དུས་རབས་ཀྱི་ངོས་ནས་ནག་ཉེས་ལ་ལྟ་བ།
གཡུ་དྲུག་དཀར། རྡ་ས།
དུས་རབས་ཀྱི་སེམས་ལ་བཞག་པའི་རང་གཟུགས།
དུས་རབས་རེ་རེ་ནི་འཛམ་གླིང་སྤྱི་ཡོངས་ཀྱི་ལོ་རྒྱུས་རང་བཞིན་གྱི་འགྱུར་འགྲོས་ཀྱི་མཚམས་ཚིགས་ཡིན་པས། དུས་རབས་རེ་ལ་ཡུལ་དུས་གནས་བབ་གསར་དུ་བཙས་པ་ལྟ་བུའི་ཁྱད་རྟགས་བྱུང་བ་རེད། དེ་བཞིན་བོད་མི་རིགས་ལ་མཚོན་ན་ནའང་དུས་རབས་སྔོན་མ་དག་ལ་པྱིར་འདང་རྒྱག་དུས་གཅིག་ལས་གཅིག་བརྗིད་ཅིང་བརླིང་པའི་བཙན་དྲག་རྡོ་རིང་རེ་རེ་དྲན་འོང་ཞིང༌། དྲན་རྟོགས་འདིའི་ཀློང་ནས་ད་ལྟའི་ཡ་ང་ཞིང་སྐྱོ་ཤས་ཆེ་བའི་གནས་སྟངས་འདི་དང༌། ལྷག་པར་དུ་༣་༡༠ ཉིན་ནས་འགོ་ཚུགས་པའི་ཛ་དྲག་གི་གནས་བབ་འདི་ལ་བསམ་ན་སྙིང་རླུང་སྟོད་ལ་འཚང་ནས་ཐང་བོད་དབར་གྱི་ལོ་རྒྱུས་བསྐྱར་ལོག་བྱེད་པར་ཐེ་ཚོམ་མི་མངའ་ཡང༌། དུས་རབས་ཉེར་གཅིག་པའི་བོད་མི་རིགས་ནི་དེ་འདྲ་ཞིག་གཏན་ནས་མིན། ང་ཚོ་འགྱུར་ཡོད། ང་ཚོ་དྲག་པོ་ནས་ཞི་བར་འགྱུར་ཡོད། ང་ཚོ་བཙན་པོ་ནས་གཉོམ་ཆུང་དུ་འགྱུར་ཡོད། ང་ཚོ་འཚེ་བ་ཅན་ནས་འཚེ་མེད་དུ་འགྱུར་ཡོད།
གཅིག་བྱས་ན་ང་ཚོ་འདི་ལྟར་འགྱུར་བ་འདས་བའི་ལོ་རྒྱུས་ཀྱི་བསླབ་བྱ་དང་ལེན་བྱས་པ་ཡིན་སྲིད་མོད། འདི་ནི་དུས་རབས་ཀྱི་ཁ་དབུགས་ཀྱང་རེད་ལ། གཙོ་བོ་དུས་རབས་ཀྱི་མི་ལ་རག་ལས་པ་རེད། དུས་རབས་ཀྱི་མིའི་ཁྲོད་ནས་ཀྱང་ང་ཚོར་མཚོན་ན་གཙོ་བོ་ྋགོང་ས་ཏཱ་ལའི་བླ་མའི་ཡང་དག་པའི་དབུ་ཁྲིད་འོག་དུས་རབས་ཉེར་གཅིག་པའི་ཁྱད་རྟགས་འདི་ཐོན་པ་ཡིན།
