའི་རང་འགྱུར། དུས་འཁོར་ཞབས་ཀྱི་སྦྱོར་དྲུག་གི་མན་ངག །ཤ་ཝ་རིའི་སྦྱོར་དྲུག་གི་མན་ངག་གཉིས་བི་བྷུ་ཏི་ཙནྡྲའི་རང་འགྱུར། མཚན་བརྗོད་ཀྱི་དགོངས་པ་དུས་འཁོར་བཞིན་བཀྲལ་བ་ལ་མཆན་བརྗོད་རྣམ་བཤད་མིའི་དབང་པོ་གྲགས་པས་མཛད་པ་སྦལ་རྡོ་རྗེ་རྒྱལ་པོའི་འགྱུར། དེའི་ཕན་ཡོན་གྱི་འགྲེལ་པ་སྔགས་ཀྱི་དོན་སྙིང་པོ་བསྡུས་པ་དུས་འཁོར་ཞབས་པས་མཛད་པ་རྡོ་རྗེ་རྒྱལ་པོའི་འགྱུར་འདི་གཉིས་ཐེ་ཚོམ་གྱི་གཞིའོ།།
སློབ་དཔོན་དཔེ་མེད་མཚོས་མཛད་པའི་མཚན་བརྗོད་འགྲེལ་པ་བདུད་རྩི་ཐིགས་པ་སྒྲོན་མ་གསལ་བ་དྷརྨཱ་ཀཱིརྟི་དང་རྡོ་རྗེ་རྒྱལ་མཚན་གྱི་འགྱུར། སློབ་དཔོན་ཉི་མ་དཔལ་གྱིས་མཛད་པའི་མཚན་བརྗོད་འགྲེལ་པ་བདུད་རྩིའི་ཐིགས་པ་ཆོས་རྗེ་དཔལ་གྱི་འགྱུར། པཎ་ཆེན་ཤཱཀྱ་ཤྲཱིས་མཛད་པའི་དུས་འཁོར་གྱི་རྩིས་གཞི་ཉི་ཟླ་འཛིན་པའི་མན་ངག །གཟའ་ལྔ་སོ་སོའི་རྐྱང་རྩིས། ས་མནྟ་ཤྲཱིས་མཛད་པའི་སྦྱིན་སྲེག་གི་ཆོ་ག །པཎྜི་ཧ་སཱ་དྷུ་ཀཱིརྟིས་མཛད་པའི་དུས་འཁོར་གྱི་བསྟོད་པ་རྒྱན་ཆགས་འདན་མ་ཚུལ་སང་གི་འགྱུར། དུས་འཁོར་གྱི་རྩ་ལྟུང་སྟེ་བཞི་བཅུ་རྩ་གསུམ་མོ།།
དུས་ཀྱི་འཁོར་ལོ་ལ་བརྟེན་པའི་ཡི་གེ་ཡང་དག་པར་བརྗོད་པའི་རྣམ་འགྲེལ་གོ་མི་ཆེན་པོས་སྦྱར་བ་རྔོག་འགྱུར་ནི་མ་རྙེད། ཞེས་དང་།
ཡང་འདི་ལྟར།
རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་སྟོང་ཕྲག་བཅུ་བཞི་གསུང་པར་བཤད་ཅིང་། རྒྱུད་རེ་རེ་ལའང་རྩ་རྒྱུད་བཤད་རྒྱུད་ལ་སོགས་མང་པོ་ཡོད་པ་ལས། འདར་བྱེད་ཀྱི་གླིང་ན་ཀྱེ་རྡོ་རྗེ་འབུམ་ཕྲག་ལྔ་པ་དང་། གསང་བ་འདུས་པ་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་དང་། བདེ་མཆོག་མངོན་པར་བརྗོད་པ་ཆེན་པོའི་ལེའུ་འབུམ་དང་། རྒྱུད་ཕྱི་མ་ཤུ་ལོ་ཀ་འབུམ་པ་དང་། དུས་ཀྱི་འཁོར་ལོ་སྟོང་ཕྲག་བཅུ་གཉིས་པ་དང་། རྣལ་འབྱོར་རྗེས་སུ་རིག་པ་སུམ་ཁྲི་དྲུག་སྟོང་པ་དང་། སྒྱུ་འཕྲུལ་དྲ་བ་སྟོང་ཕྲག་བཅུ་དྲུག་པ་དང་། མ་ཧཱ་མཱ་ཡཱ་སྟོང་ཕྲག་བཅོ་བརྒྱད་པ་དང་། གཤིན་རྗེའི་གཤེད་དམར་པོའི་རྒྱུད་ཆེན་པོ་འབུམ་ཕྲག་གསུམ་པ་དང་། སྒྲོལ་མ་མངོན་པར་འབྱུང་བའི་རྒྱུད་ལེའུ་བདུན་བརྒྱ་པ་དང་། རྟ་མགྲིན་གྱི་རྟོག་པ་བདུན་བརྒྱ་པ་དང་། དོན་ཡོད་ཞགས་པའི་རྒྱུད་འབུམ་ཕྲག་བདུན་པ་ལ་སོགས་པ་རྣམས་ལྷའི་གནས་དང་། ཤཾབྷ་ལ་དང་། ཨུ་རྱན་ལ་སོགས་པ་ན་བཞུགས་ཞེས་གྲག་གོ།
ཞེས་གསལ་འདུག
དཔལ་དུས་ཀྱི་འཁོར་ལོའི་སྐོར་ལ་་་་་་་་་་་་་་
དགེ་རབ་ལགས།
སྐུ་ཚེགས་ལ་མ་ལྟོས་པར་དུས་འཁོར་གྱི་འགྱུར་གྱི་སྐོར་བུ་སྟོན་ཆོས་འབྱུང་དུ་གསལ་བ་རྣམས་འདིར་བཀོད་པ་ཐུགས་རྗེ།
ཅིའི་ཕྱིར་བུ་སྟོན་གྱིས་དུས་འཁོར་སྐོར་བརྗོད་སྐབས། དུས་རབས་བཅུ་པའི་མཇུག་ཏུ་བྱུང་བའི་གྱི་ཇོ་ལོ་ཙྰ་བ་ཟླ་བའི་འོད་ཟེར་ནས་མགོ་མ་བཙུགས་པར་དུས་རབས་བཅུ་གཅིག་པའི་མགོ་སྟོད་དུ་བྱུང་བའི་འབྲོ་ཤེས་རབ་གྲགས་ནས་མགོ་བཙུགས་པ་འདིའང་འཐོམས་གཞི་ཞིག་རེད།
གཤམ་གྱི་སྦྲེལ་ཐག་འདི་ན་ཁ་ཟིན་སྣ་ཟིན་ཞིག་བཀོད་ཡོད། དྲི་བ་དེ་ཚོ་གནད་འགག་ཅན་རྐྱང་རེད།
http://www.khabdha.org/?s=%E0%BD%91%E0%BD%B4%E0%BD%A6%E0%BC%8B%E0%BD%A0%E0%BD%81%E0%BD%BC%E0%BD%A2%E0%BC%8B%E0%BD%A2%E0%BE%A9%E0%BC%8B%E0%BD%A2%E0%BE%92%E0%BE%B1%E0%BD%B4%E0%BD%91%E0%BC%8B%E0%BD%82%E0%BD%A6%E0%BD%B4%E0%BD%84%E0%BD%A6%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%82%E0%BD%93%E0%BD%A6%E0%BC%8B%E0%BD%91%E0%BD%B4%E0%BD%A6%E0%BC%8B%E0%BD%A6%E0%BD%BC%E0%BD%82%E0%BD%A6%E0%BC%8B%E0%BD%91%E0%BD%84%E0%BC%8B%E0%BD%A0%E0%BD%96%E0%BE%B2%E0%BD%BA%E0%BD%A3%E0%BC%8B%E0%BD%96%E0%BD%A0%E0%BD%B2%E0%BC%8B%E0%BD%A1%E0%BD%B2%E0%BD%82%E0%BC%8B%E0%BD%86%E0%BC%8B%E0%BD%81%E0%BD%82%E0%BC%8B%E0%BD%85%E0%BD%B2%E0%BD%82%E0%BC%8B+%E0%BD%82%E0%BD%B2%E0%BC%8B%E0%BD%96%E0%BD%A6%E0%BE%9F%E0%BD%93%E0%BC%8B%E0%BD%91%E0%BD%BC%E0%BD%93%E0%BC%8B%E0%BD%82%E0%BD%9E%E0%BD%B2%E0%BC%8B%E0%BD%A3%E0%BC%8B%E0%BD%96%E0%BD%9E%E0%BD%82%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A2%E0%BD%82%E0%BD%A6%E0%BC%8B%E0%BD%9F%E0%BD%B2%E0%BD%93%E0%BC%8D++&x=37&y=14
དུས་ཀྱི་འཁོར་ལོ་འདི་བསྟན་པ་ཕྱི་དར་གྱི་རྗེས་སུ། ཁ་བ་ཅན་གྱི་ལྗོངས་སུ་བྱོན་ཏེ། བསྟན་པ་དང་འགྲོ་བའི་དོན་རླབས་པོ་ཆེ་གྱུར་དང་འགྱུར་བཞིན་པ་ལ། སློབ་དཔོན་རབ་གསལ་གྱིས་བོད་རིག་གཞུང་ལ་ཐུགས་སྣང་གིས་བཀོད་པའི་གཞུང་མང་དུ་ཡོད་པ་ལས་ཐ་ན་གཅིག་ཙམ་ལ་ཡང་སྦྱངས་པ་མེད་པར་བདག་ལྟ་བུས་དཔལ་ལྡན་དུས་ཀྱི་འཁོར་ལོ་འདི་དང་འདི་ལྟ་བུ་ཞེས་བརྗོད་ག་ལ་ཐུབ། འོན་ཀྱང་ཕྱིའིསྣང་ཚུལ་འགའ་ཞིག་གླེང་ན། གཞུང་འདིའི་རྩ་རྒྱུད་དང་འགྲེལ་ཆེན་དྲི་མེད་འོད་བཅས་རྩ་བའི་ལེགས་སྦྱར་སྐད་དུ། བདག་རམ་ཙམ་དུ་མ་ཟད། སངས་རྒྱས་པའི་རིག་གཞུང་སྤྱི་དང་། བོད་ཀྱི་རིག་གཞུང་རྒྱ་གར་ཝཱ་ཎར་ཚུགས་པ་ལའང་ཞབས་ཏོག་གང་ཐུབ་ཞུས་པ། པཎྜི་ཏ་ཛ་གནྣཱ་ཐ་ ཨུཔཱདྷྱཱ་ཡ་སྟེ། འགྲོ་མགོན་མཁན་པོ་མཆོག་གིས་མ་དཔེ་བྲིས་མ་བལ་ཡུལ་ནས་གདན་དྲངས། ཝཱ་ཎ་བོད་ཀྱི་མཐོ་རིམ་སློབ་གྲྭ་ཆེན་མོས་སྤར་བསྐྲུན། སྐྱབས་མགོན་རིན་པོ་ཆེས་རྡོ་གདན་དུ། དུས་འཁོར་དབང་ཆེན་སྩོལ་སྐབས་སུ་སྤར་ཕུད་འབུལ་བར་མཇལ་ཏེ། བོད་ཀྱི་གདུལ་བྱ་སྟོང་ཕྲག་མང་པོ་འདུས་པ་མཐོང་སྟེ། སྙིགས་དུས་འདི་འདྲར་ཡང་དཔལ་དུས་ཀྱི་འཁོར་ལོའི་ཐ་ན་བྱིན་རླབས་ཙམ་ཞུ་བར་འདུག་པ་དགའ་བས་སྤྱན་ཆབ་བསིལ་བ་ཐོས། དུས་རྒྱུན་་ཁོང་རིག་གཞུང་འཆད་མཉན་ལ་བརྩོན་པ་མ་གཏོགས་ཕྱག་མཆོད་འབུལ་བྱེད་མཁན་ཞིག་མ་ཡིན། གཞན་ཡང་ཨ་རིའི་དུས་འཁོར་ལ་དད་ཞེན་ཡོད་པ་ཞིག་གིས་དུས་འཁོར་གཞུང་དག་ལ་རྟོག་དཔྱོད་བྱེད་པ་ན། སྣང་ཚུལ་འདི་ལྟར་ཡ་མཚན་ཚུལ་བྲིས་པ་བཀླགས། དང་པོ། རུས་ཀྱི་མཁས་པ་ཞིག་གིས་དུས་འཁོར་དཔེ་ཆ་ཁག་ཅིག་ལེགས་སྦྱར་དུ་འདོན་པ་པོ་ཡང་གློ་བུར་དུ་གྲོངས། གཉིས་པ། རྒྱ་གར་པ་རཱགྷུ་བཱི་ར་མཆོག་གིས་ཀྱང་དུས་འཁོར་དཔེ་ཆ་ཁག་ཅིག་བཏོན་ནས་གློ་བུར་རྐྱེན་ངན་གྱིས་རླངས་འཁོར་བརྡབས་ཏེ། སྐུའི་འཕེན་པ་རྫོགས། གསུམ་པ། འགྲོ་མགོན་མཁན་པོ་ཡང་གློ་བུར་དུ་སྙིང་ནད་ཀྱི་སྐུ་གཤེགས་འདུག་ཅེས་སོ།།
