རྩོམ་པ་པོ། ཧྥའོ་ལོ་ཁོ་ལོ། (Paulo Coelho)
ངམ་རིང་ཡོན་ཏན་རྒྱ་མཚོས་བསྒྱུར།
དང་པོ།
མནའ་སྔ་མོའི་དུས་སྐབས་ཤིག་ལ། མིང་ལ་མ་རི་ཡྰ་ཟེར་བའི་གཞང་ཚོང་མ་ཞིག་ཡོད་པ་རེད། ཁྱུག་ཙམ་སྒུག་རོགས། “མནའ་སྔ་མོའི་དུས་སུ་”ཟེར་བའི་ཚིག་འབྲུ་འདི་དག་ནི་བྱིས་པའི་སྒྲུང་དེབ་གྲགས་ཅན་རྣམས་ཀྱི་སྒྲུང་འགོ་འཛུགས་བྱེད་སྟངས་ཤིག་ཡིན་པ་དང་། “གཞང་ཚོང་མ་”ཟེར་བའི་ཚིག་འབྲུ་དེ་ནི་ན་ལོན་དར་མ་རྣམས་ཀྱིས་སྤྱོད་བྱེད་ཀྱི་ཚིག་འབྲུ་ཞིག་ཡིན། དེས་ན། ངས་ཕན་ཚུན་འགལ་ཟླར་གྱུར་བའི་ཚིག་འབྲུ་དེ་དག་མཉམ་དུ་སྤྱད་དེ་སྒྲུང་དེབ་ཞིག་ཇི་ལྟར་འབྲི་དགོས་མིན་ནི་དྲི་རྟགས་ཤིག་རེད། འོན་ཀྱང་། ང་ཚོའི་འཚོ་བའི་རྐང་པ་གཅིག་ནི། ལྷ་སྒྲུང་དང་། གཅིག་ཤོས་ནི་དམྱལ་ཁམས་ནང་འཐིམས་ཡོད་སྟབས། “མནའ་སྔ་མོའི་དུས་སུ་”ཟེར་བའི་ཚིག་འབྲུ་དང་། “གཞང་ཚོང་མ་”ཟེར་བའི་ཚིག་འབྲུ་འདི་གཉིས་ཀྱང་མཉམ་དུ་སྤྱད་དེ་སྒྲུང་དེབ་ཞིག་རྩོམ་པར་བྱའོ།
གནའ་སྔ་མོའི་དུས་སྐབས་ཤིག་ལ། མིང་ལ་མ་རི་ཡྰ་ཟེར་བའི་གཞང་ཚོང་མ་ཞིག་ཡོད་པ་རེད། གཞང་ཚོང་མ་གཞན་རྣམས་དང་འདྲ་བར། ཁོ་མོ་སྐྱེས་སྐབས་སེམས་ཁམས་ལ་ལྷད་མེད་ཅིང་། མོ་མཚན་ཡང་ཤ་གསར་ཡིན་པ་དང་། རིམ་པས་ལང་ཚོའི་ལོ་འདབ་རྒྱས་ཏེ། ཁོ་མོའི་སེམས་སུ་མི་ཚེའི་ནང་རང་ཉིད་ཀྱི་ཚེ་གང་གི་གཏན་གྲོགས་(འབྱོར་ཕྱུག་ལྡན་པ། རྣམ་པ་ལེགས་པ། རྣམ་དཔྱོད་ལྡན་པ།) ཞིག་དང་འཕྲད་པ། དེ་ནས་གཉེན་སྒྲིག་བྱེད་པ། (གཉེན་སྒྲིག་གི་གྱོན་ཆས་གྱོན་ནས) ཕྲུག་གུ་གཉིས་ཙམ་སྐྱེ་བ།(ཕྲུག་གུ་དེ་དག་མཚར་ལོངས་བྱུང་མཚམས་གྲགས་ཅན་ཆགས་པ) ཡིད་དུ་འོང་བའི་ཁང་བཟང་ཞིག་ཏུ་སྡོད་རྒྱུའི་རྨི་ལམ་བཏང་མྱོང་ཡོད།
ཁོ་མོའི་པ་ལགས་ནི། ཕྱི་སྐྱོད་ཚོང་གཉེར་ཆུང་ཚགས་བྱེད་མཁན་ཞིག་དང་། ཁོ་མོའི་ཨ་མ་ལགས་ནི། ཚེམ་བཟོ་བ་ཡིན། བྷི་རི་ཛི་(Brazil) རྒྱལ་ཁབ་གྱི་དབུས་ཕྱོགས་སུ་གནས་པའི་ཁོ་མོ་སྐྱེ་ཡུལ་གྱི་གྲོང་ཚོ་དེར། གློག་བརྙན་ཁང་དང་། མཚན་ཚོགས་ཁང་།་དངུལ་ཁང་བཅས་གཅིག་རེ་ཁོ་ན་ལས་ལས་མེད་སྟབས། མ་རི་ཡྰ་ཡིས་ཉི་ལྟར་རེ་སྨོན་བྱེད་པ་ནི། ཉིན་ཞིག་སྔོན་བརྡ་གང་ཡང་མེད་པའི་ཐོག་ནས། རང་ཉིད་ཀྱི་སེམས་ནང་གི་རྒྱལ་སྲས་དེ་གྲོང་ཚོ་དེར་འབྱོར་སྟེ། ཁོ་མོ་གྲོང་ཚོ་དེ་ནས་འཁྲིད་དེ། ཁོ་གཉིས་ཐུན་མོང་ཐོག་འཛམ་གླིང་ལ་མངའ་དབང་བསྒྱུར་རྒྱུ་དེ་རེད།