ཐེངས་འདིར་༣ ༡༠ ནས་ད་བར་ཟླ་གཅིག་ལྷག་གི་རིང་རྒྱ་ནག་གིས་བོད་ཀྱི་རྒྱལ་ས་ནས་དབུ་བསླངས་ཏེ་བོད་ས་ཡོངས་རྫོགས་ལ་ཀྱི་ཆིག་སྒྲིལ་ཞུ་རྒོལ་བ་ཚོར་དྲག་གནོན་གྱིས་ཡ་ང་སྙིང་རྗེ་མེད་པར་དམར་གསོད་བྱས་དང་བྱེད་མུས་ཡིན་པས། སྙིང་རུས་པ་ཅན་གྱི་མི་ཞིག་ཡིན་ཕྱིན་ད་ནི་ཁ་ཕར་ལོག་ནས་ཁ་བརྡ་རེ་བྱེད་རྒྱུ་ལྟ་ཅི། ཐ་ན་རྒྱ་ཟེར་བ་ཞིག་གོ་ཡང་ཁ་སྤོ་ཁ་དང་ཞེ་སྤོ་གཏིང་ནས་ལངས་ཟེར་བའི་མིའི་རང་གཤིས་སྟེང་གི་ཚུགས་ཀ་འདི་སྟོན་ཐག་ཆོད་ཡིན་མོད། ང་ཚོས་ད་དུང་རྒྱ་ནག་དང་མཉམ་དུ་གྲོས་མོལ་བྱེད་རྒྱུ་ཡིན་པའི་དཔའ་གཏམ་ལ་འགྱུར་བ་བཏང་མེད།
དེ་ཡང་ང་ཚོའི་སྙིང་གི་འཕར་རྩ་ྋགོང་ས་ཏཱ་ལའི་བླ་མའི་ཐུགས་རྒྱུད་ཀྱི་ཞི་བདེ་དང་བྱང་སེམས་ཀྱི་ཡོན་ཏན་ཟབ་མོས་མནན་ཡོད་པ་དང༌། ཁོང་གི་བོད་རྒྱའི་འགལ་འབྲེལ་ཐད་ཀྱི་གཉིས་སྨན་ལམ་སྟོན་སྲིད་ཇུས་ནི་ང་ཚོས་དུས་ནས་དུས་སུ་རང་གི་བདེ་སྐྱིད་སླར་གསོ་བྱེད་པའི་ལམ་ཐིགས་སུ་བསྟེན་ཡོད་པ་དང༌། ལྷག་པར་དུ་བོད་མི་བརྒྱ་ཕྲག་ལྷག་ཞི་བའི་གྱེན་ལངས་ཁྲོད་རྒྱ་ལག་ལ་ཞ་བའི་ཉིན་ཚོ་འདི་དག་གི་རིང་ཁོང་གིས་ཐུགས་མུག་བཞིན་དང་ཞལ་མདངས་འགྱུར་བཞིན་དུ༌། ད་དུང་བོད་མི་ཡོངས་དང་རྒྱ་རིགས་ཡོངས་ལ་བསྩལ་བའི་ཞི་འབོད་གསུང་འཕྲིན་གྱི་སྨན་ཐུན་གཉིས་ཀྱིས་བོད་རྒྱ་ཙམ་མ་ཟད། འགྲོ་མི་ཡོངས་ཀྱི་སེམས་ལ་ཞི་བདེ་དང་བྱང་སེམས་ཀྱི་བག་ཆགས་ཟབ་མོ་བཞག་པ་བཅས་ལ་བརྟེན་ནས། ང་ཚོས་སྡུག་གི་མིག་ཆུ་འཕྱི་བཞིན་དང་སེམས་ཀྱི་རྨ་ཁ་སྐྱོར་བཞིན་དུ་དུས་རབས་ཀྱི་རང་ཚུགས་བརྟན་པོར་སྲུང་ཡོད་པས། རྒྱ་ནག་གིས་བོད་མི་ཉེས་མེད་དམར་གསོད་གཏོང་ཆོག་ཆོག་གཏན་ནས་མིན་ལ། ཐེངས་འདིའི་དམར་གསོད་དོན་རྐྱེན་གྱིས་རྒྱ་ནག་གི་རང་གཟུགས་ཕྱིར་མངོན་དུ་བཅུག་པ་རེད། དུས་རབས་འདིའི་བོད་མི་ཙམ་མ་ཟད། འཛམ་གླིང་ཤར་ནུབ་ཡོངས་ཀྱི་མི་རབས་གསར་བའི་སེམས་ལ་རྒྱ་ནག་གི་གཏུམ་དྲག་དང་བཙན་ཤེད། སྡུག་རྩུབ་སོགས་ཀྱི