སྔ་མོ་བླ་མ་ཞིག་གིས་ཟླ་བ་མང་པོའི་བཀའ་འགྱུར་གྱི་ལུང་བཀླགས། ལུང་ཟིན་པའི་ཉིན་མོ་ཁོང་ན་རེ། ཁྱེད་རྣམས་ནི་བསྐལ་བཟང་གི་སློབ་མ་སྟེ་རྒྱལ་བའི་བཀའ་འགྱུར་གྱི་ལུང་ཆ་ཚང་ལེགས་པར་ནོད། ཁོ་བོ་ནི་དེ་ལྟར་མིན་ཏེ་བཀའ་འགྱུར་གྱི་ལུང་གཏན་ནས་མ་ཐོབ་བོ་ཞེས་གསུངས་སོ།། འདིར་ཡང་༧རྒྱལ་བའི་དྲུང་ནས་བོད་མི་ཕལ་ཆེ་བས་དུས་འཁོར་ཚར་རེ་མ་ཐོབ་མཁན་དཀོན། ཚང་མས་དབང་ཞུས་རྗེས་གཞི་ནས་ནམ་ལངས་རན་ཁ་གཅིན་པ་ཤོར་བ་ལྟར་དུས་འཁོར་ལ་དཔྱད་ཀིན་འདུག
(དུས་ཀྱི་འཁོར་ལོ་)སྟོང་ཕྲག་བཅུ་གཉིས་པ་དང་། རྣལ་འབྱོར་རྗེས་སུ་རིག་པ་སུམ་ཁྲི་དྲུག་སྟོང་པ་དང་། སྒྱུ་འཕྲུལ་དྲ་བ་སྟོང་ཕྲག་བཅུ་དྲུག་པ་དང་། མ་ཧཱ་མཱ་ཡཱ་སྟོང་ཕྲག་བཅོ་བརྒྱད་པ་དང་། གཤིན་རྗེའི་གཤེད་དམར་པོའི་རྒྱུད་ཆེན་པོ་འབུམ་ཕྲག་གསུམ་པ་དང་། སྒྲོལ་མ་མངོན་པར་འབྱུང་བའི་རྒྱུད་ལེའུ་བདུན་བརྒྱ་པ་དང་། རྟ་མགྲིན་གྱི་རྟོག་པ་བདུན་བརྒྱ་པ་དང་། དོན་ཡོད་ཞགས་པའི་རྒྱུད་འབུམ་ཕྲག་བདུན་པ་ལ་སོགས་པ་རྣམས་ལྷའི་གནས་དང་། (ཤཾབྷ་ལ་)དང་། ཨུ་རྱན་ལ་སོགས་པ་ན་བཞུགས་ཞེས་གྲག་གོ།
་་་་་ སྣང་ཚུལ་འདི་ལྟར་ཡ་མཚན་ཚུལ་བྲིས་པ་བཀླགས། དང་པོ། རུས་ཀྱི་མཁས་པ་ཞིག་གིས་དུས་འཁོར་དཔེ་ཆ་ཁག་ཅིག་ལེགས་སྦྱར་དུ་འདོན་པ་པོ་ཡང་གློ་བུར་དུ་གྲོངས། གཉིས་པ། རྒྱ་གར་པ་རཱགྷུ་བཱི་ར་མཆོག་གིས་ཀྱང་དུས་འཁོར་དཔེ་ཆ་ཁག་ཅིག་བཏོན་ནས་གློ་བུར་རྐྱེན་ངན་གྱིས་རླངས་འཁོར་བརྡབས་ཏེ། སྐུའི་འཕེན་པ་རྫོགས། གསུམ་པ། འགྲོ་མགོན་མཁན་པོ་ཡང་གློ་བུར་དུ་སྙིང་ནད་ཀྱི་སྐུ་གཤེགས་འདུག་ཅེས་སོ།།
་་་་ འདིར་ཡང་༧རྒྱལ་བའི་དྲུང་ནས་བོད་མི་ཕལ་ཆེ་བས་དུས་འཁོར་ཚར་རེ་མ་ཐོབ་མཁན་དཀོན། ཚང་མས་དབང་ཞུས་རྗེས་གཞི་ནས་ནམ་ལངས་རན་ཁ་གཅིན་པ་ཤོར་བ་ལྟར་དུས་འཁོར་ལ་དཔྱད་ཀིན་འདུག ཟེར།
༤ སངས་རྒྱས་ཀྱི་སྔོན་ནས་དུས་འཁོར་ཡོད་ཚུལ་བཤད་པ་དེར་ཁུངས་ལུང་རྒྱུ་མཚན་བགྲངས་ནས་དེ་ལྟར་མིན་པར་སྒྲུབ་བྱེད་ཡང་དག་པ་དང་ཁུངས་ཕེར་པ་ཞིག་ཁྱེད་ལ་བཀོད་རྒྱུ་ཨེ་ཡོད།
ལན།
༡༽རྗེ་བཙུན་སྒྲོལ་མའི་བསྟོད་པ། ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག ཅེས་པ་འདི་སངས་རྒྱས་ཀྱི་བཀའ་ཡིན་ཀྱང་། དེ་སངས་རྒྱས་ཤྰཀྱ་མ་བྱོན་གོང་གི་སངས་རྒྱས་གཅིག་གིས་བསྟོད་པ་མཛད་པ་རེད། དེས་ན་དུས་འཁོར་ཡང་ལ་བསམ་དགོས་པ་རེད། དིང་སང་བོད་ཆོས་ལ་བརྟེན་འཚོ་བ་བསྐཡལ་འདོད་པའི་ཕྱི་ཡི་མཁས་པ་འགའི་་འདོད་རྔམ་དེ་ཡང་ཤེས་དགོས་པ་གལ་ཆེ།
༢༽ སྟོན་བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བར་མཛད་པའི་ནང་ནས། རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ཐོག་མར་གསུངས་པའི་གནས་ནི། རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རིམ་ཧྰ་ཙི་ཏ་ཡ་དང་ཉེ་ཁུལ་དུ་ཡོད་པའི་དཔལ་ལྡན་འབྲས་སྤུངས་མཆོས་རྟེན་གྱི་བུམ་པའི་འི་ནང་ལ་ཡིན་པ་རེད།
༣༽ དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་འབྱུང་ཁུངས་གི་ལོ་རྒྱུས་ཙམ་ཡང་བློ་ལ་མ་ཆུད་པའི་ཚོུ་རོལ་མཛེས་པ་པོ་གསར་པ་དག་གིས། སྟོན་པས་འཁོར་རིག་ལྡན་བརྒྱ་ཁྲག་མང་པོར་བུམ་པ་གཅིག་གི་ནང་ལ་ཆུད་པར་བསམ་དགོས་པས། དེ་བས་ནང་ཆོས་ལ་བྱུས་གཏོགས་བཞག་ནས་རང་རང་གི་ཆོས་ལུགས་དང་རང་རང་གི་ཤེས་རིག་ལ་བརྟེན་ཚེ་འདི་ཡི་ལྟོ་གོས་གཏམ་གསུམ་གཉེར་ན་མི་མཛེས་སམ། ཞུ་ཐལ་ཤོར་བ་ལགས།
རྒྱ་གར་ཧིན་ཆོས་ནང་ལ་ཡང་། ཁྱབ་འཇུག་གི་འཇུག་པ་དགུ་པ་སངས་རྒྱས་དང་། འཇུག་པ་་(༡༠)བཅུ་པ་ཀལྐི་ཞེས་པ་ཡང་། ནང་ཆོས་དང་ཆ་འདྲ་བ་དུས་ད་ལྟ་ཡང་ཁས་ལེན་ཞིང་ཡོད་རེད།
ཡང་། ཁ་ཅིག་གིས། ཀླ་ཀློ་ནི་ཁ་ཆེའམ་ཁ་ཆའི་ཆོས་ལུགས་དང་དེའི་ཆོས་ལུགས་པ་ཙམ་བཞག་ན་ནོར་བ་ཡིན་ཏེ། དཔལ་དུས་ཀྱི་འཁོར་ལོ་རང་གི་རྣ་བར་གོ་མྱོང་ཡང་། དེ་ལ་མ་དད་པའི་སོ་སོ་སྐྱེ་བོ་ཐམས་ཅད་འདིའི་སྐབས་ནས་བཤད་པའི་ཀླ་ཀློའི་ཁུངས་སུ་མ་ཚུད་པའི་ངེས་པ་ཡང་མེད་པས། གཟབ་པར་འཚལ་ལོ། །
སྟོན་པའི་དགུང་གྲངས་སོ་དྲུག་པ་སྟེ། སངས་རྒྱས་པའི་ཕྱི་ལོའི་ནག་ཟླ་བའི་ཉ་ལ། གདུལ་བྱ་ཐུན་མོང་བ་དགྲ་བཅོམ་པ་རབ་འབྱོར་སོགས་ཀྱི་ངོར་བྱ་རྒོད་ཕུང་པོ་རིར་ཤེར་ཕྱིན་གྱི་མདོ་གསུངས་པ་དང་དུས་མཉམ་དུ། ཤམ་བྷ་ལའི་རྒྱལ་པོ་ཟླ་བ་བཟང་པོ་སོགས་ལ་གསང་སྔགས་ཀྱི་འཁོར་ཐུན་མོང་མ་ཡིན་པ་རྣམས་ཀྱི་ངོར་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དུ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་གསུངས་པ་ཡིན་ཏེ། དེའི་ཚུལ་ནི།
དུས་འཁོར་རྩ་རྒྱུད་དུ།
སྟོན་པས་བྱ་རྒོད་ཕུང་པོའི་རིར། །
ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །
ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ། །
དེ་བཞིན་གསང་སྔགས་ཚུལ་རབ་བསྟན། །ཞེས་ཀྱང་གསུངས་འདུག་གོ །
