རྩོམ་པ་པོ། ཧྥའོ་ལོ་ཁོ་ལོ། (Paulo Coelho)
ངམ་རིང་ཡོན་ཏན་རྒྱ་མཚོས་བསྒྱུར།
གསུམ་པ།
ད་ལྟའི་ཆར་མ་རི་ཡཱ་ཡི་འཚར་ལོངས་བྱུང་བའི་དུས་རིམ་རྫོགས་ཏེ་ཁོ་མོ་ནི་མཛེས་ཉམས་དོད་རུ་འགྲོ་གི་ཡོད། ཁོ་མོའི་ཡིད་སྐྱོ་ཅིང་ལྐོག་གྱུར་གྱི་གཤིས་སྤྱོད་དེས། སྐྱེས་པ་མང་པོའི་ཡིད་དབང་བཀུག་ཐུབ་ཡོད། ཁོ་མོས་དེ་སྔོན་རང་ཉིད་བརྩེ་དུང་གི་དྲ་བའི་ནང་མི་ཚུད་རྒྱུའི་དམ་བཅའ་བཞག་ཟིན་མིན་ལ་མ་ལྟོས་པར། ཁོ་མོས་སྐྱེས་པ་འགར་གཅིག་རྗེས་གཉིས་མཐུད་ཀྱིས་དགའ་རོགས་བསྒྲིགས་སྟེ། སླར་ཡང་རྨི་ལམ་རྨིས་མྱོང་ལ། བརྩེ་དུང་གི་མནར་གཅོད་ཀྱང་མྱོང་དགོས་བྱུང་ཡོད།
ཁོ་མོས་བུ་ཞིག་དང་དགའ་རོགས་སྒྲིག་པའི་སྐབས་ཤིག་ལ། ཁོ་མོའི་ལང་ཚོ་འམ་ཤ་གསར་དེ་རླངས་འཁོར་གྱི་འགྲུལ་པ་སྡོད་སའི་རྐུབ་སྟེགས་སྟེང་ཤོར་བ་རེད། དེ་ཡང་ཁོ་གཉིས་རླངས་འཁོར་ནང་སྐྱོད་པའི་སྐབས་སུ། ཁོ་མོ་དང་དགའ་རོགས་གཉིས། ནམ་ཀུན་དང་མི་འདྲ་བར་ཚོར་ཤུགས་ཆེན་པོས། ཕན་ཚུན་ཕུར་རེས་བྱས་པས། བུ་དེའི་ཕོ་མཚན་ཤུགས་ཆེར་ལངས་པ་དང་དུས་མཚུངས་སུ། ཁོ་མོའི་སེམས་སུ་རང་ཉིད་ཀྱི་གྲོགས་མོའི་ཁྲོད། རང་ཉིད་གཅིག་པུ་ཤ་གསར་དུ་ལུས་པ་དེར་ཡིད་ཐང་ཆད་པའི་ཚོར་བ་ཞིག་ཡོང་གི་ཡོད་སྟབས། དེ་ཉིནཁོ་མོས་ཁོ་པར་རང་ཉིད་ལ་འདོད་པ་སྤྱོད་དུ་བཅུགས་པ་རེད། ཁོ་མོས་རང་ཉིད་ཀྱི་དགའ་རོགས་དང་མཉམ་དུ་སྤྱད་པའི་འཁྲིག་ཐབས་དེ་ནི། ཁོ་མོ་སྟེང་ཕྱོགས་ལྷ་ཡུལ་དུ་འཁྲིད་མཁན་གྱི་ལག་པས་མོ་མཚན་ཕུར་བའི་འཁྲིག་ཐབས་དང་ཡེ་ནས་མི་འདྲ་བར། དེས་ཁོ་མོའི་མོ་མཚན་ལ་ན་ཟུག་བསླངས་པ་མ་ཟད། མོ་མཚན་ནས་ཁྲག་ཡང་ཐོན་པ་རེད། ཁྲག་ཐིག་འགའ་ཁོ་མོའི་སྨད་གཡོག་སྟེང་གོས་སྟབས། དེ་དག་གཙང་འཁྲུ་བྱེད་པར་དུས་ཡུན་རིང་པོ་འགོར་ཡོད།
དེ་བཞིན་དུ་ཁོ་མོས་སྐྱེས་པ་དེར་འོ་བྱེད་པའི་སྐབས་སུ། ཁོ་མོའི་ཆེས་ཐོག་མའི་འོ་རྒྱག་སྐབས་དང་མི་འདྲ་བར། ཁོ་མོར་སྒྱུ་འཁྲུལ་རང་བཞིན་གྱི་མྱོང་ཚོར་བྱུང་མེད་ལ། མཁའ་དབྱིངས་སུ་ཁྲུང་ཁྲུང་ཕུར་བ་དང་། ཉི་མ་བཞུད་ལ་ཉེ་བ། དེ་བཞིན་རྣ་བར་འཇེབས་པའི་རོལ་དབྱངས་དེ་དག་ཀྱང་ཐོས་རྒྱུ་མེད། འོན་ཀྱང་། ཁོ་མོས་གནད་དོན་དེ་རིགས་ལ་བསམ་གཞིགས་བྱས་མེད།