་རང་གཟུགས་གསལ་ལྷང་ངེར་བཀོད་ནས། དུས་རབས་འདིའི་སོན་རྩ་དག་གི་སྙིང་རྩ་འདར་བཞིན་དུ་རྒྱ་དམར་གུང་ཁྲན་ཟེར་བ་གཞི་ནས་ངོ་ཤེས་ཡོད་ན། འདི་ནི་དུས་རབས་ཀྱི་སྙིང་ནད་ཅིག་ཀྱང་ལོས་ཡིན། རྒྱ་ནག་གིས་འདི་ལྟར་དུས་རབས་ཀྱི་ངོ་གདོང་ཁྲག་གིས་སྦག་ན་འཇིག་རྟེན་གྱི་སྙིང་ལ་ཟུག་རྔུ་ལོས་འབྱིན། རྒྱ་ནག་གིས་འདི་ལྟར་གནས་ལུགས་དང་བདེན་པའི་བུམ་པ་ས་ལ་བརྡབས་ན། མིའི་རིགས་ཀྱི་ཡ་ཐོད་ཀྱི་སྤྱན་གྱིས་ལོས་གཟིགས། དུས་རབས་ཀྱི་སྤྱན་རྒྱལ་ལོ། བདེན་པ་རྒྱལ་ལོ། བོད་རྒྱལ་ལོ།།
དུས་རབས་ཀྱི་ཁ་དབུགས་རྙོགས་པ།
དུས་རབས་ཉེར་གཅིག་པའི་དབུ་བསླངས་པ་དང་ཆབས་ཅིག་འཛམ་གླིང་ཞི་བདེ་དང་གོ་ལ་གཅིག་གྱུར་གྱི་ཚོར་འདུ་རྒྱ་ཁྱབ་ཏུ་འཕེལ་ཞིང༌། དུས་རབས་འདིའི་རྒྱུན་ཤེས་ལྟ་བུར་གྱུར་བས། འཛམ་གླིང་མི་མང་ཡོངས་ཀྱི་སེམས་བསམ་པའི་གཏིང་དང་སྙིང་རུས་པའི་གསེང་ལ་སྔར་མེད་དགའ་སྣང་གསར་བ་ཞིག་སྦྱིན་ཡོད་པ་ནི། དུས་རབས་ཉི་ཤུ་བ་མཇུག་སྒྲིལ་བ་དང་ལྷན་དུ། ང་ཚོས་དམག་འཐབ་དང་གཉའ་གནོན། བཙན་དབང་བཅས་ཀྱིས་བསྐུལ་བའི་འཇིགས་སྐྲག་དང་སྡུག་སྦྱོང་གི་ཁྲག་དང་མིག་ཆུའི་རྒྱུན་ཀྱང་ཆོད་སོང་བར་འདོད་པ་འདི་རེད་ལ། དེ་བཞིན་ང་ཚོས་བློ་རིག་པ་སྒྲིམ་ས་ཞིག་དང་སེམས་བསམ་པས་སྨོན་ས་ཞིག་གསར་དུ་གྲུབ་པའང་ཞི་བདེ་དང་རང་དབང༌། འདྲ་མཉམ་དང་གུ་ཡངས་བཅས་ཀྱི་འོད་སྣང་གི་གུར་ཕིབས་པའི་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་པར་ཤུགས་སྣོན་བྱེད་འདོད་པ་འདི་རེད།