རྒྱ་གར་དུ་ཐོག་མར་དུས་ཞབས་པ་ཆེན་པོ་འཇམ་པའི་རྡོ་རྗེས་རྒྱ་གར་ནས་བྱང་གི་ཕྱོགས་སུ་ཕེབས་ཏེ། མཐར་ཤམ་བྷ་ལར་བྱོན་ནས་རིགས་དངོས་དང་མཇལ་བ་དེས་བླ་མར་བསྟེན་ནས། དུས་ཀྱི་འཁོར་ལོ་གཙོས་པའི་རྒྱུད་སྡེ་མང་པོ་གསན་ནས་ཐུགས་ངོར་བཞེས་པ་དང། འགའ་ཞིག་གླེགས་བམ་དུ་བྲིས་ཏེ་འཕགས་ཡུལ་དུདར་འགོ་ཐོག་མ་ཚུགས་པ་རེད། དེས་དུས་ཞབས་པ་ཆུང་བ་ཤྲི་བྷ་དྲ་དང་། དེས་སྲས་བྱང་ཆུབ་བཟང་པོ། དེའ་ཁ་ཆེ་པཎ་ཆེན་ཟླ་མགོན་ལ་སྩལ་བས་མཚོན། རགྱ་གར་དུ་དུས་འཁོར་གྱི་བསྟན་པ་རྒྱ་ཆེར་དར།
བོད་དུ་ནི། ཁ་ཆེ་པཎ་ཆེན་ཟླ་མགོན་གྱིས་དུས་འཁོར་བསྡུས་རྒྱུད་དང་འགྲེལ་ཆེན་གཉིས་བསྣམས་ནས་ཐོག་མར་གཙང་ཁ་རག་དང་། དེ་ནས་འཕན་ཡུལ་དུ་བྱོན་པ་ན། འབྲོ་ལོ་ཙ་པ་ཤེས་རབ་གྲགས་ཀྱིས་ཞུས་པས། བོད་ཀྱི་མཁས་པས་དུས་འཁོར་གྱི་དབང་རྒྱུད་གདམས་ངག་ཞུས་པ་ཐོག་མ་དང་། རྒྱུད་དང་འགྲེལ་པ་བོད་སྐད་དུ་བསྒྱུར་བའང་ཐོག་མ་རེད།ཁོང་གིས་ལྷ་རྗེ་སྒོམ་པ་དཀོན་མཆོ་བསྲུང་བ་ལ་དང་། རིམ་བརྒྱུད་ཀྱིས་ཀུན་མཁྱེན་ཆོས་སྐུ་འོད་ཟེར་ཞབས་ལས་བླ་མ་རྒྭ་ལོས་གསན་པ་དང་།
ཡང་དེ་དང་ཕྱོགས་མཚུངས་པར། རྭ་ལོ་ཙ་པ་ཆོས་རབ་ཀྱིས་དུས་ཞབས་ཀྱི་སློབ་མ་མཉྫུ་ཀིརྟི་དང་། དེའི་སློབ་མ་བལ་པོ་ཡེ་རང་པ་ས་མཎཊཤྲི་བྷ་ཌ་ཞུ་བ་བོད་ལ་གདན་དྲངས་ནས་དུས་འཁོར་རྒྱུད་འགྲེལ་དང་བསྒྱུར་འབྲེལ་དབང་རྒྱུད་མན་ངག་དང་བཅས་པ་ཞུས་ཤིང་། དེས་ཡེ་ཤེས་སེངྒེ་ལ་གནང་། དེས་བླ་མ་རྒྭ་ལོ་ལ་གནང་བ་ནས་རྭ་འབྲོ་ལུགས་གཉིས་ཆུ་བོ་གཅིག་འདྲེས་སུ་གྱུར་རོ། །འདིས་ཀྱང་དཔལ་དུས་ཀྱི་འཁོར་ལོའི་ནང་བསྟན་ཇི་སྲིད་འཁོར་བ་མ་སྟོངས་བར་གནས་པར་འགྱུར་ཅིག །དགེའོོ། །
ཇོ་ནང་ཕྱོགས་ལས་རྣམ་རྒྱལ་གྱི་དབང་གི་མཆན་འགྲེལ་ལས། (གནས་ཕུན་སུམ་ཚོགས་པ་)འདིར་དཔལ་ལྡན་ཀ་ལཱ་པའི་གྲོང་གི་ལྷོ་ཕྱོགས་མ་ལ་ཡའི་སྐྱེད་མོས་ཚལ་གྱི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཁང་པའི་ཤར་སྒོའི་མཐར་ནོར་བུ་རིན་པོ་ཆེ་ཆེན་པོའི་སྒོ་ཁྱམས་ན་ནོར་བུ་རིན་པོ་ཆེ་ཆེན་པོའི་སེངྒེའི་ཁྲི་ལ་བཞུགས་པ། (སྟོན་པ་པོ་ཕུན་སུམ་ཚོགས་པ་)དེ་བཞིན་གཤེགས་པས་ལུང་བསྟན་པ་འཇམ་དཔལ་གྱི་སྤྲུལ་བའི་སྐུ་རྒྱལ་པོ་གྲགས་པ་ལ་(ཞུ་བ་པོ་ཕུན་སུམ་ཚོགས་པ་)ནི་མའི་ཤིང་རྟས་གསོལ་བ་བཏབ་པས་(ཆོས་ཕུན་སུམ་ཚོགས་པ་)མཆོག་གི་དང་པོའི་སངས་རྒྱས་ལས་ཟླ་བ་བཟང་པོས་གསོལ་བ་བཏབ་པའི་དོན་རབ་ཏུ་སྟོན་པར་བྱེད་པ་བསྡུས་པའི་རྒྱུད་ཀྱི་དབང་བསྐུར་བའི་ལེའུ་ལས་ལུས་ལ་སྣ་ཚོགས་ཚད་ཅེས་པ་ལ་སོགས་པ་ཚིགས་སུ་བཅད་པ་དང་པོས་བསྟན་པའི་དེ་ཉིད་དེ་བཞིན་གཤེགས་པས་ལུང་བསྟན་ཅིང་འཇམ་དཔལ་གྱིས་བསྐུལ་བ་འཇིག་རྟེན་དབང་ཕྱུག་གི་སྤྲུལ་བའི་སྐུ་པད་མ་དཀར་པོ་བདག་གིས་མདོར་བསྡུས་ཆེན་པོའི་རྒྱས་འགྲེལ་གྱིས་རྒྱས་པར་བྱའོ། །ཞེས་མཐར་ཐུག་པ་ནི་ཟླ་བ་བཟང་པོས་གསོལ་བ་བཏབ་པའོ།།དེ་ནས་ཟླ་བ་བཟང་པོས་ཚིག་གསན་ནས་ནི་བདེ་བར་གཤེགས་པས་དུས་ཀྱི་འཁོར་ལོ་རབ་ཏུ་གསུངས། ཞེས་པ་ལྟར་དུས་འཁོར་རྩ་རྒྱུད་གསུངས་པའི་གནས་ཡོངས་གྲགས་སུ་དཔལ་ལྡན་འབྲས་སྤུངས་ཡིན་པར་བཤད་ཀྱང་མཐའ་གཅིག་ཏུ་ངེས་པ་མེད་དེ། དུས་གཅིག་ལ་གདུལ་བྱ་མི་འདྲ་བ་དང་གནས་མི་འདྲ་བ་ལ་གསུངས་པ་ནི་རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་གི་དགོངས་པ་རྗེ་ཙོང་ཁ་བ་ཆེན་པོས་བཀྲལ་བ་ལྟར་ཁས་བླངས་ན་རིགས་པས་གནོད་པ་མེད། རིགས་ལྡན་རྒྱལ་པོའི་རིགས་ཀྱི་མཐུ་ལས་ཆོས་མེད་ཀླ་ཀློའི་རིགས་རྩད་ནས་འཇོམས་པའི་ཤམ་བྷ་ལའི་གྲོང་ཁྱེར་ཏེ་ཆ་བསགས་ནོར་བུའི་ཕོ་བྱང་ངམ་རིགས་ལྡན་རྒྱལ་པོའི་གྲོང་ཁྱེར་ཀ་ལཱ་པ་ཞེས་པ་དེར་དྲང་སྲོང་ཉི་མའི་ཤིང་རྟ་ལ་སོགས་པ་ལྷ་དང་མི་དང་ལྷ་མིན་གྱི་གདུལ་བྱ་མང་པོར་དངོས་དབང་བསྐུར་ནས་རྒྱུད་བསྟན་པར་གསུངས་ཡོད་པ་རེད། དེ་ཡང་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་འོག་ཆོས་དབྱིངས་གསུང་གི་དཀྱིལ་འཁོར་སྤྲུལ་ནས་དེའི་སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་བཀོད་ནས་དུས་འཁོར་རྩ་རྒྱུད་གསུངས་པ་ཡིན་པ་དང་དབང་བསྐུར་ནས་རྒྱུད་འཆད་ཉན་ལ་འཇུག་པ་ནི་རྒྱུད་ཀྱི་སྟོན་རྡོ་རྗེ་འཆང་གི་དགོངས་པ་ཡིན་པས་དབང་་བསྐུར་བའི་གནས་ཀྱང་དཔལ་ལྡན་འབྲས་སྤུངས་ཡིན་ནམ་དཔྱད་པར་བྱའོ།།
བསྟན་པ་སྔ་དར་སྐབས་བོད་འགྱུར་བྱུང་མེད་པ་འདྲ། རྙིང་མའི་རྒྱུད་འབུམ་གང་གི་ནང་དུའང་དུས་འཁོར་གྱི་ཆོས་སྐོར་མཐོང་དཀོན་པོཡིན། དེ་འདྲ་ཡིན་དུས་ཆོས་རྣམ་དག་མ་རེད་ཟེར་མཁན་བྱུང་ཡོད་པ་རེད། འདིར་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་དུ་སའི་དུམ་བུ་འདིར་མ་ཁའི་ཡུལ་དུ་ཀླ་ཀློ་ཞུགས་ནས་མི་ལོ་སྟོང་བརྒྱད་བརྒྱ་ལོན་པ་ན་ཤམ་བྷ་ལ་ནས་རིགས་ལྡན་དྲག་པོ་ཆུ་བོ་ཤཱི་ཏའི་ལྷོ་ཕྱོགས་སུ་བྱོན་ཏེ་ཀླ་ཀློ་རྣམས་རང་གི་ཆོས་ལ་བཀོད་ནས་འཁོར་ལོ་ཅན་གྱི་དུས་བཞི་ལོ་སྟོང་བརྒྱད་བརྒྱར་གནས་ཤིང་། ཞེས་སོགས་ཀྱི་སྐབས་འཇམ་དབྱངས་རིགས་ལྡན་དྲག་པོ་གཅིག་ཉིད་ས་དུམ་བུ་བཅུ་གཉིས་ལ་རྒྱལ་པོའི་སྐྱེ་བ་མི་འདྲ་བ་བཅུ་གཉིས་སུ་འགྱུར་ཏེ་དཔེར་ན། ལོ་ལ་ཁྱིམ་བཅུ་གཉིས་ཀྱི་དབྱེ་བས་ཉི་མ་གཅིག་ཉིད་བཅུ་གཉིས་སུ་འགྱུར་བ་ལྟར་རོ།། ཞེས་གསུངས་པས་འཛམ་གླིང་རྒྱས་བཤད་ཀྱི་ཀླ་ཀློ་དང་ངོས་འཛིན་མཐུན་མོད། དེང་སང་སོ་དྷི་ཨ་རབ་ཀྱི་གྲོང་ཁྱེར་མ་ཁ་ཟེར་བ་དེ་ཀླ་ཀློའི་ལྟེ་བ་ཡིན་ན་ནི་ཀླ་ཀློ་རྣམས་མང་ནས་མང་དུ་འགྲོ་བ་ལས་ཆོས་ལ་བཀོད་པའི་གཏམ་ཟུར་ཙམ་ཡང་བཞག་དཀའ་བས་དཔྱད་པར་བྱའོ།།བཅོམ་ལྡན་རིག་པའི་རལ་གྲི་དང་བོད་ཀྱི་མཁས་པ་འགས་དུས་འཁོར་ལ་དགག་པ་མཛད་ཅིང་། མཁས་དབང་དགེ་ཆོས་ཀྱིས་ལེགས་སྦྱར་བང་མཛོད་དུ་བྷ་ར་ཏ་དང་ལེགས་ལྡན་ཀླུ་དང་ཆ་འདྲ་ཡོད་ཚུལ་བཤད་པ་དང་། རིག་བྱེད་ཆོས་ནི་ཕུ་བོ་དང་ཞེས་སོགས་ཀྱིས་བསྒྲུབས་སོ།། དུས་འཁོར་ལས་བཤད་པའི་ཀླ་ཀློ་ནི་མོ་སལ་མན་ཁ་ཆེ་ལ་བཤད་པ་དང་། ཧུན་དུའི་རིག་བྱེད་ལོ་རྒྱུས་སྨྲ་བས་བཅོམ་ལྡན་འདས་འདི་ནི་ཁྱབ་འཇུག་གི་འཇུག་པ་དགུ་པ་སྟེ་རིགས་ལྡན་ནི་བཅུ་པའོ་ཞེས་སོགས་ཀྱི་སྐབས་རིགས་ལྡན་གྱི་འཇུག་པ་ནི་ཤམ་བྷ་ལའི་ ཡུལ་དུ་ནོར་ལྷ་བྲམ་ཟེའི་བུ་གྲགས་པར་གྱུར་ནས་རྡོའི་རྟ་ལ་ཞོན་ཏེ་ཀུ་ཤའི་རང་བཞིན་ཅན་གྱི་མདུང་རྣམས་ཀྱིས་ཀླ་ཀློ་ཐམས་ཅད་བསད་ནས་གསེར་མང་པོའི་མེ་ལྷའི་མཆོད་སྦྱིན་བྱས་ཏེ་སླར་ཡང་ས་གཞིའི་བྲམ་ཟེའི་རང་བཞིན་དུ་བྱེད་པར་འགྱུར་རོ་ཞེས་སྔོན་གྱི་རིག་བྱེད་ལ་མི་སྣང་ཡང་ཕྱིས་ཀྱི་གདུག་པའི་བྲམ་ཟེ་དག་གིས་བྱས་པར་ཇོ་ནང་ཕྱོགས་ལས་རྣམ་རྒྱལ་གྱིས་གསུངས་འདུག །ཤམ་བྷ་ལ་ཟེར་བ་རིག་བྱེད་ཀྱི་ཐ་སྙད་དེ་བདེ་འབྱུང་འཛིན། རིགས་ལྡན་ཞེས་གྲགས་པ་བྲམ་ཟེའི་ཚངས་པའི་རིགས་སུ་འཇོག་པ་མིན་ཏེ། འདིའི་རིགས་བཟང་པོ་དང་བཟང་པོ་མ་ཡིན་པ་རྣམས་རིགས་ལྡན་ཏེ་རྡོ་རྗེ་ཐེག་པར་རིགས་གཅིག་ཏུ་བྱེད་པས་ན་རིགས་ལྡན་ནོ། །རྡོའི་རྟ་རྣམས་ཀྱིས་ཀླ་ཀློ་རྣམས་འཇོམས་པར་འགྱུར་བ་ནི་གདུག་པའི་དྲང་སྲོང་རྣམས་ཀྱི་སེམས་ཞུམ་པར་བྱེད་པའི་དོན་དུ་གསུངས། དུས་འཁོར་གྱི་ལམ་ལ་ཕྱི་དུས་ཀྱི་འཁོར་ལོ། ནང་དུས་ཀྱི་འཁོར་ལོ། གཞན་དུས་ཀྱི་འཁོར་ལོ་སྟེ་རིམ་པ་དེ་གསུམ་ནི་དུས་འཁོར་གྱི་རྒྱུད་དང་འགྲེལ་བ་ལས་ལེའུ་ལྔའི་སྒོ་ནས་རིམ་བཞིན་སྟོན་པའི་ཕྱིར། ལེའུ་དང་པོས་ཕྱི་དུས་ཀྱི་འཁོར་ལོ་འབྱུང་བཞིའི་དཀྱིལ་འཁོར་དང་ལྷུན་པོ་ས་དུམ་བུ་ བཅུ་གཉིས་གཟར་སྐར་དུས་སྦྱོར་སོགས་འཇིག་རྟེན་ཁམས་ཀྱི་རྣམ་བཞག་དང་། ལེའུ་གཉིས་པས་ནང་དུས་ཀྱི་འཁོར་ལོ་སྐྱེས་བུའི་ལུས་ཀྱི་རྩ་རླུང་ཐིག་ལེའི་གནས་ཚུལ་དང་། ལེའུ་གསུམ་པས་གཞན་དུས་ཀྱི་འཁོར་ལོ་སྣོད་རུང་དུ་བྱེད་པ་དབང་གི་རྣམ་བཞག་དང་། ལེའུ་བཞི་པས་བསྐྱེད་རིམ་གྱི་སྒྲུབ་ཐབས་ཀྱི་རྣམ་བཞག་དང་། ལེའུ་ལྔ་པས་རྫོགས་རིམ་གྱི་སྦྱོར་བ་ཡན་ལག་དྲུག་འབྲས་བུ་དང་བཅས་པ་སྟོན་པའི་ཕྱིར། ཆོས་མངོན་པ་མཛོད་དང་དུས་འཁོར་གྱི་སྣོད་བཅུད་ཀྱི་བཀོད་པ་གསུང་ཚུལ་མི་མཐུན་པ་དང་། མངོན་པ་ལྟར་ན་ལྷུན་པོའི་དབྱིབས་གྲུ་བཞི། དུས་འཁོར་ལྟར་ན་ཟླུམ་པོ། དཔག་ཚད་ཀྱི་བརྩི་གཞི་སོགས་གཏན་ནས་མི་མཐུན་པ་ཡོད་སྟབས་རྒྱ་བོད་ཀྱི་མཁས་པ་དག་གིས་དུས་འཁོར་ནི་རྒྱུད་རྣམ་དག་མ་ཡིན་ཞིང་། འགྲེལ་བ་བྱེད་པ་པོ་དག་ཀྱང་ས་བཅུ་བའི་བྱང་ཆུབ་སེམས་དཔའ་མ་ཡིན་ནོ། ཞེས་རྗེ་རེད་མདའ་བས། དུས་ཀྱི་འཁོར་ལོ་ལ་སོགས་ས་བཅུ་ཡི།།དབང་ཕྱུག་རྣམས་ཀྱིས་མཛད་པར་གྲགས་ནའང་།། རིགས་དང་མི་རིགས་རྣམ་དབྱེ་བློ་ལྡན་གྱིས།།རྣམ་པར་དཔྱད་ན་འཐད་པའི་ཚུལ་མ་མཐོང་།།ཞེས་པ་ལྟར་གང་ལས་ཤེས་ཤེ་ན། ཨ་བྷྱ་ཀ་རས་མཛད་པའི་སམ་བྷུ་ཊའི་འགྲེལ་བ་མན་ངག་སྙེ་མ་ལས། འོ་ན་དུས་ཀྱི་འཁོར་ལོ་དང་དེའི་རྗེས་སུ་འབྲངས་བའི་གཞུང་རྣམས་སུ་ཐེག་པ་གསུམ་དང་འགལ་བའི་རྣམ་པར་བཞག་པ་མང་པོ་རྣམས་བྱས་ཏེ། དེའི་གཞུང་བྱེད་པ་གྲགས་པ་དང་པདྨ་དཀར་པོ་དང་རྡོ་རྗེ་སྙིང་པོ་དང་ཕྱག་ན་རྡོ་རྗེའི་མིང་ཅན་དེ་དག་རྣམས་ཀྱང་བྱང་ཆུབ་སེམས་པ་རྣམས་མ་ཡིན་པ་ཁོ་ནའོ། །ཞེས་མང་དུ་མཁྱེན་པ་རྣམས་སྨྲའོ།། ཞེས་མང་དུ་མཁྱེན་པ་ཞེས་པ་སློབ་དཔོན་ཤཱནྟི་བ་ཡིན་པར་བཤད་ལ། རྣམས་ཞེས་པའི་མང་ཚིག་གིས་མཁས་པ་གཞན་ཡང་ཡོད་པར་གསལ་ལོ།། བོད་དུ་འདུས་བ་ཆེན་པོ་རྔོག་དང་བཅོམ་ལྡན་རིགས་རལ། རེད་མདའ་བ་ལ་སོགས་ཡིན་པར་མཁས་གྲུབ་ནོར་བཟང་རྒྱ་མཚོའི་དུས་འཁོར་སྤྱི་དོན་དྲི་མེད་འོད་རྒྱན་དུ་གསུངས། །ཨ་ལགས་ཚེ་རྟན་ཞབས་དྲུང་རིན་པོ་ཆེས་མཛད་པའི་གསང་ཆེན་ཉི་ཟླའི་དཀྱིལ་འཁོར་ལས། །བཅོམ་ལྡན་རིགས་རལ་གྱིས་དུས་འཁོར་ཕྱི་ནང་འདྲེས་བའི་བསྟན་བཅོས་ཡིན་ཏེ། འདི་ནས་ཁམས་གསུམ་རི་རབ་ལ་བཙུད་པ། སྟོང་གསུམ་ཡོངས་སུ་ཆད། ཕྱིའི་རྒྱ་མཚོ་མེས་ཁོར་ཡུག་གིས་འཁོར་བ། རི་རབ་ཀྱི་ལྷོ་པདྨ་རཱ་ག་ལས་གྲུབ་པ། རྩོད་དུས་འཁོར་ལོ་སྒྱུར་བ་འབྱུང་བ། གཟའ་སྐར་ཁ་ཤར་དུ་བལྟས་ནས་འགྲོ་བ། རྒྱ་ནག་བོད་ཀྱི་བྱང་ན་ཡོད་པ། ཟད་པར་ཁམས་གོང་དུ་སྐྱེ་བའི་རྒྱུ་རྣམས་བཤད་པས་སོ།། ཟེར། རྗེ་བཙུན་རེད་མདའ་བས། ཨེ་ཝཾ་མེད་པ་སོགས་ཀྱི་སྐྱོན་དུ་མ་བཀོད་པའི་རྩོད་ཡིག་དང་། འདི་སྐད་ཕལ་ཆེར་དྲང་བའི་དོན་དུ་ཤེས་ཞེས་སོགས་ཀྱི་རང་ལན་དང་བཅས་བ་མཛད་པ་དང་། རེད་མདའ་བའི་རྩོད་པ་དོགས་པའི་གནས་ཆེ་ཞིང་། སྟག་ཚང་ལོ་ཙཱ་བས་ལན་བཏབ་ནས་ཕ་རོལ་བོ་མི་སྨྲ་བའི་བརྟུལ་ཞུགས་ལ་བཀོད་ཟིན་ཞེས་བ་ལ། ཨ་ལགས་ཚེ་རྟན་ཚང་གིས། ཁྱེད་ལ་འདི་དྲི་བར་བྱ་སྟེ། ད་ལྟའི་རིག་པ་གསར་བ་ལ་སྦྱངས་པའི་འཛམ་བུ་གླིང་བ་ཡོད་དོ་ཅོག་གི་ཐུན་མོང་བའི་སྣང་ཚུལ་ལ་ས་དཀྱིལ་འདི་ཟླུམ་པོ་སྒོ་ངའི་དབྱིབས་ལྟ་བུ་ཡིན་པ་དང་། ཅུང་ཟད་ཙམ་ཡང་གནས་གཅིག་ཏུ་མི་སྡོད་པར་གཡོན་སྐོར་དུ་འཁོར་བའི་དབང་གིས་ཉིན་མཚན་ཁྱད་པར་འབྱུང་བ་དང་། དེ་ལྟར་ཁྱུད་ལོ་ཆེན་པོ་གཅིག་གི་ལམ་དེད་ནས་ལོ་གཅིག་ལ་རྫོགས་པར་འཁོར་བས་དུས་བཞིའི་ཚིགས་རྣམས་འབྱུང་བ་དང་། ཟླ་དཀྱིལ་(ཟླ་བ)དེ་རྔ་མོང་གི་རྗེས་སུ་རྔེའུ་འབྲངས་པ་བཞིན་ས་དཀྱིལ་(སའི་གོ་ལ )མི་གཏོང་བར་ཉིན་རེ་བཞིན་སྐོར་ཐེངས་གཅིག་རེ་བྱེད་པ་དང་། ཟླ་དཀྱིལ་དུ་མིའི་འགྲོ་བ་དངོས་སུ་ཕྱིན་ནས་བཙལ་བས་ཆུ་ཐིག་ཙམ་ཡང་མ་རྙེད་པ་དང་ཟླ་འཛིན་འབྱུང་བའི་རྐྱེན་ཉི་འོད་ཕོག་པའི་ས་དཀྱིལ་གྱི་གྲིབ་མ་ཟླ་བ་ལ་ཕོག་པ་ལས་བྱུང་བ་དང་། བྱང་མཐའ་དང་ལྷོ་མཐའི་གླིང་དང་ཐག་ཉེ་སར་ལོ་ཕྱེད་ལ་ཉི་མ་མི་ཤར་བ་དང་། ལོ་ཕྱེད་ལ་ཉི་མ་མི་ནུབ་པའི་དུས་ཡོད་པར་མཐོང་བ་དང་། བོད་ཡུལ་ཨ་མདོའི་ཁུལ་དུ་དགུན་ཉི་ཟློག་གི་དུས་དེར་གླིང་ཕྲན་དེ་ན་དགུན་ཉི་ ཟློག་གི་དུས་ཡིན་པ་དང་། དཔྱིད་མཉམ་སྟོན་མཉམ་གྱི་ཉིན་དེར་ཡང་དེ་གཉིས་སུ་གོ་ལྡོག་ནས་ཡོད་པ་སོགས་མདོ་དང་རྒྱུད་སྡེ་ལས་བཤད་པ་རྣམས་དང་གཏན་མི་མཐུན་པའི་རྣམ་བཞག་འདི་དག་ལ་ཁྱེད་ནས་ལན་ཇི་ལྟར་འདེབས། དེར་མ་ཟད་མདོ་དྲན་ཉེ་ལས་འཛམ་གླིང་གི་མཐའ་ན་ཉི་མ་གཏན་མི་ཤར་བའི་གནས་ཡོད་པ་དང་། མདོ་མྱང་འདས་བམ་པོ་བཅུ་གཅིག་པར། ལྷ་རྣམས་ཉིན་རེ་བཞིན་ཟླ་འཛིན་མཐོང་བར་གསུང་བར་འདི་དག་ལ་ཁྱེད་དུས་འཁོར་ལས་གསུངས་བ་ལྟར་གྱི་རྣ་བུག་གི་རླུང་རྒྱུ་མཁན་ཡིན་པར་ཞལ་གྱིས་བཞེས་པ་ལགས་ན་གོང་གསལ་དེ་དག་ལ་ལན་ཇི་ལྟར་འདེབས། ཅེས་སྟག་ཚང་ལོ་ཙཱ་བ་ལ་བཀའ་འདྲི་ཕུལ་བ་འདི་དག་དཔྱད་གཞི་ཆེ། །