ཁོ་མོས་རང་ཉིད་ཀྱི་རྒྱལ་སྲས་དེ་ཕེབས་སྒུག་བྱེད་པའི་སྐབས། ཁོ་མོས་བྱེད་ཐུབ་པ་ནི་རྨི་ལམ་རྨིས་རྒྱུ་དེ་ཙམ་ཡིན། ཁོ་མོ་ཆེས་ཐོག་མར་བརྩེ་དུང་གི་དྲ་བར་ཚུད་དུས་ནི། ཁོ་མོ་རང་ལོ་བཅུ་གཅིག་པའི་སྐབས་སྟེ། རང་ཁྱིམ་ནས་སློབ་གྲར་འགྲོ་བའི་དུས་སྐབས་དེར་ཡིན། སློབ་དུས་གཅིག་གི་ཉིན་ཐོག་མ་དེར། ཁོ་མོས་རང་ཁྱིམ་ནས་སློབ་གྲར་སྐྱོད་མཁན་རང་ཉིད་གཅིག་པོ་མིན་པར། ཁོ་མོ་དང་དུས་ཚོད་གཅིག་པར་སློབ་གྲར་སྐྱོད་མཁན་ཁྱིམ་མཚེས་ཀྱི་བུ་གཅིག་ཀྱང་ཡོད་པ་ཤེས་རྟོགས་ཐུབ་ཡོད། ཁོ་གཉིས་ཁྱིམ་ནས་སློབ་གྲའི་ལམ་བར་མཉམ་དུ་སྐྱོད་སྐབས་ཕན་ཚུན་སྐད་ཆ་ཚིག་གཅིག་ཀྱང་ཤོད་མྱོང་མེད།
འོན་ཀྱང་། དུས་ཚོད་རིམ་བཞིན་འདས་པ་དང་སྦྲགས། མ་རི་ཡྰ་ཡི་སེམས་སུ་ཉིན་གཅིག་གི་དུས་ཚོད་ཡག་ཤོས་ནི། ཐལ་རྡུལ་དང་། ཁ་སྐོམ་པ། ངལ་དུབ་སོགས་ཀྱི་ཁྲོད། ཉི་འོད་འཕྲོ་བའི་དུས་སྐབས་སུ་བུ་དེ་གོམ་བགྲོད་མགྱོགས་པོར་སྐྱོད་པ་དང་དུས་མཚུངས་སུ་ཁོ་མོས་ཀྱང་རང་ནུས་ཡོད་རྒུར་བརྟེན་ནས་ཁོ་པའི་རྗེས་ཟིན་པར་སློབ་གྲའི་ལམ་དུ་སྐྱོད་པའི་དུས་ཚོད་དེ་ཡིན་པ་རྟོགས།
དེ་ལྟ་བུའི་དུས་ཚོད་ནི་ཟླ་བ་རིམ་མཐུད་དུ་འདས་པ་དང་། སློབ་སྦྱོང་བྱ་རྒྱུར་དགའ་ཞེན་མེད་ཅིང་། གཟུགས་མཐོང་བརྙན་འཕྲིན་རྣམ་གཡེངས་བྱེད་རྒྱུར་དགའ་བའི་བུ་མོ་མ་རི་ཡྰ་ཡིས་ཉོབ་སྣང་ཆེ་བའི་སློབ་དུས་རྫོགས་ཏེ། ལམ་བར་བུ་དེ་དང་མཉམ་དུ་སྐྱོད་པའི་དུས་ཚོད་དེ་གང་མགྱོགས་ཤར་བའི་རེ་བ་རྒྱག་གི་ཡོད། ཁོ་མོ་དང་ན་ཚོད་མཉམ་པའི་བུ་མོ་གཞན་དང་མི་འདྲ་བར། མ་རི་ཡྰ་ཡི་སེམས་སུ་གཟའ་མཇུག་གི་སྐབས་སུ་ཧ་ཅང་གི་ཉོབ་སྣང་ཆེ་བའི་ཚོར་བ་ཞིག་ཡོང་གི་ཡོད།
ཕྲུ་གུ་ཞིག་གི་ངོས་ནས་བརྗོད་ན། དེ་ལྟ་བུའི་དུས་ཚོད་འཁྱོལ་རྒྱུ་ནི་དར་མ་ཞིག་ལས་ཁག་པ་ཡོང་གི་ཡོད་པས་ཁོ་མོའི་སེམས་སུ་ངལ་དུབ་ཧ་ཅང་ཆེན་པོ་བྱུང་ཡོད། གང་ཡིན་ཟེར་ན། དེ་ལྟ་བུའི་ཉི་མ་འཁྱོལ་རྒྱུ་ནི་ཧ་ཅང་གི་དཀའ་བ་དང་། རང་ཉིད་ཀྱི་བློ་ལ་བབ་པའི་བུ་དེའི་མཉམ་དུ་སློབ་གྲའི་ལམ་བར་སྐར་མ་བཅུ་ལས་གཤིབ་རྒྱུའི་དུས་ཚོད་ལས་མེད་པ་དང་། དེ་མིན་ཆུ་ཚོད་སྟོང་ཕྲག་མང་པོ་ཞིག་ཁོ་མོས་རང་ཉིད་ཀྱི་ཡིད་དབང་འཕྲོག་པའི་བུ་དེ་ཡིད་ལ་འཁོར་ནས་སྡོད་དགོས་པ་དང་། ཁོ་པར་སྐད་ཆ་ཤོད་རྒྱུ་བྱུང་ན་ཅི་མ་རུང་སྙམ་པའི་སྟོང་བསམ་གྱི་གླིང་དུ་ཚུད་ནས་སྡོད་དགོས་ཀྱི་ཡོད།