ཁོ་མོས་ཕྱིས་སུ་སྐྱེས་པ་དེ་དང་མཉམ་དུ་ད་དུང་འཁྲིག་སྤྱོད་ཐེངས་མ་འགའ་བྱས་པ་རེད། འཁྲིག་སྤྱོད་དེ་དག་ཀྱང་། ཁོ་མོས་བུ་དེར། གལ་སྲིད་ཁོ་པས་ཁོ་མོར་མུ་མཐུད་འཁྲིག་པ་མ་སྤྱད་ཚེ། ཁོ་མོས་ཁོ་པའི་པ་ལགས་ལ། ཁོ་མོར་ཁོ་པས་བཙན་གཡེམས་བཏང་ལུགས་བརྗོད་རྒྱུའི་འཇིགས་སྐུལ་བྱས་ཏེ་ཁོ་མོར་འཁྲིག་པ་སྤྱོད་དུ་བཅུགས་ཡོད། ཁོ་མོས་འཇིག་སྐུལ་གྱི་འོག་ནས། བུ་དེར་རང་ཉིད་ལ་འཁྲིག་པ་སྤྱོད་དུ་བཅུགས་པའི་རྒྱུ་མཚན་གཙོ་བོ་ནི། ཁོ་པ་བེད་སྤྱོད་བྱས་ཏེ། འཁྲིག་ཐབས་སྣ་ཚོགས་སྤྱད་ཏེ། སྐྱེས་པའི་ལྷན་དུ་འཁྲིག་ཐབས་སྣ་ཚོགས་སྤྱད་པའི་བདེ་བ་ཅི་འདྲ་ཡོད་པ་རྣམས་ཤེས་རྟོགས་ཐུབ་ཆེད་རེད།
འོན་ཀྱང་། ཁོ་མོས་སྐྱེས་པའི་མཉམ་དུ་འཁྲིག་པ་སྤྱད་ན་བདེ་བ་ཆེ་བའི་མྱོང་ཚོར་ཤེས་རྟོགས་ཐུབ་མེད། ཁོ་མོའི་ངོས་ནས་བརྗོད་ན། རང་ཉིད་ཀྱི་ལག་པས་མོ་མཚན་ཕུར་བའི་འཁྲིག་ཐབས་དེ་ནི། སྐྱེས་པའི་མཉམ་དུ་འཁྲིག་པ་སྤྱད་པ་ལས་སྙོག་ཁྲ་ཆུང་ལ། བདེ་བ་ཆེ་བ་ཡོང་གི་ཡོད། འོན་ཀྱང་། འཁྲིག་སྤྱོད་སྐོར་གྱི་དུས་བབ་ཡོངས་དང་། བརྙ་འཕྲིན་ལེ་ཚན། དཔེ་དེབ། རང་ཉིད་ཀྱི་གྲོགས་མོ་ལ་སོགས་པ་ཚང་མས་འཁྲིག་སྤྱོད་ཀྱི་བདེ་བར་ལོངས་སུ་སྤྱོད་པར། སྐྱེས་པ་དགོས་རྒྱུ་གལ་ཆེན་ཡིན་ལུགས་ཡོངས་གྲགས་སུ་འདོད་ཀྱི་ཡོད། དེར་བརྟེན། ཁོ་མོའི་སེམས་སུ། རང་ཉིད་ལ་བསམ་བརྗོད་ལས་འདས་པའི་འཁྲིག་སྤྱོད་ཐད་ཀྱི་ནད་གཞི་ཞིག་མེད་དམ་སྙམ་པ་རེད།
དུས་སྐབས་དེ་ནས་ཁོ་མོས་རང་ཉིད་ཀྱི་སློབ་སྦྱོང་ལ་སྔར་བས་དོ་སྣང་ཆེ་བ་སྤྲད་པས། རེ་ཞིག་རིང་ཁོ་མོས་ངོ་མཚར་ཅན་དང་། གདུག་རྩུབ་ཅན་ཅི་རིགས་སུ་འབོད་པའི་ཕོ་མོའི་བརྩེ་དུང་ཟེར་བ་དེ་ཁོ་མོའི་དྲན་པའོ་ངོགས་ནས་བརྗེད་པ་རེད། ཁོ་མོ་རང་ལོ་བཅུ་བདུན་སོན་པའི་སྐབས་དེར། ཁོ་མོས་ཉིན་ཐོའི་ནང་གཤམ་གྱི་མཐོང་ཚོར་རྣམས་བྲིས་པ་འདི་ལྟར།
ངའི་དམིགས་ཡུལ་ནི། བརྩེ་དུང་གི་གོ་དོན་རྟོགས་རྒྱུ་དེ་ཡིན། ངས་རང་ཉིད་བརྩེ་དུང་གི་དྲ་བར་ཚུད་པའི་སྐབས་སུ། རང་ཉིད་ལ་ཅི་ཙམ་གསོན་ཤུགས་རྒྱས་པའི་མྱོང་ཚོར་ཡོང་གི་ཡོད་པ་ཤེས་ཀྱི་ཡོད་ལ། རང་ཉིད་ལ་ད་ལྟ་ག་རེ་བདག་པ་རྣམས། ཇི་ཙམ་གྱིས་ཡིད་དུ་འོང་བ་ལྟར་སྣང་ཡང་། དོན་དུ་དེ་དག་གིས་ང་ལ་སྤྲོ་སྣང་གང་ཡང་སྤྲོད་ཀྱི་མེད་པའང་ངས་ཤེས་ཀྱི་ཡོད།
