ཚན་རིག་གི་དཔལ་ཡོན་དང་དམག་་འཁྲུག་གི་འཇིགས་སྣང་ཁྲོད་དུས་རབས་རེ་རེ་བཞིན་མི་རྟག་སྒྱུ་མའི་རྨི་ལམ་བཞིན་ཡལ་བཞིན་པ་དང་། དབེན་ཐིང་ཐིང་གི་མཚོ་བོད་མཐོ་་སྒང་ནས་དུས་རབས་ཀྱི་འབོད་སྒྲས་འཛམ་གླིང་གི་གྲོང་གསེབ་ཏུ་བཀུགས་པའི་གྲྭ་པ་དག གནའ་བོའི་རྒྱ་གར་གྱི་རྟོག་གེ་བ་ཚོའི་ལབ་གླེང་རིང་མོར་མཆན་འགྲེལ་ཡང་འགྲེལ་གྱིས་མི་ཚེ་ལ་རྫོགས་ཚིག་འགོད་པའི་ལོ་ཟླ་རེ་རེ་བཞིན་དུས་ཀྱི་རླུང་བུར་བསྐུར་ནས། *འཇིག་རྟེན་གསར་བ་ཞིག་གི་སྒོ་འགྲམ་དུ་ཅི་ཞིག་འཐོབ་འདོད་དང་གང་ཞིག་ཤེས་འདོད་ཀྱི་སྐོམ་གདུང་གིས་དྲག་ཏུ་མནར་བཞིན་པ་ནི་ཁོ་བོས་རྟོག་བཟོ་བྱས་པ་ཙམ་མ་ཡིན་པར་སེར་མོ་བའི་སྡེ་ཡི་ལོ་རེ་དང་ཟླ་རེའི་གསར་འགྱུར་དག་གིས་བདེན་པའི་ཁུངས་སྐྱེལ་བྱས་དང་བྱེད་བཞིན་པ་རེད། ཡིན་ན་ཡང་། དུས་རབས་ཀྱི་སྒུལ་ཤུགས་དྲག་པོ་འདི་ཁས་མི་ལེན་པ་དང་འཇིག་རྟེན་གྱི་འགྱུར་བ་ཆེན་པོ་འདི་མཐོང་མི་འདོད་པ་ཁག་ཅིག་གིས་ད་དུང་འཆི་ལམ་ནས་གསོན་འདོད་ཀྱི་མིག་ཟུང་ཅེར་ཏེ་མུན་ཁོང་ལ་ལག་རྙོབ་བྱེད། མི་རབས་བརྗེས་ཟིན་ལ་དུས་རབས་ཀྱང་བརྗེས་ཟིན། དེ་བཞིན་བྱ་དངོས་དང་མིའི་བསམ་བློ་ཡང་བརྗེས་ཟིན། འདི་ལ་གནའ་བོའི་རྒྱ་གར་གྱི་མཚན་ཉིད་རིག་པ་བ་ཆེན་པོ་དགེ་སློང་ཤྰཀྱ་ཐུབ་པས། འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་པའི་སྡོམ་ཚིག་ཅིག་བཞག་ཡོད། དེ་བཞིན་ཁོང་གིས་རིག་པ་ཞིབ་མོའི་སྒོ་ནས་མི་རྟག་པ་རགས་པ་དང་མི་རྟག་པ་ཕྲ་མོའི་རྣམ་གཞག་མང་པོ་ཞིག་ཀྱང་གཏན་ལ་ཕབ་ཡོད་པ་རེད། སྐར་ཆ་རེ་རེར་འགྱུར་ལྡོག་འགྲོ་བཞིན་པའི་འཇིག་རྟེན་འདི་ནི་ད་ལྟ་རྒྱ་མཚོའི་ཀློང་དུ་བྱིངས་ཟིན་པའི་གནའ་བོའི་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དེ་དག་དང་འདྲ་བར་མི་རྣམས་ཀྱིས་རྗེས་དྲན་བྱ་ཡུལ་ཙམ་དུ་གྱུར་དང