དེ་ནས་ཉིན་ཞིག་མ་རི་ཡྰ་ཞོགས་པ་སློབ་གྲར་སྐྱོད་བཞིན་པའི་སྐབས་སུ། ཁོ་མོའི་ཡིད་དབང་འཕྲོག་པའི་བུ་དེ་ཁོ་མོའི་ཁྲིས་སུ་ཞ་སྨྱུག་གཡར་བར་ཡོང་པ་རེད། ཁོ་མོས་བུ་དེའི་རེ་འདུན་ལ་ཡ་ལན་མ་སློག་པ་མ་ཟད། ཁོ་མོའི་སེམས་སུ་གྲ་སྒྲིག་མེད་བཞིན་པའི་སྐབས་དེར་ཁོ་པ་ཁོ་མོའི་ཁྲིས་སུ་ཡོངས་པ་དེར་ཁོང་ཁྲོ་ཏོག་ཙམ་ལངས་ཏེ། ཁོ་མོས་གོམས་བགྲོས་མགྱོགས་སུ་བཏང་ནས་ཕྱིན་པ་རེད། ཁོ་མོས་བུ་དེ་རང་ཉིད་ཀྱི་ཕྱོགས་སུ་ཡོང་བ་མཐོང་སྐབས། ཁོ་མོའི་སེམས་སུ་ཁོ་པས་རང་ཉིད་བུ་དེར་ཧ་ཅང་དགའ་པོ་ཡོད་པ་དང་། ཁོ་པར་རེ་སྒུག་ཅི་ཙམ་བྱེད་ཀྱི་ཡོད་པ། བུ་དེ་དང་ལག་རྡང་སྦྲེལ་སྟེ། སློབ་གྲའི་རྒྱལ་སྒོ་རྣམས་དང་བརྒལ་སྟེ། སྐྱེ་བོ་ཚོས་གྲོང་ཁྱེར་ཆེན་པོ་ཞིག་དང་། གློག་བརྙན་འཁྲབ་མཁན། རླངས་འཁོར། གློག་བརྙན་ཁང་སོགས་མང་པོ་དང་། རྫོགས་མཐའ་མེད་པའི་སྤྲོ་སྣང་སྤྱོད་ཡུལ་ཡོད་པར་བརྗོད་པའི་ས་དེར་མུ་མཐུད་བུ་དེ་དང་མདུན་སྐྱོད་བྱ་འདུན་ཅི་ཙམ་ཡོད་པ་རྣམས་ཁོ་པས་ཤེས་པར་དོགས་ཏེ། འཇིགས་སྣང་བྱུང་ཡོད།
ཉིན་དེར་ཁོ་མོས་བུ་དེར་རྣམ་འགྱུར་ངན་པ་བསྟན་པ་དེར་འགྱོད་པ་སྐྱེས་ཏེ། ཁོ་མོས་དེ་ཉིན་སློབ་གྲའི་ནང་སློབ་ཚན་ལ་དོ་སྣང་སྤྲད་ཐུབ་མེད། དེ་དང་དུས་མཚུངས་ཁོ་མོའི་སེམས་པ་ཅུང་ལྷོད་ལའང་བབ་ཡོད། དེའི་རྒྱུ་མཚན་ནི། ཁོ་མོས་རང་ཉིད་དགའ་ཡུལ་གྱི་བུ་དེས་ཁོ་མོར་དོ་སྣང་སྤྲོད་ཀྱི་ཡོད་ལུགས་དང་། བུ་དེས་ཁོ་མོར་ཞ་སྨྱུག་གཡར་དགོས་ལུགས་བཤད་པ་དེ་ནི་ཁོ་མོར་གླེང་མོལ་བྱ་ཆེད། ཁ་གཡར་ས་ཙམ་ཡིན་པ་ཁོ་མོས་ཤེས་པ་རེད། གང་ཡིན་ཟེར་ན། བུ་དེས་ཁོ་མོར་ཞ་སྨྱུག་གཡར་དགོས་ལུགས་བཤད་པའི་སྐབས་སུ། ཁོ་མོས་བུ་དེའི་ཁུག་མིའི་ནང་སྨྱུག་གུ་ཞིག་ཡོད་པ་དོ་སྣང་བྱུང་ཡོད། དེ་ནས་ཁོ་མོས་བུ་དེ་སླར་ཡང་ཐུག་རྒྱུའི་གོ་སྐབས་རྗེས་མ་དེར་རེ་སྒུག་བྱས་པ་རེད། རེ་སྒུག་དེ་ནི་དེ་ཉིན་གྱི་མཚན་གྱི་དུས་སྐབས་དང་། མཚན་མཇུག་རིམ་པར་བྱས་ཤིང་། རེ་སྒུག་བྱེད་པའི་བརྒྱུད་རིམ་ཁྲོད་ཁོ་མོས་བུ་དེ་ཡང་སྐྱར་ཐུག་སྐབས་སྐད་ཆ་ཅི་འདྲ་ཞིག་ཤོད་དགོས་མིན་ཐད། རྫོགས་མཐའ་མེད་པའི་གཏམ་རྒྱུད་ཤིག་འགོ་འཛུགས་བྱ་རྒྱུར་འོས་འཚམས་ཤིག་མ་རག་བར། བསམ་གཞིགས་སྐྱར་ལྡབ་ཡང་ལྡབ་བྱས་པ་རེད།