བརྩེ་དུང་ནི་ཧ་ཅང་གི་སྡུག་རྩུབ་ཅན་ཞིག་རེད། ངས་ངའི་གྲོགས་མོ་རྣམས་བརྩེ་དུང་གི་མནར་གཅོད་འོག་མྱངས་པ་མཐོང་མྱོང་ཡོད་པས། ངས་རང་ཉིད་ལ་མནར་གཅོད་དེ་རིགས་ཕོག་འདོད་མེད། དེ་སྔོན་ངའི་གྲོགས་མོ་ཚོས། ང་དང་ངའི་ལྷད་མེད་ཀྱི་སྤྱོད་ཚུལ་ལ་འཁྲེལ་དགོད་བྱེད་མྱོང་ཡོད་ཀྱང་། ད་ལྟའི་ཆར་ཁོ་ཚོས་ང་ལ། ངས་སྐྱེས་པར་འབྲེལ་ལམ་བྱེད་ཕྱོགས་ཐད་སྟངས་འཛིན་ལེགས་པོ་བྱེད་ཐུབ་པའི་གསང་བ་དེ་ག་རེ་ཡིན་མིན་དྲི་གི་ཡོད།
འོན་ཀྱང་། ངས་ཁོང་ཚོར་འཛུམ་མདངས་སྟོན་པ་ཙམ་ལས་དེའི་གནས་ལུགས་གང་ཡང་ཤོད་ཀྱི་མེད། གང་ཡིན་ཟེར་ན། ཁོ་ཚོའི་བརྩེ་དུང་གི་མནར་གཅོད་ཀྱི་གཉེན་པོ་ནི། མནར་གཅོད་དེ་ལས་ཀྱང་སྡུག་རྩུབ་ཆེ་བ་ཡོད། ཉི་མ་རེ་རེ་བཞིན་འདས་པ་དང་དུས་མཚུངས་སུ། ངས་རིམ་པས་སྐྱེས་པ་རྣམས་བློ་རྩ་བརྟན་པོ་དང་། ཕུགས་བརྟན་མེད་པའི་གནས་ལུགས་དེ་གསལ་པོར་རྟོགས་ཐུབ་སོང་།
དཔེར་མཚོན་ཙམ་བཤད་ན། ངའི་གྲོགས་མོ་འགའི་པ་ལགས་ཚོས་ང་ལ། འཁྲིག་པའི་བདེ་བར་རོལ་རྒྱུའི་རེ་འདུན་བཏོན་མྱོང་ཡོད་ཀྱང་། ངས་ནམ་ཡང་ཁོ་ཚོའི་རེ་འདུན་ལ་དང་ལེན་བྱས་མེད། ཐོག་མའི་ཆར། ཁོ་ཚོའི་བྱ་སྤྱོད་དེས་ང་ཧ་ལས་སུ་བཅུགས་ཀྱང་། ད་ལྟ་བསམ་གཞིགས་བྱེད་སྐབས། དེ་ནི་སྐྱེས་པ་ཚོའི་རང་གཤིས་ཞིག་ཡིན་པ་འདྲ།།
ངའི་དམིགས་ཕུགས་ནི། བརྩེ་དུང་གི་གོ་དོན་རྟོགས་རྒྱུ་ཡིན་པ་དང་། ངས་རང་ཉིད་ཀྱི་བརྩེ་དུང་སྤྲོད་ཡུལ་གྱི་སྐྱེ་བོ་དེ་དག་གི་སྐོར་ལ་བསམ་བློ་གཏོང་སྐབས། སེམས་ལ་ན་ཟུག་སྦྱིན་ཀྱང་། ངས་དེ་དག་གི་སྐོར་ལ་བསམ་གཞིགས་བྱས་འབྲས་སུ་ད་ལྟ་གསལ་རྟོགས་ཐུབ་པ་ནི།ངའི་ཡིད་སེམས་འགུག་ཐུབ་མཁན་གྱི་སྐྱེས་པ་ཚོས་ངའི་གཟུགས་པོའི་འདོད་འདུན་སྒྲུབ་མ་ཐུབ་པ་དང་། ངའི་གཟུགས་པོའི་འདོད་འདུན་བསྐོང་མཁན་ཐུབ་མཁན་ཚོས། ངའི་ཡིད་སེམས་བཀུག་མ་ཐུབ་པའི་གནས་ལུགས་དེ་རེད།
——མུ་འགོད།
འདོད་པའི་བདེ་བ་དེས་བུ་མོ་ཆུང་ཆུང་ཞིག་ལ། སྡུག་བསྔལ་གང་ཙམ་སྤྲད་པ་འདྲ། མུ་མཐུད་ནས་ཡིན་ཏ།