་འགྱུར་བཞིན་ཡོད་ལ། གཏན་ཚིག་རིག་པ་བ་འདི་དག་གི་མ་མཐའི་ཤེས་ཡོན་ཏེ་རྙིང་པའི་ཚབ་ཏུ་གསར་བ་ཞིག་ཡོང་རྒྱུའི་ཆོས་ཉིད་དེ་ལ་འགོག་རྒོལ་བྱས་ན་ཕན་ཐོགས་མེད་པའི་གནས་ལུགས་གསལ་རྗེན་པ་དེ་དག་གི་གདོང་ནས་ལངས་མཁན་གྱི་ཤེས་རབ་ལྡན་པ་ཞིག་་གནའ་ནས་ད་ལྟ་བར་དུ་བྱུང་མ་མྱོང་བ་དང་། མདོར་ན་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་རྩ་བའི་ཤེས་བྱ་དག་ལ་སྐོམ་པ་ཆུ་འདོད་ཀྱིས་འགྲན་དུ་མེད་པའི་དེ་རིང་གི་གྲྭ་རྐྱང་དག་གིས་རང་རེའི་དམངས་གཙོའི་ལྟེ་གནས་སུ་ཆེས་མུན་ནག་གི་བྲན་གཡོག་སྤྱི་ཚོགས་ཏེ་རང་ལུས་རང་ལ་མི་དབང་བའི་གདུག་རྩུབ་གཉའ་གནོན་གྱི་དབང་སྒྱུར་ལམ་ལུགས་རྩ་མེད་དུ་བཟོ་བའི་དུས་རབས་ཀྱི་འབར་མདེལ་ཏེ་རང་ལུས་སྲུང་སྐྱོབ་ཀྱི་འགྲོ་བ་མིའི་ཐོབ་ཐང་དེ་དག་ཅི་ལྟར་བརྩོན་ལེན་བྱེད་དགོས་པའི་སྐོར་གྱི་ཤེས་བྱར་སློབ་སྦྱོང་བྱེད་བཞིན་པའི་གསར་འགྱུར་ཞིག་ལ་གཤམ་དུ་རྡེག་གནོན་བྱས་ན་གཟིགས་ཐུབ་པ་དང་། ལས་ཁུངས་འདི་དག་གིས་རྡུང་རྡེག་མྱོང་མཁན་དག་ལ་སློབ་སྦྱོང་སྤྲོད་པ་དེ་བཞིན་རྡུང་རྡེག་གཏོང་མཁན་དག་ལ་ཡང་སློབ་སྦྱོང་རེ་སྤྲད་ན་དེ་ལས་ཀྱང་དགེ་མཚན་དང་ལྟད་མོ་ཆེན་པོ་རེ་མཐོང་རྒྱུ་ཡོད་ཀྱི་རེད་བསམས། གོང་བརྗོད་འདི་དག་ནི་ཁོ་བོ་རང་ཉིད་གཅིག་པོའི་ལྟ་ཚུལ་གྱི་ངར་ཤུགས་ཀྱི་ནང་དུ་ཚུད་ནས་དངོས་ཡོད་གནས་སྟངས་ལ་རྡོག་རྫིས་བྱས་པ་ཞིག་མ་ཡིན་པར་དུས་རབས་ཀྱི་རྦ་རླབས་ཆེན་པོའི་འཇིངས་སུ་བྱིངས་ཟིན་པའི་སེར་མོ་བའི་སྡེ་ཡི་མཐོང་ཐོས་མྱོང་གསུམ་མཉམ་དུ་སྦྱར་ཏེ་གླེང་བརྗོད་འདི་སྤེལ་བ་ཡིན།
*གོང་ས་ཏྰ་ལའི་བླ་མས། ཚན་རིག་གི་རྒྱུ་སྐར་ལྟ་ཚུལ་དང་ཧ་ཅང་མི་མཐུན་པའི་ཆོས་མངོན་པ་མཛོད་ཀྱི་འདོད་ཚུལ་དེ་ཚོའི་སྐོར་ནས་སློབ་དཔོན་དབྱིན་གཉེན་གྱིས་འདི་འདྲ་ཞིག་མ་གསུངས་ན་སྙམ་པ་མང་པོ་འདུག་གསུངས། ཡིན་ན་ཡང་འདིར་ཀླུ་སྒྲུབ་ཡབ་སྲས་ཀྱི་ལྟ་བ་རྟེན་འབྱུང་དང་ཇོ་བོ་བླ་སློབ་ཀྱི་སྤྱོད་པ་འཚེ་བ་མེད་པ་དེ་མི་དགོས་ཟེར་གྱིན་མེད།