དེ་བས་ཡུལ་དུས་ཀྱི་གནས་བབ་གསར་བ་འདིར་ནུབ་ཕྱོགས་རྒྱལ་ཁབ་མང་པོའི་ནང་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཅི་རིགས་ཤིག་སོང་བ་དང་འགྲོ་བཞིན་ཡོད་མོད། རྒྱ་ནག་གཙོ་བོའི་ཤར་ནུབ་རྒྱལ་ཁབ་འགའ་རེས་དོན་དངོས་ལག་ལེན་གྱི་རུ་མ་མེད་ཀྱང༌། ཆབ་སྲིད་ཀྱི་གདོང་འབག་བརྫིས་མའི་ཁ་ནས་མང་གཙོ་དང་རང་དབང༌། ཞི་བདེ་དང་འདྲ་མཉམ། གུ་ཡངས་དང་འཆམ་མཐུན་སོགས་ཀྱི་མིང་སྙན་པོ་དག་བྱ་ནེ་ཙོའི་མ་ནི་བཞིན་ཟློ་བཞིན་པ་དང༌། འཁྱོག་གཟུགས་ཀྱི་གྲིབ་ནག་འོག་ཏུ་སྟབས་བསྟུན་གྱི་ཁེ་ཕན་ལ་རེ་བའི་རྒྱལ་འབང་མི་ཉུང་བ་ཞིག་གི་སྤྲེལ་ལད་ཀྱི་ཐལ་མོ་རྡེབ་སྒྲ་བཅས་ཀྱིས་ཁོང་ཚོར་ས་ཆེན་པོའི་སྲིབ་ཕྱོགས་ནས་མགོ་བོ་དུད་དེ་འགྲོ་བའི་རྒྱུ་ལམ་ཞིག་ཐོབ་པ་རེད།
འོན་ཀྱང༌། རྒྱ་ནག་གིས་ཐེངས་འདིར་རང་གི་རྐང་ལམ་ཕྲ་མོ་དེའང་རྡོ་དང་ཚེར་མས་བཀག་པ་རེད། ཁོང་ཚོས་སྔར་རྒྱལ་ས་པེ་ཅིན་དུ་མང་གཙོ་དོན་གཉེར་གྱེན་ལངས་ལས་འགུལ་སྤེལ་མཁན་སློབ་ཕྲུག་རྣམས། མཚན་མོ་ཞིག་ལ་དྲང་བདེན་གྱི་བདག་པོར་གྱུར་བའི་མིའི་རིགས་ཀྱི་རྣམ་ཤེས་སུ་སྦྲུམ་པའི་སྐར་ཚོགས་ཀྱི་མིག་གི་རིག་ས་རུ་དམར་གསོད་བྱས་ཏེ། དུས་རབས་ཉི་ཤུ་བར་ཁྲག་དམར་པོས་བཞི་ཤད་བརྒྱབས་ནས་འཛམ་གླིང་མི་མང་གི་སེམས་ལ་འཇིགས་ཡེར་བའི་དྲི་རྟགས་ཤིག་འཕངས་ཡོད་ལ། ཐེངས་འདིར་རང་དབང་གི་སྐོམ་པས་མནར་བའི་བོད་མི་མང་གི་ཞི་རྒོལ་ལ་དྲག་པོའི་མཚོན་དང་དཔུང་གིས་གཉའ་གནོན་བྱས་ཏེ། ཡ་ང་སྙིང་རྗེ་སྤུ་ཙམ་མེད་པར་ཉམ་ཆུང་བོད་མི་བརྒྱ་ཕྲག་གཅིག་ལྷག་དམར་གསོད་བྱས་དང་བྱེད་མུས་ཀྱིས་བགོ་བཙུགས་མ་ཐག་པའི་དུས་རབས་གསར་བའི་ཁ་དབུགས་རྙོགས་པ་རེད།