ཆ་བསགས་ནོར་བུའི་ཕོ་བྱང་༼བྲང་༽ངམ་རིགས་ལྡན་རྒྱལ་པོའི་གྲོང་ཁྱེར་ཀ་ལཱ་པར་དུས་འཁོར་གསུངས་པ་གསུངས་པས། ཤམ་བྷ་ལའི་རྒྱལ་པོ་ཟླ་བ་བཟང་པོ་སོགས་ལ་གསང་སྔགས་ཀྱི་འཁོར་ཐུན་མོང་མ་ཡིན་པ་རྣམས་ཀྱི་ངོར་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དུ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་གསུངས་པ་ལ་དཔྱད་དགོས་འདུག་ཟེར། ང་ལ་འདི་ནི། དཔྱད་གཞི་གསར་པ་ཅིག་ཡིན་པས། འདི་ཡང་ལེགས་བཤད་ཡིན་ན་དགའ་བསུ་ཡོད་དོ།
རི་རབ་ཡོད་སྲིད་ཀྱང་།
མངོན་མཛོད་རི་རབ་མངོན་མི་སྲིད། །
དུས་འཁོར་རི་རབ་ངས་མི་ཤེས། །
ལྷ་མིའི་ཐུ་མོང་རི་རབ་གཅིག །
བཙལ་ན་རྙེད་པ་འགྱུར་ཡང་སྲིད། །
བཙལ་བའི་དོན་ཡང་ལམ་བསྒོམ་དགོས། །
མཐོང་བའི་དོན་ཡང་མངོན་ཤེས་དགོས། །
དཔལ་དུས་ཀྱི་འཁོར་ལོའི་རྐང་འཛིན་མཁན་ནི་དཔལ་རྒྱལ་བ་ཇོ་ནང་པ་ཡིན་པ་ལས་ཇོ་ནང་པ་མེད་ན་དུས་འཁོར་མེད། དེས་ན་དུས་འཁོར་སྐོར་ཤེས་འདོད་ན་འདི་ལ་གཟིགས། http://www.rigzod.org
བཀུར་འོས་དྲ་གྲོགས་ཚོར་ཞུ་རྒྱུར། འདིར་ཁྱེད་རྣམ་པས་དུས་འཁོར་སྐོར་བགྲོ་གླེང་གཏིང་ཟབ་བགྱིད་བཞིན་འདུག་པས་ཁོ་བོས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡོད། ད་དུང་ཡང་དུས་འཁོར་དེ་སྟོན་པ་བཅོམ་ལྡན་འདས་ཀྱི་གསུངས་ཡིན་མིན་སྐོར་ལ་བགྲོ་གླེང་མང་ཙམ་གནང་ཐུབ་ན་དགེ་མཚན་ཆེ་བར་མཐོང་། རྒྱུ་མཚན་ནི། དུས་འཁོར་བོད་ལ་དར་ཚར་བའི་རྗེས་སུ་ལོ་རྒྱུས་གསལ་པོར་ཡོད་པ་དང་། ཉམས་ལེན་གནང་མཁན་མཁས་གྲུབ་མི་ཉུང་པ་ཞིག་བྱུང་དང་འབྱུང་བཞིན་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། བོད་ལ་མ་བྱུང་སྔོན་གྱི་དེའི་ལོ་རྒྱུས་གསལ་པོ་རྒྱུ་མཚན་ལྡན་པ་ཞིག་ད་བར་ཁོ་བོས་མ་མཐོང་བས་དེ་ལ་ཁྱེད་རྣམ་པས་ཞིབ་འཇུག་གཏིང་ཟབ་གནང་རོགས་ཞུ་རྒྱུ་ཡིན།
དུས་འཁོར་རྒྱ་གར་དུ་དར་ནས་རིང་པོ་མ་ལོན་པར་བོད་དུ་བསྒྱུར་པ་ཐོས། དུས་འཁོར་གཞུང་ཡི་གེར་བེང་གཱ་ལ་རུ་བྲིས་པ་བཤད་འདུག དེ་ལ་རྒྱུ་མཚན་ཅི་ཡོད་དམ། ཨརིའི་སྐྱེས་མ་དུས་འཁོར་སྐོར་ལ་སློབ་སྦྱོང་བྱེད་མྱོང་ཞིག་ལ་དྲིས་པས། གཞུང་ལ་ཡུལ་དེ་ཡི་སྐད་འདྲེས་འདུག་པར་བཤད་པས། དེས་ན། རང་རེའི་ནང་ན་མ་འོངས་པ་ན་དེ་ལྟར་ཞིབ་འཇུག་བྱེད་མཁན་ཞིག་དགོས་པ་མི་འདུག་གམ།
དཔལ་དུས་ཀྱི་འཁོར་ལོའི་ངེས་དོན་གྱི་དཀའ་བའི་གནས་རྣམས་འགྲེལ་པ་སྲས་དྷརྨེ་ཤྭ་རས་མཛད་པ།
སྲས་དྷརྨེ་ཤྭ་ར།
གཙུག་གི་ནོར་བུ་བཞི་པའི་འོད་ཅན་བློ་ཡི་མུན་སེལ་བླ་མ་དཔལ། །རང་བྱུང་རྒྱལ་བའི་སྙིང་པོ་མཐའ་བྲལ་ཆོས་ཉིད་དབུ་མ་མཆོག །སྒྲ་རྣམས་རྒྱུར་གྱུར་གཞོམ་མེད་གྲི་གུག་དབྱིབས་ཅན་གཡོ་བའི་ལུས། །སྟོང་གཟུགས་རྣམ་བཅུ་པྲ་ཏི་སེ་ན་དང་འདྲ་གཟུགས་མིན་གཟུགས། །དེ་བརྟེན་དག་པའི་ཡེ་ཤེས་སྐུ་ནི་ཐིག་ལེ་མི་འཕོ་ཉིད། །གཞན་དོན་སྐུ་གཉིས་སྤྲུལ་མཛད་འབྱུང་བའི་ཚོགས་བཅས་གུས་བཏུད་དེ། །
སྦྲང་བུའི་མཆུ་ཡིས་རྡོ་རྗེ་འབིགས་འདོད་བདག་གི་བློ་ལྡན་གྱི། ། བཞད་གད་རྟེན་གྱུར་མོད་ཀྱི་བླ་མའི་མཐུ་ཡིས་དྲན་གྱུར་བསམ། །དགེ་བློའི་ནོར་ཅན་འགའ་ཡིས་འདིར་བརྟགས་འཕྲིག་རྙེད་སྲིད་ནའང་ལེགས། །དོན་འཐོར་ཚིག་མང་བརྟག་དཀའི་གཞུང་ལས་བཟློག་པས་དོན་ཟློས་མེད། ། བསྟན་པའི་སྙིང་པོ་རྡོ་རྗེ་ཐེག་པའི་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་༼དཔལ་དུས་ཀྱི་འཁོར་ལོ་༽འདིར། །ཡིད་ཆེས་པར་དཀའ་བའི་རྡོ་རྗེའི་ཚིག་བསྡུས་ན་རྣམ་པ་ལྔར་གསུངས་ཏེ། ལྟ་བ་གཏན་ལ་འབེབས་པའི་དུས་སུ་དབུ་མ་པ་རྣམས་ཀྱི་སྟོང་པ་ནི་ཆད་པའི་སྟོང་པ་ཉིད་ཀྱི་ཕྱོགས་སུ་འགྱུར་ལ། འདིར་ནི་བེམས་པོ་མ་ཡིན་པའི་སྟོང་པ་ཉིད་དུ་བརྗོད་པ་དང༌། རྒྱུའི་རྒྱུད་གཏན་ལ་འབེབས་པའི་སྐབས་སུ། གཞི་སེམས་ཀྱི་ངོ་བོ་རང་བཞིན་གྱིས་དག་པ་ཡིན་ཀྱང༌། འཁོར་བའི་བདེ་སྡུག་གནས་སྐབས་ཐ་དད་པར་སྣང་བ་ནི། གློ་བུར་བའི་སྒྲིབ་པར་གསུངས་ལ། དེ་ཉིད་ཀྱང་འཕོ་བའི་བག་ཆགས་རྩ་བའི་རྒྱུ་ཉིད་དུ་བརྗོད་པ་དང༌། ཐབས་ཀྱི་རྒྱུད་གཏན་ལ་འབེབས་པའི་སྐབས་སུ། ལམ་གྱི་མི་མཐུན་པའི་ཕྱོགས་ཀྱི་རྒྱུད་ལ་གནོད་པ་ཐེངས་པའི་སྣང་བ་དུ་བ་ལ་སོགས་པ་སྟོང་པ་ཉིད་ཀྱི་གཟུགས་པྲ་ཏི་སེ་ན་ལྟ་བུ། ཉིན་མཚན་གཅིག་བསྒོམས་པ་ནས་བརྩམས་ཏེ། མངོན་སུམ་དུ་མཐོང་བ་ཉིད་དུ་བརྗོད་པ་དང༌། ཐབས་ཀྱི་རྒྱུད་གཏན་ལ་འབེབས་པའི་སྐབས་སུ་བདག་གི་དོན་གྱི་སྐུ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་མི་འཕོ་བའི་བདེ་བས་ཕུག་པའི་སེམས་མཆོག་ཏུ་མི་འགྱུར་བའི་བདེ་བ་རྒྱུན་ཆད་པ་མེད་པ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་པ་ཉིད་དུ་བརྗོད་པ་དང༌། འབྲས་བུའི་རྒྱུད་གཞན་དོན་ཕུན་སུམ་ཚོགས་པ་འབྱུང་བའི་རྐྱེན། ལྷན་ཅིག་སྐྱེས་པའི་སྐུ་ལ་སྒྲིབ་པ་ཅུང་ཟད་གཅིག་གཟུང་ནས། དེས་སྐུ་གཉིས་པོ་སྤྲོས་ཤིང་གཞན་དོན་རྫོགས་པ་ཉིད་དུ་བརྗོད་དོ།། །།
དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོའི་སྙིང་པོ་ཞེས་བྱ་བ།
རིགས་ལྡན་འཇམ་དཔལ་གྲགས་པ།