གསར་འགྱུར་ལ་གཟིགས་ན་འདི་རུ་རྡེག་གནོན་བྱོས། དེ་ལྟར་བྱེད་མི་ཐུབ་ན་རྡེག་གནོན་བྱས་ནས་འདྲ་བཤུས་ཁྱེར་ཏེ་ཀླད་ཀྱི་རྩ་བའི་རེའུ་མིག་ཏུ་དྲངས་ནས་བཀླག་ཆོག
http://www.rfa.org/tibetan/chediklaytsen/amdolaytsen/f42f66f62f0bf60f42f7cf51f0bf54f0d/intensive-training-provided-to-monks-and-nuns-on-democracy-in-dharamsala-09052008102045.html
གྲྭ་པ་རྟོགས་སད་པ་ཞིག་གི་སྐོར་ཨ་རིའི་རླུང་འཕྲིན་གྱི་ཀུན་གླེང་ལེ་ཚན་དུ་མཇལ་རྒྱུ་འདུག བླ་བྲང་གི་རེད།
གྲྭ་པ་རྟོགས་སད་པ་དང་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་ལགས་དེང་སྐབས་གང་དུ་ཡོད་མེད་ཀྱི་གནས་ཚུལ་རེ་ཡོད་ན་འདིར་འགོད་རོགས། ཁོ་ནི་ ང་ཚོ་སད་རན་ ཞེས་པའི་རྩོམ་དེབ་གྲགས་པ་འབར་བ་དེའི་རྩོམ་པ་པོ་རེད།
སྐུ་ཞབས་ལགས། ཁྱེད་ཀྱི་རྩོམ་འདི་ལ་མཆན་བུ་ཞིག་འདེབས་འདོད་ཉིན་ཤས་སྔོན་ནས་བྱུང་ཡང་དེ་རིང་བར་དུ་ལུས་སོང་། ཁྱེད་ཀྱིས་གསུངས་པ་ལ་རྒྱུ་མཚན་འདུག ད་དུང་ཡང་དེ་ལྟར་བསམ་བློ་ཞིབ་ཏུ་བཏང་། འདུལ་བ་གཞི་བཅུ་བདུན་པོ་རེ་རེ་བཞིན་བསམ་བློ་བཏང་། ལྟུང་བ་སྡེ་ལྔ་པོ་རེ་རེ་བཞིན་བསམ་བློ་བཏང་། མཐོང་རྒྱ་ཆེན་པོ་དང་དུས་རབས་དང་མཐུན་པར་བསམ་བློ་བཏང་ཡོང་ན་འདུལ་ཁྲིམས་ནང་ནས་ཀྱང་སྲོག་མི་གཅོད་པ་དང་མ་བྱིན་པར་མི་ལེན་པ་སོགས་ཁག་གཅིག་ཙམ་ལས་ཕལ་མོ་ཆེ་ནི་སངས་རྒྱས་བཞུགས་དུས་ཀྱི་རྒྱ་གར་བའི་ཡུལ་སྲོལ་དང་། རྒྱལ་ཁྲིམས། ཕྱི་རོལ་པ་དང་མཐུན་ཐབས་སོགས་བྱས་ནས་འདུལ་ཁྲིམས་བཟོས་ཡོང་བ་འདྲ་བས་འདུལ་ཁྲིམས་བསྲུངས་ཀྱང་དགོས་པ་དང་ཕན་ཐོགས་འདྲ་ཅང་ཨེ་ཡོད་བསམ་ཡོང་གིན་འདུག