འོན་ཀྱང་། ཁོ་མོར་བུ་དེར་སྐད་ཆ་ཤོད་རྒྱུའི་གོ་སྐབས་རྗེས་མ་དེ་རགས་མེད། སྤྱིར་ཁོ་གཉིས་སྔོན་ལྟར་ལམ་བུ་གཅིག་གི་སྟེང་དུ་སློབ་གྲར་སྐྱོད་ཀྱི་ཡོད་ཀྱང་མ་རི་ཡྰ་ཡིས་ལག་གཡས་སུ་ཞ་སྨྱུག་ཞིག་ཁྱེར་སྟེ། སྐབས་རེ་བུ་དེའི་མདུན་ཙམ་ལ་སྐྱོད་པ་དང་། ཡང་མཚམས་རེ་ཁོ་མོས་བུ་དེར་ཡག་པོ་བལྟ་ཆེད་དུ་ཁོའི་རྗེས་ཙམ་དེར་སློབ་གྲར་སྐྱོད་ཀྱི་ཡོད། འོན་ཀྱང་། བུ་དེས་ཁོ་མོར་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་སྟབས། ལོ་དེའི་སློབ་དུས་མཇུག་མ་བསྒྲིལ་བར་ཁོ་མོས་རང་ཉིད་ཀྱི་བརྩེ་དུང་དང་བསྡུག་བསྡལ་རྣམས་ཁུ་བསིམ་མེར་སེམས་སུ་ཉར་སྟེ་འདོད་བློ་འཚིམ་པར་བྱེད་དགོས་བྱུང་ཡོད།
དེ་རྗེས་རྫོགས་མཐའ་མེད་པའི་སློབ་གྲའི་གུང་སེང་སྐབས་ཀྱི་ཞོགས་པ་ཞིག་ལ། ཁོ་མོ་གཉིད་ལས་སད་སྐབས་སུ། ཁོ་མོས་རང་ཉིད་ཀྱི་བརླ་ཤ་ནས་ཁྲག་མཐོན་པ་ཤེས་པས་ཁོ་མོའི་སེམས་སུ་རང་ཉིད་འཆི་བའི་ལམ་དུ་འགྲོ་རྒྱུ་རེད་བསམ་པ་རེད། དེར་བརྟེན་ཁོ་མོས་རང་ཉིད་ཀྱི་ཡིད་དབང་འཕྲོགས་པའི་བུ་དེར་བརྩེ་འཕྲིན་ཞིག་བཞག་སྟེ། ཁོ་པ་རང་ཉིད་ཀྱི་སེམས་ནང་གི་བརྩེ་གྲོགས་དེ་ཡིན་ལུགས་བྲིས་ཏེ། རང་ཉིད་ནགས་ཁྲོད་དུ་འགྲོ་རྒྱུའི་ཐག་བཅད་པ་རེད། ཁོ་མོ་ནགས་ཁྲོད་དུ་ཕྱིན་ཚེ། གྲོང་ཚོའི་མི་རྣམས་ཆེས་འཇིགས་སྣང་བྱེད་ཡུལ་གྱི་སྲིན་པོ་གཉིས་ཏེ་མི་མ་སྤྱང་དང་། དྲེའུའི་གཟུགས་སུ་བསྒྱུར་ཟིན་པའི་ཡེ་ཤུའི་བཙུན་པའི་ཟུར་མོ་ཡིན་པར་གྲགས་པ་དེ་མཚན་མོར་ནགས་ཚལ་ཁྲོད་ཡོངས་སྟེ། ཁོ་མོ་གསོད་ངེས་པ་ནི་བརྗོད་མི་དགོས་པ་ཞིག་རེད། ཁོ་མོའི་སེམས་སུ་ཐབས་ལམ་དེ་དག་སྤྱད་ཚེ། ཁོ་མོའི་ཕ་མ་གཉིས་ཁོ་མོ་ཤི་བར་དེ་ཙམ་ཐུགས་ཕྲལ་གནང་ངེས་མིན་པ་ཚོད་དཔག་བྱས་ཡོད།
གང་ཡིན་ཟེར་ན། འབྱོར་འཁོས་ཞན་པའི་སྐྱེ་བོ་རྣམས་རྒྱུན་ཏུ་རྐྱེན་ངན་བར་ཆད་ཀྱིས་གཙེས་ཀྱང་། ཁོང་ཚོའི་སེམས་ནི་ག་དུས་ཡིན་རུང་། རེ་བས་འཁེངས་པ་ཞིག་་ཞིག་ཡིན་སྟབས། ཁོ་མོའི་ཕ་གཉིས་ཀྱིས་ཀྱང་ཁོ་མོ་བོར་བརླགས་སུ་གྱུར་བའི་ཉི་མ་དེར། ཁོ་མོ་ནི་ཕྲུག་གུ་མེད་པའི་འབྱོར་ལྡན་ཁྱིམ་བདག་ཞིག་གིས་བཙན་འཁྲིད་བྱས་ཤིང་། ཉིན་ཞིག་ཁོ་མོ་འབྱོར་བ་རྒྱས་ཅིང་མཚན་སྙན་ལྡན་པའི་སྒོ་ནས་ཁོང་ཚོའི་ཁྲིས་སུ་ཕྱིར་ལོག་བྱ་རྒྱུར་རེ་བ་གནང་ངེས་ཡིན་པ་དང་། དེ་བས་ཁོ་མོའི་ཡིད་དབང་འཕྲོག་པའི་བུ་དེ་ནི། ཁོ་མོ་མེད་པའི་ཉི་མ་དེ་