རྒྱ་གར་སྐད་དུ། ཤྲཱི་ཀཱའ་ལ་ཙཀྲ་ལ་གུུ་ཏནྟྲ་རཱ་ཛཱ་ཧྲི་ཏྱ་ནཱ་མ། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོའི་སྙིང་པོ་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ།། ཐམས་ཅད་མཁྱེན་དང་ཡེ་ཤེས་སྐུ་དང་ཉིན་བྱེད་སྐུ་སྟེ་པདྨའི་འདབ་མ་བཞིན་དུ་ཡངས་པའི་སྤྱན། །སངས་རྒྱས་སེངྒཻའི་གདན་ལ་བཞུགས་ཕྱིར་ལྷ་ཡི་མཆོག་གིས་ཕྱག་འཚལ་བ་དང་ཟླ་བ་བཟང་པོ་ཡིས། །སྤྱི་བོས་བཏུད་དེ་ལག་པའི་པདྨོ་ཐལ་མོ་སྦྱར་ནས་ཡན་ལག་མཆོག་གི་སྟེང་དུ་རབ་བཞག་ནས། །ཨ་སོགས་ཀ་སོགས་འདུས་རིམ་དཔལ་ལྡན་དུས་ཀྱི་འཁོར་ལོའི་རྣལ་འབྱོར་མི་རྣམས་གྲོལ་བའི་རྒྱུ་རུ་ཞུས།
༡ །སྟོང་པ་དང་ནི་ཡེ་ཤེས་ཐིག་ལེ་རྡོ་རྗེ་མཆོག་འཛིན་སངས་རྒྱས་ལྷ་དང་ལྷ་མ་ཡིན་རྣམས་དང༌། །ཕྱི་རོལ་དང་ནི་ནང་དང་གཞན་ལ་རང་བཞིན་རྣམས་དང་སྐྱེས་བུ་ཉི་ཤུ་རྩ་ལྔའི་བདག་ཉིད་དང༌། །ལུས་ལ་སྣ་ཚོགས་པ་ཡི་ཚད་དང་སྲིད་པ་གསུམ་གྱི་སྤྲོས་པ་ལྷ་དང་ལྷ་མིན་བཟའ་བ་དང༌། །དཀྱིལ་འཁོར་དབང་དག་དེ་ལྟ་བུ་རྣམས་ཐམས་ཅད་ལྷ་དང་མི་ཡི་བླ་མས་ཡང་དག་བཤད་དུ་གསོལ། ༢ །ཟླ་བ་བཟང་པོ་བདག་དགྱེས་དེ་ནི་རབ་མཆོག་ལྷ་དང་མི་དང་སྲིན་པོ་ལྷ་མ་ཡིན་དང་ཀླུ། །གང་ཞིག་འདོད་ཆགས་བྲལ་བ་རྣམས་དང་མཆོག་གི་དྲང་སྲོང་རིགས་ཀྱི་མྱ་ངན་འདས་པ་ལ་སོགས་པའི། །འཛིན་མའི་མཐར་ཐུག་ཁྱོད་ཀྱིས་ཞུས་པ་དེ་མི་ཤེས་པས་ཚིགས་གི་གནས་ལྡན་ལུས་དབུས་མ་ལུས་པ། །རྣལ་འབྱོར་འདི་ཉིད་དཀྱིལ་འཁོར་དང་ནི་དབང་དག་རྣམས་པར་བཤད་པར་བྱ་ཡིས་མི་བདག་ཤིན་ཏུ་ཉོན། ༣ །དུས་ཀྱི་སྟོང་པ་རྣམས་ལས་རླུང་དང་མེ་དང་ཆུ་དང་ས་དང་གླིང་དང་རི་དང་རྒྱ་མཚོ་རྣམས། །རྒྱུ་སྐར་རྣམས་དང་ཉི་ཟླ་སྐར་མ་གཟའ་ཡི་ཚོགས་དང་དྲང་སྲོང་ལྷ་དང་འབྱུང་པོ་ཀླུ་རྣམས་དང༌། །བྱོལ་སོང་སྐྱེ་གནས་རྣམ་བཞི་རྣམ་པ་སྣ་ཚོགས་ས་དང་ས་འོག་དག་ལ་མི་དང་དམྱལ་བ་དང༌། །ཆུ་ལས་ཚྭ་འབྱུང་བཞིན་དུ་སྒོང་བ་ལས་ཀྱང་ཡིན་ཏེ་སྟོང་བ་ལས་ནི་འབྱུང་བ་ཉིད་རྣམས་བསྐྱེད། ༤ །སྐུ་དང་ཡེ་ཤེས་ནམ་མཁའ་སྒྲིབ་བྲལ་རླུང་དང་མེ་དང་ཆུ་དང་ས་དང་བརྟན་དང་སྐྱེ་འགྲོ་དང༌། །མི་མཐོང་བ་ཡི་ལྷ་ཉིད་སྐྱེ་བ་རྣམས་དང་གནས་ནི་རྣམ་པ་བཅུ་རུ་བརྗོད་པ་རྡོ་རྗེའི་སྐུ། །སྔགས་ཀྱི་སྐྱེ་གནས་དེ་ལྟར་ཡང་དག་འབྱུང་བ་འདི་ཉིད་སླར་ལོག་པ་ལས་འཇིག་སྟེ་མི་བདག་སྐྱེ། །དེ་ལྟར་གང་གིས་ཡང་དག་རིགས་པ་དེ་ནི་ཕྱགས་མ་ཡིན་ཏེ་སེམས་ཀྱི་རྣམ་རྟོག་གྲོལ་པའོ།། ༥ དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ལས། ཕྱི་འཇིག་རྟེན་ཁམས་ཀྱི་ལེའུ་མདོར་བསྡུས་པ་སྟེ། ལེའུ་དང་པོའི་རྒྱུད་ཀྱི་སྙིང་པོའོ།། ༎
དཔལ་དུས་ཀྱི་འཁོར་ལོའ་རིམ་གཉིས་འབྲོ་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས་རྡོ་རྗེ་འབེབས་པ་ཆེན་པོ་ཞེས་བྱ་བ། ཡོན་ཏན་རྒྱ་མཚོས། ༀ་ཨཱཿཧཱུྃ་ཧོཿཧཾ་ཀྵཿ །རྣམ་ཀུན་མཆོག་ལྡན་ཐིག་ལེ་སྟོང་པ་དྲུག །འགྱུར་མེད་བདེ་བ་སྟོང་ཆེན་ཡི་གེ་ལྔ། །སྙོམས་ཞུགས་འོད་གསལ་བདེ་གཤེགས་སྙིང་པོ་ལ། །གསོལ་བ་འདེབས་སོ་རྡོ་རྗེའི་ཡེ་ཤེས་སྩོལ། །ཐོག་མཐའ་དབུས་གནས་དུས་དང་ཡོན་ཏན་མེད། །སྐད་ཅིག་གཅིག་གིས་བྱང་ཆུབ་ཐམས་ཅད་མཁྱེན། །ཡེ་ཤེས་རྡོ་རྗེ་ཕྱག་རྒྱ་ཆེན་མོ་ལ། །གསོལ་བ་འདེབས་སོ །མཆོག་ཏུ་མི་འགྱུར་སྐྱེ་འཇིགས་སྤངས་པའི་བདེ། །རྣམ་པ་ལྔ་ཡིས་བྱང་ཆུབ་ཡེ་ཤེས་སྐུ། །ཐུགས་ཀྱི་རྡོ་རྗེ་དང་པོའ་སངས་རྒྱས་ལ། །གསོལ་བ།གཞོམ་མེད་སྒྲ་བརྙན་བདེན་དོན་བཅུ་གཉིས་པ། །རྣམ་པ་ཉི་ཤུས་བྱང་ཆུབ་ཉིན་མོར་བྱེད། །གསུང་གི་རྡོ་རྗེ་དུས་ཀྱི་འཁོར་ལོ་ལ། །གསོལ་བ །ཞི་བའི་གཟུགས་བརྙན་དེ་ཉིད་བཅུ་དྲུག་རིག །སྒྱུ་དྲྭས་བྱང་ཆུབ་པདྨ་འདབ་རྒྱས་སྤྱན། །སྐུ་ཡི་རྡོ་རྗེ་ཤཱཀྱ་ཐུབ་པ་ལ། །གསོལ་བ །རྡོ་རྗེ་ཟླ་བ་དྲི་མེད་འོད་བཟང་པོ། །ལྷ་དབང་གཟི་བརྗིད་ཟླ་བྱིན་ལྷའི་དབང་ ཕྱུག །སྣ་ཚོགས་གཟུགས་དང་ལྷ་ཡི་དབང་ལྡན་ལ། །གསོལ་བ །ས་བཅུའི་དབང་ཕྱུག་ཚོགས་ཀྱི་སྤྲུལ་པའི་སྐུ། །འཇམ་དཔལ་གྲགས་པ་པདྨ་དཀར་པོ་སོགས། །རིགས་ལྡན་ཉེར་ལྔ་ཕྱེད་སྐྱོང་དུམ་སྐྱོང་ལ། །གསོལ་བ །འཇམ་པའི་རྡོ་རྗེ་རྒྱུད་ཀྱི་བདག་པོའ་བདག །ཤྲཱི་བྷ་དྲ་སེམས་འགྲེལ་མཁའ་ཁྱབ་སྤེལ། །རྡོ་རྗེའི་སྐུ་བརྙེས་དུས་ཞབས་ཆེ་ཆུང་ལ། །གསོལ་བ །བོ་དྷི་བྷ་དྲ་ལས་ཆེན་ཐོགས་མེད་འགྲུབ། །སོ་མ་ནཱ་ཐ་ཕྲ་རགས་ཟག་པ་ཟད། །མཆོག་གི་གྲུབ་པ་པཎ་ཆེན་རྣམ་གཉིས་ལ། །གསོལ་བ །ཤེས་རབ་གྲགས་པ་གཞོམ་མེད་སྒྲ་སྐད་བསྒྱུར། །སྒོམ་པ་ཀུན་མཆོག་སྤྱན་སྔ་ཆགས་མེད་འཆང་། །སྔགས་མཆོག་རིག་པའི་བདག་པོ་ནམརྣམ་གཉིས་ལ། །གསོལ་བ །སྒྲོ་སྟོན་གནམ་བརྩེགས་འཕོ་ཆེན་་ཏིར་བཅིངས། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་མཁའ་ལ་སྤྱོད། །ཉི་ཟླའི་བགྲོད་པ་དག་པ་རྣམ་གཉིས་ལ། །གསོལ་བ །ཆོས་ཀྱི་དབང་ཕྱུག་གཉུག་མའི་ཆོས་གཏེར་བརྡོལ། །ནམ་མཁའ་འོད་ཟེར་མཁྱེན་རྟོགས་གཟི་འོད་འཕྲོ། །ལུང་རྟོགས་ཆོས་ཀྱི་ཕུང་པོ་རྣམ་གཉིས་ལ། །གསོལ་བ །ཌཱ་ཀི་ཇོ་འབུམ་ལྷན་སྐྱེས་ལང་ཚོས་སྒེག །ནམ་མཁའ་རྒྱལ་མཚན་དུས་གསུམ་ས་ལེར་གཟིགས། །ཡེ་ཤེས་ལུས་ཅན་ལྕམ་དྲལ་རྣམ་གཉིས་ལ། །གསོལ་བ །ཤེས་རབ་འོད་ཟེར་ཤེས་དང་ཤེས་བྱའི་བདག །ཆོས་སྐུ་འོད་ཟེར་འོད་གསལ་ཕྱག་རྒྱས་འཁྱུད། །མཆོག་ཐུན་གྲུབ་པའི་རྒྱལ་པོ་རྣམ་གཉིས་ལ། །གསོལ་བ །ཀུན་སྤངས་ཆེན་པོ་ཕྲ་རག་རྡུལ་ཆོས་སྤངས། །བྱང་སེམས་ཆེན་པོ་བྱམས་པའི་གོ་ཆས་གཡོགས། །རིགས་ལྡན་སྤྲུལ་པའི་སྐུ་མཆོག་རྣམ་གཉིས་ལ། །གསོལ་བ །མཁས་བཙུན་ཆེན་པོ་ཡོན་ཏན་རྒྱ་མཚོར་འཁྱིལ། །དུས་གསུམ་སངས་རྒྱས་ཀུན་མཁྱེན་དོལ་པོ་པབ། །རྒྱུད་འགྲོལ་མན་ངག་ཤིང་རྟ་ཆེན་པོ་ལ། །གསོལ་བ །སྒྲ་བསྒྱུར་སྐུ་མཆེད་ནཱ་དའི་རང་སྒྲ་སྒྲོགས། །ཕྱོགས་ལས་རྣམ་རྒྱལ་སྒྲིབ་གསུམ་གཡུལ་ལས་རྒྱལ། །རྒྱལ་ཚབ་ས་བརྙེས་སྐྱེས་ཆེན་རྣམ་གསུམ་ལ། །གསོལ་བ །ཀུན་དགའ་དཔལ་བ་ཤེས་བཅུ་རྣམ་དག་འཆང་། །ཀུན་དགའ་བློ་གྲོས་རྣམ་བཅུའི་དབང་དང་ལྡན། །ནང་གི་ས་བཅུའི་མཐར་སོན་རྣམ་གཉིས་ལ། །གསོལ་བ །དཀོན་མཆོག་བཟང་པོ་གཉིས་འཛིན་འཆིང་བ་བཅད། །ནམ་མཁའ་ཆོས་སྐྱོང་རྟོགས་པ་མཁའ་དང་མཉམ། །རིམ་གཉིས་རྣལ་འབྱོར་དབང་ཕྱུག་རྣམ་གཉིས་ལ། །གསོལ་བ །ནམ་མཁའ་དཔལ་བཟང་རྣམ་ཤེས་རྒྱལ་ཁམས་བརྒལ། །རཏྣ་བྷ་དྲ་འཁོར་ལོ་བདེ་བས་གང་། །མཁས་མཆོག་སྨྲ་བའི་སེང་གེ་རྣམ་གཉིས་ལ། །གསོལ་བ །འཇམ་མགོན་གྲོལ་མཆོག་གནས་གསུམ་འདུ་བ་ཐོབ། །ལུང་རིག་རྒྱ་མཚོ་སྲིད་མེད་སྲིད་པར་གནས། །ངེས་པ་དོན་གྱི་མཁས་གྲུབ་རྣམ་གཉིས་ལ། །གསོལ་བ །སྲོག་དང་ཐིག་ལེ་སྟོང་པའི་གཟུགས་ཀྱིས་བཅིངས། །པདྨ་རྡོ་རྗེ་ཉི་ཟླའི་དབུས་སུ་ཞུགས། །གསང་བདག་རྡོ་རྗེ་སེམས་དཔའ་སྒྲོལ་བའི་མགོན། །གསོལ་བ །ཡེ་ཤེས་རྒྱ་མཚོ་དྭངས་མ་སྒྲིབ་བྲལ་སྨིན། །རིན་ཆེན་རྒྱ་མཚོ་སྟོང་གཟུགས་བདེ་བར་གྲུབ། །འགྲན་ཟླ་ཀུན་བྲལ་རྒྱབ་ཚབ་རྣམ་གཉིས་ལ། །གསོལ་བ །བློ་གྲོས་རྣམ་རྒྱལ་བདེན་དོན་མཁའ་ཁྱབ་རྟོགས། །ངག་དབང་ཕྲིན་ལས་བྱིན་བརླབས་གཟི་བྱིན་འབར། །མངོན་སུམ་ལམ་གྱི་སྲོག་འཛིན་རྣམ་གཉིས་ལ། །གསོལ་བ །ཀུན་བཟང་དབང་པོ་ཟག་མེད་བདུད་རྩིས་མྱོས། །ཚེ་དབང་ནོར་བུ་རླུང་སེམས་དབང་དུ་མཛད། །བརྟུལ་ཞུགས་ཕྱོགས་མེད་གྲུབ་པ་རྣམ་གཉིས་ལ། །གསོལ་བ །བསྟན་པའི་ཉིན་བྱེད་ཡེ་ཤེས་འོད་བརྒྱ་འཕྲོ། །ཕྲིན་ལས་རྣམ་རྒྱལ་དགའ་བཞིའི་རྩེ་མོ་འཆང་། །རླབས་ཆེན་འགྲོ་བའི་དེད་དཔོན་རྣམ་གཉིས་ལ། །གསོལ་བ །པདྨ་ཉིན་བྱེད་རྟག་བདེའི་རྒྱལ་ཐབས་སྐྱོང་། །རྩ་བའི་བླ་མ་རིགས་བརྒྱའི་འཁོར་ལོས་སྒྱུར། །སངས་རྒྱས་ཀུན་དངོས་རྩ་བརྒྱུད་བླ་མ་ལ། །གསོལ་བ །ཡང་ན། ངག་དབང་ཕྲིན་ལས་ཀྱི་རྗེས་སུ། ངག་དབང་རྣམ་རྒྱལ་ཡིད་དཔྱོད་མཐའ་ལས་རྒྱལ། །ཀུན་དགའ་ཆོས་འཕེལ་ཀུན་དཱ་འཕེལ་ཞིང་བརྟན། །དེསངེས་དོན་བསྟན་པའི་སྲོག་འཚོ་རྣམ་གཉིས་ལ། །གསོལ་བ །ངག་དབང་དྲི་མེད་འཕོ་བའི་དྲི་མ་བཅོས། །ངག་དབང་ཆོས་འཕེལ་འོད་གསལ་མཁའ་ཁྱབ་འཕེལ། །སྦས་པའི་རྣལ་འབྱོར་དབང་ཕྱུག་རྣམ་གཉིས་ལ། །གསོལ་བ །རྡོ་རྗེའི་རྣལ་འབྱོར་སྟོན་མཛད་བཀའ་དྲིན་ཅན། །རྩ་བའི་བླ་མ །སོགས། ཁྱད་ཆོས་བཞི་ལྡན་བརྟགས་པའི་རྣལ་འབྱོར་གྱིས། །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་གསལ་སྣང་གི། །རབ་མཐར་ཕྱིན་པས་ཞི་སོགས་ལས་ཆེན་འགྲུད། །སྔགས་ཀྱི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརློབས། །ལྟོས་མེད་བཞི་ཡིས་རྣམ་པ་ཐམས་ཅད་པའི། །འཆར་སྒོ་འབྱམས་ཀླས་ཉམས་རྩལ་ཕྱོགས་མེད་རྒྱས། །རྒྱུད་དོན་མཐར་ཐུག་རྡོ་རྗེའི་རྣལ་འབྱོར་ལ། །ཡིད་ཆེས་རྣམ་གསུམ་ཐོབ་པར་བྱིན་གྱིས །མི་གཡོ་གསུམ་ལྡན་མི་རྟོག་ནང་གི་མཁར། །རྣམ་ཤེས་ཡུལ་དང་ཡུལ་ཅན་འབྲེལ་པ་བཅད། །སྟོང་པའི་ཡུལ་ལ་ཡེ་ཤེས་དབང་པོ་ཞུགས། །འོད་གསལ་རྟགས་བཅུ་རྫོགས་པར་བྱིན །སྲིད་གསུམ་གཟུགས་བརྙན་རང་གི་སེམས་ཉིད་དང་། །རོ་མཉམ་ཡན་ལག་ལྔ་པོ་མཐར་ཕྱིན་པ། །བསམ་གཏན་ཐོག་མར་དགེ་བའི་བསྙེན་པ་ཡིས། །རྡོ་རྗེ་བསླང་བ་འགྲུབ་པར་བྱིན །རྡོ་རྗེ་གསུམ་བཟླས་བྱེད་པ་བཅིངས་པ་ཡིས། །སྲོག་གཟུགས་རབ་གྲུབ་ཉི་ཟླའི་རྒྱུ་པབ་འགག །མུན་ཆེན་དབྱིངས་སུ་སྲོག་ཐུར་མཉམ་པར་འདྲེས། །འཆི་བའི་འཇིགས་པ་འཇོམས་པར་བྱིན །རླུང་གི་གོང་བུ་མི་ཤིགས་དཔྲལ་བར་ཐིམ། །གཞོམ་མེད་སྒྲ་སྒྲོགས་འབར་ཞུའི་བདུད་རྩིའི་བརླན། །བར་དུ་དགེ་བ་ཉེར་སྒྲུབ་རྡོ་རྗེའི་མེ། །ལྷ་སྐུའི་འདུ་འཕྲོ་ཤར་བར ། ཕྱག་རྒྱ་གསུམ་སྦྱོར་དགའ་བཞི་ རྗེས་དྲན་པས། །བདེ་སྟོང་འཕེལ་བརྟན་འཁོར་ལོའ་བདག་པོ་ཡི། །ལུས་ལས་འཕྲོས་པའི་འོད་ཀྱི་དཀྱིལ་འཁོར་དུ། །དག་པའི་གཟུགས་བརྙན་གསལ་བར་བྱིན །ཉི་རྡུལ་ཚོགས་པ་ནོར་བུའི་རྩེ་མོར་བརྟན། །བྱང་སེམས་ཟླ་བ་གཙུག་ཏོར་དབུས་སུ་ཉ། །མཐར་དགེ་ཏིང་འཛིན་སྒྲུབ་པས་དབུགས་འགགས་ནས། །ཞུ་བདེ་འགྱུར་མེད་འགྲུབ་པར་བྱིན་གྱིས་བརློབས། །སྦྱང་གཞི་སྐུ་དང་འོད་གསལ་རྡོ་རྗེའི་བཞི། །སྦྱང་བྱ་འཕོ་བ་ཀུན་སྤྱོད་གནས་སྐབས་བཞི། །སྦྱོང་བྱེད་རྣམ་ཐར་དག་པ་དེ་ཉིད་བཞིས། །སྦྱངས་འབྲས་བྱང་ཆུབ་མཁྱེན་བཞི་མངོན་གྱུར་ཤོག །སྲིད་པའི་རྣམ་པ་གཞོམ་མེད་རབ་སད་ནས། །དངོས་དང་དངོས་མེད་གཅིག་གྱུར་མ་ནིང་དངོས། །ཁམས་གསུམ་དབང་ཕྱུག་མཁའ་ཁྱབ་ཟུང་འཇུག་སྐུ། །དུས་ཀྱི་འཁོར་ལོའ་གོ་འཕང་འགྲུབ་གྱུར་ཅིག །ཅེས་པ་འདི་འང་ཡོངས་རྫོགས་བསྟན་པའི་སྒྲོན་མེ་ཐར་རྩེ་མཆོག་སྤྲུལ་རིན་པོ་ ཆེའི་བཀའ་ལྟར་ཡོན་ཏན་རྒྱ་མཚོས་ནག་ཟླའི་གྲལ་ཚེས་བཟང་པོར་གུས་པ་ཆེན་པོས་བྲིས་ ནས་གསོལ་བ་བཏབ་པ་དགེ་ལེགས་འཕེལ།
སྟོན་པ་རྡོ་རྗེ་འཆང་གིས་དང་པོར་དུས་འཁོར་རྩ་རྒྱུད་དང་རྗེས་སུ་བསྡུས་རྒྱུད་གསུངས་པ་ཡིན་མིན་ནི་དཔྱད་དགོས་ཏེ། དུས་གཅིག་ཏུ་གསུངས་པ་ཡིན་ནམ་རིམ་ཅན་དུ་གསུངས་བཤད་དཀའ། དུས་གཅིག་ཉིད་དུ་གསུངས་ན་ཡང་།།དུ་མ་ཉིད་དུ་སོ་སོར་གོ།།ཞེས་པ་ལྟར་སྟོན་པས་དུས་གཅིག་ཏུ་གསུངས་ཀྱང་གདུལ་བྱས་རིམ་ཅན་དུ་གོ་མ་ཆོག་ཅི་ཡོད། མི་ཡི་བདག་པོ་རིགས་ལྡན་པད་མ་དཀར་པོས་བསྡུས་རྒྱུད་ཀྱི་རྒྱས་འགྲེལ་འདི་ཐོག་མར་བྱང་ཕྱོགས་ཀ་ལཱ་པའི་སྐད་དུ་གསུངས་ནས་ཁ་ཆེའི་པཎ་ཊི་ཏ་ཆེན་པོ་སོ་མ་ནཱ་ཐའམ་ཟླ་བ་མགོན་པོ་དང་བོད་ཀྱི་ལོ་ཙཱ་བ་ཆེན་པོ་འབྲོ་ཤེས་རབ་གྲགས་ཀྱིས་ཐོག་མར་བོད་སྐད་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལས། མཁས་པ་ཆེན་པོ་ཞང་སྟོན་མདོ་སྡེ་དཔལ་དང་དགེ་སློང་ཚུལ་ཁྲིམས་དར་གྱིས་དོན་གྱི་ཆ་ལ་དཔྱད་ཅིང་། ལེགས་སྦྱར་གྱི་བརྡ་སྤྲོད་ལ་མཁས་པ་ལོ་ཙཱ་བ་དགེ་སློང་ཤོང་སྟོན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་ཡུལ་དབུས་ཀྱི་རྒྱ་དཔེ་གཉིས་ལ་གཏུགས་ཤིང་ལེགས་པར་བཅོས་ཏེ་གཏན་ལ་ཕབ། སླར་ཡང་དཔལ་དུས་ཀྱི་འཀོར་ལོ་པ་ཆེན་པོ་དྷརྨ་ཀཱིརྟི་ཤྲཱི་བྷ་ཏྲས་བཀས་བསྐུལ་ནས་པཎ་ཊི་ཏ་སྠི་ར་མ་ཏིའི་(བློ་གྲོས་བསྟན་པ)་བཀའ་དྲིན་ལས་ལོ་ཙཱ་བ་ཆེན་པོ་དགེ་སློང་བློ་གྲོས་རྒྱལ་མཚན་དང་། བློ་གྲོས་དཔལ་བཟང་པོས་རྒྱ་དཔེ་མང་པོ་ལ་གཏུགས་ནས་དག་པ་རྣམས་དང་མཐུན་པར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་སྟེ་སྔ་ཕྱི་རིམ་པར་ཚར་གསུམ་ལ་བསྒྱུར་འདུག །