ནས་བཟུང་། རང་ཉིད་ཀྱིས་དེ་སྔོན་ཁོ་མོར་སྐད་ཆ་ཐེངས་གཅིག་ལས་མ་བཤད་པའི་བྱ་སྤྱོད་དེར་འགྱོད་པ་སྐྱེས་ཏེ། ཁོ་མོ་ནམ་ཡང་བརྗེད་མི་སྲིད་ལུགས་ཁོ་མོའི་ཡིད་ལ་ཤར་བ་རེད།
འོན་ཀྱང་། ཁོ་མོས་ཡིག་གེ་དེ་འབྲི་ཐུབ་མེད། གང་ཡིན་ཟེར་ན། ཁོ་མོས་ཡིག་གེ་དེ་འབྲི་རྒྱུར་བསམ་གཞིགས་བྱེད་པའི་སྐབས་སུ། ཁོ་མོའི་ཨ་མ་ལགས་ཁོ་མོའི་ཉལ་ཁང་དུ་ཕེབས་ཏེ། ཁོང་གིས་ཁོ་མོའི་བརླ་ཤ་ནས་མཐོན་པའི་ཁྲག་ཐིག་པ་ཁོ་མོའི་ཉལ་གདན་གྱི་ཁ་ཁེབས་སྟེང་གོས་ཡོད་པ་གཟིགས་སྐབས། ཁོང་གིས་ཞལ་ནས་འཛུམ་མདངས་འཕྱུར་བཞིན་དུ་ཁོ་མོར། “ད་ཁྱེད་རང་སྨན་ཤར་ཆགས་ཚར་བ་རེད།” བཅས་གསུངས་པར། མ་རི་ཡྰ་ཡིས་རང་ཉིད་ཀྱི་ཨ་མ་ལགས་ཀྱིས་གསུངས་པའི་སྐད་ཆའི་གོ་དོན་མ་རྟོགས་པར། ཡང་སྙིང་རང་ཉིད་ཀྱི་བརླ་ཤ་ནས་ཁྲག་ཐོན་པ་དང་། རང་ཉིད་སྨན་ཤར་ཆགས་པ་གཉིས་བར་ལ་འབྲེལ་བ་ག་རེ་ཡོད་དམ་སྙམ་ཡོད།
གང་ལྟར་ཁོ་མོའི་ཨ་མ་ལགས་ཀྱིས་ཁོ་མོར་འདོད་བློ་ཁེངས་པའི་འགྲེལ་བཤད་གཅིག་སྐྱོན་ཐུབ་མེད་པ་རེད། དེ་བས་ཁོང་གིས་ཁོ་མོར་བརླ་ཤ་ནས་ཁྲག་ཐོན་པ་དེ་ནི་རྒྱུན་གཏན་ཡིན་སྟབས། མ་འོངས་པར་ཁོ་མོས་ཟླ་བ་གཅིག་གི་ནང་ཉིན་བཞི་ལྔ་རིང་།རང་ཉིད་ཀྱི་བརླ་ཤའི་བར་ཨ་ལད་པད་ཀོར་གྱི་རྔས་འདྲ་བའི་རས་སོབ་ཤིག་གྱོན་དགོས་ལུགས་སློབ་སྟོན་གནང་པ་རེད། སྐབས་དེར་མ་རི་ཡྰ་ཡིས་ཨ་མ་ལགས་སུ། ཡང་སྙིང་སྐྱེས་པ་ཚོས་རང་ཉིད་ཀྱི་ཁྲག་གོས་ཐུང་སྟེང་མི་ཁྱབ་པའི་ཆེད་དུ་སྦུབ་གུ་ཞིག་གྱོན་གྱི་ཡོད་མིན་བཀའ་དྲི་ཞུས་པར་ཁོ་མོའི་ཨ་མ་ལགས་ཀྱིས། བརླ་ཤའི་བར་ནས་ནས་ཁྲག་མཐོན་པ་དེ་ནི་བུད་མེད་ཁོ་ནར་མ་གཏོགས་སྐྱེས་པའི་བརླའི་བར་ནས་ཁྲག་མཐོན་གྱི་མེད་ལུགས་གསུངས་པ་རེད།
མ་རི་ཡྰ་ཡིས་གནས་ལུགས་དེ་ཤེས་སྐབས་སུ། ཁོ་མོས་དཀོན་མཆོག་ལ་དྲང་བདེན་མིན་པའི་གནང་ཕྱོགས་དེར་འཁང་ར་ཡང་བྱས་པ་རེད། གང་ལྟར། དུས་དེ་ནས་བཟུང་། ཁོ་མོ་རང་ཉིད་ཀྱི་མཚན་མ་ནས་ཟླ་མཚན་བབ་པའི་གནད་དོན་དེར་གོམས་ལོབས་སུ་གྱུར་ཡོད། འོན་ཀྱང་། ཁོ་མོ་ནམ་ཡང་གོམས་ལོབས་སུ་འགྲོ་ཁག་པའི་གནད་དོན་ནི། རང་ཉིད་ཀྱི་ཁྲིས་སུ་དགའ་བའི་བུ་དེ་མེད་པའི་འཚོ་བ་དེ་རེད་ལ། ཁོ་མོས་དེ་སྔོན་རང་ཉིད་ཀྱིས་ཡིད་ལ་ཧ་ཅང་འདོད་པའི་བུ་དེ་ལས་གཡོལ་ཐབས་བྱས་པའི་ལྐུག་རྟགས་ཅན་གྱི་བྱ་སྤྱོད་དེར་
འཁང་ར་ཡང་བྱས་པ་རེད། སློབ་དུས་གསར་པ་འགོ་འཛུགས་མ་བྱས་གོང་གི་ཉིན་དེར། ཁོ་མོ་གྲོང་ཚོ་དེར་ལྷ་ཁང་གཅིག་རང་ཡོད་པ་དེར་བསྐྱོད་དེ། ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་བཙུན་པ། ཨན་ཏོ་ནི་ཡི་སྐུ་འདྲའི་སྐུ་མདུན་དུ། ཁོ་མོས་རང་ཉིད་ཀྱི་དགའ་བའི་བུ་དེར་སྐད་ཆ་ཤོད་རྒྱུའི་དམ་བཅའ་བཞག་པ་རེད། ཁོ་མོས་ཉོབ་སྣང་ཆེ་བའི་གུང་སེང་དེ་མཇུག་རྫོགས་པར་དཀོན་མཆོག་ལ་ཐུགས་རྗེ་ལེགས་གསོལ་ཞུ་བཞིན་སློབས་གྲར་བསྐྱོད་པ་རེད།
འོན་ཀྱང་། བློ་ཕམ་པ་ཞིག་ལ། ཁོ་མོའི་ཡིད་དབང་འཕྲོག་པའི་བུ་དེ་དེ་ཉིན་སློབ་གྲ་དེར་འབྱོར་མེད། ཁོ་མོས་ཡིད་སྐྱོ་བའི་དུས་ཡུན་བདུན་ཕྲག་གཅིག་ཙམ་བསྐྱལ་རྗེས། ཁོ་མོས་སློབ་གྲོགས་ཀྱི་ཁྲོད་ནས། རང་ཉིད་ཀྱི་དགའ་བའི་བུ་དེ་གྲོང་ཚོ་དེ་ནས་ཕྱོགས་གཞན་ལ་མཐོན་ཟིན་པ་ཤེས་རྟོགས་བྱུང་ཡོད། དེ་ཡང་ཁོ་མོའི་སློབ་གྲོགས་གཅིག་གིས་”ཁོ་ཐག་རིང་གི་ས་ཆ་གཞན་ཞིག་ལ་ཕྱིན་པ་རེད་”བཅས་བཤད་པ་རེད། སྐབས་དེར་ཁོ་མོས་བྱ་དངོས་འགའ་ཞིག་ནི་རང་ཉིད་ཀྱི་ཁྲོད་ནས་ཤོར་ངེས་པའི་གནས་ལུགས་དེ་རྟོགས་པ་རེད། དེ་ཙམ་དུ་མ་ཟད། ཁོ་མོས་”ཐག་རིང་གི་ས་ཆ་གཞན་ཞིག་”ཟེར་བའི་ས་ཆ་ཞིག་ཀྱང་ཡོད་པ་དང་། འཇིག་རྟེན་ནི་གཞི་ཁྱོན་ཆེ་བ་དང་། རང་ཉིད་ཀྱི་གྲོང་ཚོ་ནི་ཧ་ཅང་ཆུང་ཆུང་ཡིན་པ། མཐར་རང་ཉིད་ཀྱི་ཡིད་ལ་འཐད་པའི་སྐྱེ་བོ་རྣམས་ནི་གྲོང་ཚོ་དེ་ནས་མཐོན་གྱི་ཡོད་པའི་གནས་ལུགས་དེ་ཡང་རྟོགས་པ་རེད། ཁོ་མོ་ཡང་གྲོང་ཚོ་དེ་ནས་མཐོན་རྒྱུའི་འདུན་པ་ཡོད་རུང་། ཁོ་མོ་ད་དུང་ལོ་ན་ཆུང་ཆུང་ཡིན། གང་ལྟར་དེ་ཉིན་ཁོ་མོས་རང་ཉིད་སྡོད་ཡུལ་གྱི་གྲོང་ཚོའི་ཐལ་རྡུལ་མང་བའི་སྲང་ལམ་རྣམས་ལ་བལྟ་བཞིན་དུ། ཉིན་ཞིག་རང་ཉིད་ཀྱང་བུ་དེའི་རྐང་རྗེས་སུ་སྙེགས་ནས་འགྲོ་རྒྱུའི་སེམས་ཐག་བཅད་པ་རེད།
ཉིན་དགུ་འདས་རྗེས་ཀྱི་རེས་གཟའ་པ་སངས་ཉིན། ཁོ་མོ་ཆོས་ལུགས་ཀྱི་ལུགས་སྲོལ་ལྟར། ཁོ་མོ་ཡེ་ཤུའི་ཆོས་ཁོངས་སུ་ཞུགས་པ་དང་། ཡེ་ཤུའི་སྟོན་པའི་མ་ཡུམ་ལ་ཁོ་མོ་རང་ཉིད་གནས་དེ་ནས་ཕྱི་ཕྱོགས་སུ་འཁྲིད་གནང་མཛད་རྒྱུའི་སྨོན་ལམ་རྒྱབ་པ་རེད། ཁོ་མོའི་ཡིད་སེམས་འཕྲོགས་པའི་བུ་དེ་ཕྱི་ལོགས་སུ་ཕྱིན་པ་ནས་བཟུང་རེ་ཞིག་རིང་། ཁོ་མོའི་ཡིད་སེམས་བསྡུག་བསྔལ་གྱིས་གཙེས་པ་དང་། ཁོ་མོས་ཁོ་པ་ས་ཆ་གང་ཞིག་ཏུ་ཕྱིན་མིན་རྩད་འཚོལ་བྱས་ཀྱང་། མི་སུ་ཞིག་གིས་ཀྱང་། ཁོ་པའི་ནང་མི་རྣམས་ས་ཆ་གང་དུ་གནས་སྤོ་བྱས་མིན་ཤེས་ཀྱི་མེད་པ་རེད།
སྐབས་དེར་མ་རི་ཡྰ་ཡི་སེམས་སུ། འཇིག་རྟེན་འདི་ནི་ཧ་ཅང་གི་གཞི་ཁྱོན་ཆེ་དྲག་པ་དང་།བརྩེ་དུང་ནི་འཇིག་སྣང་ཅན་ཞིག་ཡིན་པ། ཡེ་ཤུའི་སྟོན་པའི་མ་ཡུམ་ཐག་རིང་གི་ལྷ་ཡུལ་དུ་བཞུགས་ཡོད་སྟབས། ཕྲུག་གུའི་སྨོན་ལམ་ལ་གསན་འཇོག་གནང་གི་མེད་པ་ལྟ་བུའི་ཚོར་སྣང་ཞིག་བྱུང་པ་རེད།
་་་་་་་་་་་མུ་འགོད།
གནའ་སྔ་མོ་་་་་་་་་་་་་
མ་གཞི་འཚོ་བ་དང་མི་སེམས་ཀྱི་བར་ཐག་ནི་རེ་དོགས་དང་ཐེ་ཚོམ་ཡིད་ཆད་སོགས་ཀྱིས་སྦྲེལ་ནས་ཡོད་པས། མི་ནི་དེ་དག་གི་མདུན་ནས་ནམ་ཡང་རྨོངས་བློ་དང་བྱིས་བློ་འཇིགས་སྣང་ཁོ་ནས་འཚོ་དགོས་པ་ཞིག་རེད། ཤ་སི་ཕེ་ཡུར་གྱི་རྒྱལ་སྲས་ཧམ་ལེ་ཐི་བཀླགས་ན་ཡང་འདི་ལྟ་བུའི་རེ་དོགས་དང་ཐེ་ཚོམས་ཐབས་ཟད། མི་ནི་ནམ་ཡང་རང་ཉིད་རང་ལ་རང་བློ་ལྐོག་ཏུ་གྱུར་བ་ལྟ་བུའི་གནས་ལུགས་དམར་ཧྲེང་ངེ་བ་ཞིག་མངོན་ཡོང་།
མུ་མཐུད་བཀླག་ངེས་ཡིན། ཐུགས་རྗེ་ཆེ།
རྩོམ་པ་པོ་འདི་ནི་སྐད་གྲགས་ཤིན་ཏུ་ཆེ་བ་ཞིག་ཡིན་པ་དང་།
ཁོང་གི་སྒྲུང་རྩོམ་སྐད་གྲགས་ཆེ་ཤོས་ཤིག་ནི་The Alchemist ཞེས་པ་དེ་ཡིན་པ་དང་། དེ་ནི་ད་ཕན་འཛམ་གླིང་ཐོག་གི་སྐད་ཡིག་མི་འདྲ་བ་དུ་མའི་ནང་བསྒྱུར་ཡོད།
ད་ལམ་ཡོན་ཏན་ལགས་ཀྱིས་ཁོང་གི་བརྩམས་ཆོས་ཤིག་བོད་སྒྱུར་གནང་བར་དགའ་པོ་བྱུང་།
ཐུགས་རྗེ་ཆེ་སྙན་པོ་བྱུང་
༼བརླ་ཤ་ནས་ཁྲག་ཐོན་པ།༽ངོ་མ་ཡ་མཚན་རེད། མ་རྩོམ་ན་ཚིག་ཕྲད་འདི་ཏག་ཏག་ཅིག་ཡོད་མིན་ཐེ་ཚོམ་རེད།
འདི་ན་ཉོག་སྒྱུར་ཞིག་ཡོད།
http://www.khabdha.org/?p=57604#comments
འདིར་ཕེབས་དྲ་གྲོགས་རྣམས་ལ་མཚམས་འདྲི་ཞུ། དགོངས་འཆར་གསུངས་མཁན་དང་སྐྱོན་བརྗོད་གནང་མཁན་ཚར་ཐུགས་རྗེ་ཆེ། ཕྲན་རང་ཉིད་ཀྱི་ཡོན་ཚད་ཞན་པའི་དབང་གིས་བསྒྱུར་རྩོམ་གྱི་སྤུས་ཚད་ལོན་མིན་མི་ཤེས། འོན་ཀྱང་། ནམ་ཀུན་བསྒྱུར་རྩོམ་གྱི་ལས་གཞི་ལ་དགའ་པོ་ཡོད་སྟབས་དུས་ཚོད་ནམ་བྱུང་ལ་དེའི་ཕྱོགས་སུ་འབད་བཞིན་ཡོད།
གོང་དཀར་ངག་རྣམ་ལགས། ལོ་གཅིག་ཙམ་གོང་ལ། གུས་པས་THE་ALCHEST་ཅེས་པའི་ཁོང་གི་རྩོམ་ཡིག་དེ་ཆ་ཚང་བསྒྱུར་ཟིན་སྟེ། དཔར་བསྐྲུན་བྱ་རྒྱུའི་འབད་བརྩོན་བྱས་པ་ཡིན། འོན་ཀྱང་། རྩོམ་པ་པོའི་དཔེ་བསྐྲུན་ཆོག་ཆན་མ་རག་སྟབས་དེ་མུར་ནར་འགྱངས་སུ་ལུས་ནས་མ་རྩོམ་དེ་ད་ལྟ་གང་དུ་ཡོད་མིན་ཡང་བརྙེད་བར་དཀའ། འོན་ཀྱང་། གང་མགྱོགས་བརྙེད་པར་བྱས་ཏེ། རིམ་པས་གཟིགས་འབུལ་ཞུ་ཆོག་པ་ཞུ།