ན་མོ་ཤྲཱི་གུརུཀཱའ་ལ་ཙཀྲ་ཡ།
ༀ་ཨཱཿཧཱུྃ་ཧོཿཧཾ་ཀྵཿ
ༀ་ཨཱཿཧཱུྃ་ཧོཿཧཾ་ཀྵཿ
ༀ་ཨཱཿཧཱུྃ་ཧོཿཧཾ་ཀྵཿ
ༀ་ཨཱཿཧཱུྃ་ཧོཿཧཾ་ཀྵཿམལཝརཡཧྰུངཕཊསྭཧྰ།
ༀ་ཨཱཿཧཱུྃ་ཧོཿཧཾ་ཀྵཿམལཝརཡཧྰུངཕཊསྭཧྰ།
ༀ་ཨཱཿཧཱུྃ་ཧོཿཧཾ་ཀྵཿམལཝརཡཧྰུངཕཊསྭཧྰ།
རྗེ་དགེ་འདུན་གྲུབ་པས། གཏིང་མཐའ་བྲལ་བའི་རྣལ་འབྱོར་ཆུ་གཏེར་ལས།།ལེགས་འོངས་ལུང་རིགས་འོད་ཆགས་མུ་ཏིག་གི།དོ་ཤལ་ཕྱོགས་ཀྱི་བུ་མོའི་མགྲིན་པ་ལ།།འཁྱུད་པའི་རྩེ་དགའ་འོས་པ་འདི་ཉིད་དོ།།ཞེས་རིམ་གཉིས་ཀྱི་རྣལ་འབྱོར་ཟབ་མོ་ལས་འཁྲུངས་བའི་ལུང་དང་རིགས་པས་མཁས་རྣམས་དགའ་བ་སྐྱེད་པར་བྱེད་པ་ལྟར་བླ་མེད་སྤྱིའི་ལུགས་དང་བྱེ་བྲག་དུས་འཁོར་དང་མཐུན་པའི་སེམས་འགྲེལ་སྐོར་གསུམ་དང་བརྟག་གཉིས་ཀྱི་དོན་རྡོ་རྗེ་སྙིང་འགྲེལ་གྱིས་བཀྲལ་བ་དང་། འཁོར་ལོ་སྡོམ་པའི་དོན་ཕྱག་རྡོར་སྟོད་འགྲེལ་གྱིས་བཤད་པ་དང་འདུས་པ་ཕྱི་མའི་དོན་དབང་མདོར་བསྟན་གྱི་འགྲེལ་བ་ནཱ་རོ་བ་ཆེན་པོས་བཤད་པ་སོགས་སྟེ། གཞུང་དེ་དག་གིས་བཤད་པའི་སྦྱང་གཞི་ཕྱི་ནང་གི་རྣམ་བཞག་ཀྱང་དུས་འཁོར་དང་མཐུན་པར་བཤད་ཅིང། སྦྱོང་བྱེད་ཀྱི་སྦྱོར་བ་ཡན་ལག་དྲུག་སོགས་ཀྱང་དུས་འཁོར་ནས་འབྱུང་བ་ཇི་ལྟ་བ་བཞིན་གསུངས་ཏེ། རྒྱས་པར་ནི་དེ་དག་ཉིད་ལས་ཁོང་དུ་ཆུད་པར་བྱའོ།།ཞེས་གསུངས་པ་ལྟར་དུས་འཁོར་རྩ་རྒྱུད་ལ་མཆོག་གི་དང་པོའི་སངས་རྒྱས་ཞེས་གྲགས་པ་དང་གསང་སྔགས་ཀྱི་གཞུང་གཞན་དང་བཤད་སྲོལ་མི་འདྲ་བ་ཡོད་པ་དང་། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལས། ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་བཅོམ་ལྡན་འདས་མངོན་པར་རྫོགས་པའི་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ཐེག་པ་གསུམ་སྟོན་པར་མཛད་དེ། བཅུ་གཉིས་པ་ནག་པ་ཉ་ལ་ཤྲཱི་དྷཱནྱ་ཀ་ཊ་ཀར་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་གསུངས་སོ། །ཞེས་གསུངས་པ་དང་། མཁས་གྲུབ་རྗེའི་རིགས་ལྡན་དྲིས་ལན་དུ། ལོའི་དང་པོར་རབ་བྱུང་། ཟླ་བའི་དང་པོ་ནག་ཟླ། རྒྱུ་སྐར་དང་པོ་ཐ་སྐར། ཞེས་པ་ལྟར་དེའི་དོན་ནི་རྗེ་གུང་ཐང་བས། ལོ་རྒན་དྲུག་ཅུ་རྫོགས་མཐར་གཟའ་སྐར་ཐམས་ཅད་སྟོང་བར་འཇུག་པའི་རི་མོ་ཤར་རྗེས་ངེས་པ་ཐམས་ཅད་ཀྱི་མགོ་རྩོམ་པ་ན་ཡར་ངོ་སྔོན་འགྲོ་ཅན་གྱི་ནག་ཟླ་ནས་ལོ་མགོ་འཛིན་པ་ཞིག་ཀྱང་ཡོད་ལ། དཔྱིད་ཟླ་འབྲིང་པའི་མར་ངོ་ལ་ལུག་ཁྱིམ་གྱི་རི་མོ་ཤར་བའི་ཚེ་མར་ངོ་སྔོན་འགྲོ་ཅན་གྱི་ས་ག་ཟླ་བ་ནས་ལོ་མགོ་འཛིན་དགོས་པས། འདིར་ཕྱི་མ་སྟེ། ཧོར་ཟླ་གསུམ་པའི་ཚེས་བཅུ་དྲུག་ནས་ས་ག་ཟླ་བ་དང་ལོ་མགོ་བཟུང་སྟེ་མཇུག་ཏུ་སྐར་མ་ནག་པས་ཟླ་བ་ཉ་བ་དང་། ནག་ཟླ་དང་། ལོ་རྫོགས་པ་ཡིན་པས་དེའི་དབང་དུ་བྱས་ན་ནག་ཟླ་བཅུ་གཉིས་པ་ཡིན་ཞིང་། དེའི་མཇུག་ཏུ་རྩ་རྒྱུད་ཟླ་བཟང་ལ་གསུངས་པ་ཡིན། ཕྱི་དེ་ལོ་ཞེས་པ་སྤྱི་སྐད་བྱས་ན་ལོ་དེར་གཏོགས་ཀྱི་ནག་ཟླ་ཡིན་ཚེ་ས་གའི་སྔོན་དུ་འགྲོ་ཞིང་ས་གའི་རྗེས་ཀྱི་ནག་ཟླ་ཡིན་ན་ལོ་རྗེས་མའི་ཁུངས་སུ་འགྲོ་སྙམ་པ་འགོག་ཆེད་ཡིན་ནམ་དཔྱད་ལ། སྤྱིར་ནི་ཕྱི་དེ་ལོ་ཕྱི་ལོ་དང་། ཕྱི་དེ་ཉིན་ཕྱི་ཉིན་ལ་འཇུག་པ་གཙོ་ཆེའོ། །འདི་ལ་རང་ཕྱོགས་ཀྱི་ས་ག་ཟླ་བ་མར་ངོ་སྔོན་འགྲོ་ཅན་གྱི་ལོ་མགོ་འཛིན་པས་གཞན་བཤད་ཚུལ་མང་མོད་ཀྱང་མ་སྤྲོས། ཞེས་གསུངས་འདུག་གོ །
དུས་འཁོར་གསུང་ཡུལ་ཀ་ལཱ་པ་སྟེ། ཆ་བསགས་དང་། ཤྲཱི་དྷཱནྱ་ཀ་ཊ་ཀ་སྟེ། དཔལ་ལྡན་འབྲས་སྤུངས་གཉིས་ལ་འབྲེལ་བ་ཅིག་ཡོད་དམ་མེད། གནས་གཅིག་ཡིན་ནམ། སོ་སོར་ཡོད་པ་རེད། ལེགས་བཤད་ལགས་ཀྱི་རང་གི་རང་ལུགས་གང་ཡིན་ནམ།
༡༣༤༽ ཀརྡོ་གཉེར་ཕྱག་པ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༥ གི་ཆུ་ཚོད་ ༡༥ སྐར་མ་ ༡༥
དུས་འཁོར་བསྟན་པ་རྟག་ཏུ་རྒྱས་འགྱུར་ཅིག །
བླ་མ་དུས་ཀྱི་འཁོར་ལོ་ཡིས། །
དབང་རྣམས་རྫོགས་པར་བསྐུར་དུ་གསོལ། །
རིགས་བཞིའི་སྒྲིབ་པ་བྱང་བ་དང་། །
སྐུ་བཞི་ཐོབ་པར་བྱིན་གྱིས་རློབས། །
ཡོངས་གླིང་རིན་པོ་ཆེས།
སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །
སྲིད་གསུམ་སྐྱེ་དང་འཇིག་པ་མེད། །
ཤེས་དང་ཤེས་བྱ་གཅིག་པའི་སྐུ། །
དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །
༸ཡོངས་འཛིན་མཆོག་གིས།
ཨྰ་ལི་ཀ་ལིའི་སྙོམས་འཇུག་དང་། །
ཧྰུང་ཕཊ་ཡི་གེ་སོགས་སྤངས་ཀྱང་། །
འགྱུར་བ་མེད་ལས་འཁྲུངས་པའི་སྐུ། །
དུས་ཀྱི་འཁོར་ལོ་དེ་ལ་འདུད། །
ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །
པྲ་ཕབ་པ་ཡི་རང་བཞིན་ཅན། །
རྣམ་པ་ཀུན་གྱི་མཆོག་ལྡན་མ། །
ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །
སངས་རྒྱས་ཀུན་གྱི་སྐྱེད་མཛད་མ། །
སྐྱེ་བ་དང་ནི་འཇིག་པ་སྤངས། །
ཀུན་དུ་བཟང་པོའི་སྤྱོད་པ་ཅན། །
སྣ་ཚོགས་ཡུམ་དེ་ལ་ཕྱག་འཚལ། །
ངས་ཧྰུང་འདི་ཡི་རྗེས་འཇུག་ངའམ་མ་ཀླད་ཀོར་འདི་ཧྰུ་ཡི་སྟེང་དུ་བརྩེགས་མི་ཤེས་པས་དགོངས་དག་ཞུའོ། །
ཇི་སྐད་དུ།
ཡིད་འོང་འབྲས་བུའི་དབུ་བ་སྟོང་དགོད་པའི། །
རང་གཞན་ལེགས་བྱས་རྒྱ་མཚོར་ཡི་རང་ཞིང་། །
དམན་འབྲིང་མཆོག་གི་གདུལ་བྱའི་མོས་བསམ་བཞིན། །
ཐེག་གསུམ་ཆོས་ཀྱི་གྲུ་ཆར་དབབ་ཏུ་གསོལ། །
ཚུར་མཐོང་སྣང་ངོར་རགས་པ་གཟུགས་ཀྱི་སྐུ། །
བསྐལ་བརྒྱར་མི་ཤིགས་མི་འགྱུར་བརྟན་པར་བཞུགས། །
འདིས་མཚོན་དགེ་ཚོགས་ཟུང་འཇུག་དུས་འཁོར་ལོ། །
གོ་འཕང་མྱུར་དུ་ཐོབ་པའི་རྒྱུ་རུ་སྔོ། །