གནམ་ལགས་ཀྱིས་ཆན་སྐྱོན་པ་དེར་ཐུགས་རྗེ་ཆེ། ཕྲན་གྱིས་བརླ་ཤ་གཉིས་ཀྱི་བར་ནས་ཁྲ་ཐོན་ཟེར་ཁུལ་ཡིན། རྩ་བའི་མ་ཡིག་ནི་འདི་ལྟར་རེད། She had blood on her legs རྩོམ་པ་པོའི་བརྗོད་དོན་ནི་ཟླ་མཚན་རེད། འོན་ཀྱང་། བུ་མོ་ཆུང་ཆུང་གིས་ཟླ་མཚན་དང་ཁྲག་གཉིས་དབྱེ་བ་ཆོད་ཀྱི་མེད་སྟབས། རྩོམ་པ་པོས་བུ་མོའི་སེམས་ཁསམ་གྱི་ངོས་འཛིན་བྱེད་སྟངས་ལྟར། ཁྲག་བཅས་བྲིས་པ་འདྲ། གང་ལྟར་དགོངས་འཆར་གནང་བར་ཐུགས་རྗེ་ཆཻ། ད་དུང་ནོར་འཁྲུང་མང་པོ་ཡོད་ཀྱི་རེད། དུས་ཚོད་ཡོད་ན། ལམ་སྟོན་གནང་སྐྱོང་ཞུ་བ་ཡོད། ཕན་ཐོགས་ཆེན་པོ་ཡོང་ས་རེད།
(She had blood on her legs.)
དེ་འདྲ་ཞིག་ཡིན་ན།
མོ།-she
ཡོད།-had
ཁྲག-blood
སྒང་།-on
མོའི།-her
རྐང་པའམ་རྐང་པ་གཉིས་ཀ།-legs
ཁྱེད་ཀྱིས་བསྒྱུར་བ་ལ།
བརླ་ཤ།-
ནས།-
ཁྲག།-blood
ཐོན་པ།-
དོན་བསྒྱུར་ཡིན་ཟེར་ན། (བརླ་ཤ་ནས་ཁྲག་ཐོན་པ།) ལ་བོད་སྐད་དང་བོད་ཡིག་གི་བརྡ་སྤྲོད་རང་སྟེང་ན་གོ་བ་ཞིག་ཡོད་དམ། མེད་ན་གོ་བ་དེ་འདྲ་ཞིག་ཟེར་གི་ཡོད་པ་འདྲ་ཟེར་ཞེས། བོད་སྐད་དང་བརྡ་སྤྲོད་ལས་གཞན་པའི་ཁྱོས་ཟེར་འདོད་ཀྱི་གོ་བ་ཞིག་འཚོལ་དགོས་སམ།
མ་རབ་བཤད་པ་མིན། བསྒྱུར་ལ་དགའ་བ་ཚོས་ངེས་པར་དུ་གང་བྱུང་མ་བྱས་བ་བསམ་པ་ཙམ་ཡིན།
གོ་བ་ལེན་མ་ཐུབ་པ་མི་འདུག་སྒྱུར་བ་ཙམ་གྱིས་ཐུགས་རྗེ་ཆེ་ཟེར་འོས་པར་འདོད།
ཨ་ཕ་ལགས། ཨ་མ་ལགས།
་་་་་་ ཁོ་མོས་བུ་དེའི་ཁུག་མིའི་ནང་སྨྱུག་གུ་ཞིག་ཡོད་པ་དོ་སྣང་བྱུང་ཡོད ་་་་་་་་་
སྨྱུ་གུ་དང་། ཕྲུ་གུ་ལ་རྗེས་འཇུག་ག་མ་བྲིས་ན་དག་ག
སྒྲུང་གཏམ་སྙན་པོ་ཞིག་རེད། མུ་མཐུད་བཀླག་ངེས་ཡིན། ཐུགས་རྗེ་ཆེ།
ང་རང་གིས་བསམ་ཚུལ་ཞུ་ན། སྒྱུར་རྩོམ་ཞིག་ཡིན་ཕྱིན་རང་སྐད་ནང་བཞིན་ཡོང་ཁག་པོ་རེད།
ཡག་པོ་བསྒྱུར་འདུག
ཕྲུག་གུ་ཡིན་པ་སྨོས་མེད་རེད། ཚིག་བསྡུས་ནས་ཕྲུ་གུ་ཞེས་འབྲི་སྲོལ་ཡོད།
ཕྲུ་གུ་བྲིས་པའི་ཟོར་ཡང་བ་འདིས་ཕྲུག་གུ་ལ་དག་བཅོས་བྱེད་པ་ནོར་བ་ཆེན་པོ་རེད།
གུ་དང་འུ་ལ་སོགས་པས་ཆུང་ངུའི་དོན་སྟོན་པ་ཡིན་པས་སོ།།
་་་་་་་་ ཕྲུ་གུ་བྲིས་པའི་ཟོར་ཡང་བ་འདིས་ཕྲུག་གུ་ལ་དག་བཅོས་བྱེད་པ་ནོར་བ་ཆེན་པོ་རེད། ་་་་་་་་ ཟེར།
ངམ་རིང་པ་ཡོན་ཏན་རྒྱ་མཚོས་དབྱིན་སྒྲུང་བོད་སྒྱུར་བྱས་པ་དེར་ཡིད་རང་བསྔགས་བརྗོད་ཞུ་དང་ཞུ།