ད་ནི་རང་དབང་དང་ཞི་བདེའི་ཚོར་འདུ་ཧ་ཅང་སྐྱེན་པའི་འཛམ་གླིང་མི་མང་ཡོངས་ཀྱིས་རྒྱ་ནག་ཟེར་བ་ཞིག་གོ་བ་དང་རྒྱ་མི་ཞིག་མཐོང་བ་ཙམ་གྱིས་སྔར་ཧི་ཐི་ལར་ཟེར་བའི་བདུད་རྒན་ཞིག་འཛམ་གླིང་ལ་དངོས་སུ་སྐྱེས་པ་དེ་དྲན་ཚོད་རེད་ལ། སྐབས་འདིར་དུས་གཅིག་ལ་བོད་དོན་རྒྱབ་སྐྱོར་བ་གློ་བུར་དུ་ཁྱབ་ཆེ་རུ་དང་གྲངས་མང་དུ་ཕྱིན་ནས། མཐོ་བ་རྒྱལ་ཁབ་ཀྱི་སྲིད་འཛིན་དང་དམའ་བ་མི་མང་དཀྱུས་མ་བར་གྱིས་རང་རང་གི་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་ཁེ་ཕན་ལ་མ་ལྟོས་པར། བོད་ནང་གི་ཛ་དྲག་གི་གནས་བབ་ལ་དོ་སྣང་དང་རྒྱབ་སྐྱོར་གྱི་མེ་དཔུང་འཛམ་གླིང་ཤར་ནུབ་གཉིས་ཀར་འབར་བཞིན་པ་འདིས། རྒྱ་ནག་གིས་བོད་མི་དམར་གསོད་ཀྱིས་ཞི་བདེའི་དུས་རབས་ཤིག་ལ་ཁྲག་དྲི་བྲོ་རུ་བཅུག་པས། འཛམ་གླིང་ཧྲིལ་བོའི་ཞི་བདེ་དང་རང་དབང་གི་ཁ་དབུགས་རྙོགས་ནས་འགྲོ་མི་ཡོངས་ཀྱི་ཞེ་འཁོན་གྱི་ནད་རོ་སླར་ཡང་བསླངས་པ་གསལ་བོར་བསྟན་པ་རེད།
མ་ཟད། ད་སྐབས་རྒྱལ་སྤྱིའི་ནང་དྲག་པོའི་དཔུང་གིས་སྦྱིབས་ནས་སྐོར་བསྐྱོད་བྱེད་བཞིན་པའི་རྒྱ་ནག་གི་ཨོ་ལམ་པིག་གི་དཔལ་འབར་དང་རྩེད་འགྲན་དེ་ཉིད་རྒྱ་ནག་ཏུ་ཚོགས་པར་ངོ་རྒོལ་བྱེད་མཁན་ཉིན་རེ་ནས་ཉིན་རེར་ཇེ་མང་དུ་འགྲོ་བཞིན་པ་འདིས། ཐེངས་འདིའི་རྒྱ་ནག་གི་མི་ཆོས་ལས་འདས་བའི་ཉེས་བ་འདི་དུས་རབས་ཀྱི་ཁ་དབུགས་ལ་མ་འཕྲོད་པ་དང༌། དུས་རབས་ཀྱིས་འདི་ལ་བཟོད་སྒོམ་བྱེད་ཐབས་མེད་པ། དུས་རབས་ཀྱི་ངོས་ནས་འདི་གུ་ཡངས་སུ་གཏོང་ཐབས་མེད་པ་བཅས་མངོན་སུམ་དུ་ཕྱིར་ཕུད་པ་རེད། དུས་རབས་ཀྱི་ཁ་དབུགས་དར་གྱུར་ཅིག རང་དབང་དར་གྱུར་ཅིག གནས་ལུགས་དར་གྱུར་ཅིག།
དུས་རབས་ཀྱི་སྟོན་པར་བསྐུར་བ་བཏབ་པ།
དུས་རབས་ཕྱེད་ཀ་ལྷག་གི་བོད་རྒྱའི་དཀའ་རྙོག་ལ་བསམ་ནས་བཤད་ན། ཕྱི་ཚུལ་གྱིས་དུས་རབས་སྔོན་མ་དག་གི་གནད་དོན་མང་པོ་ཞིག་ཐག་གིས་གཅོད་མ་ཐུབ་པར་ལྷག་འདུག་པ་ལྟར་སྣང་ཡང༌། དོན་དངོས་སུ་བསྐལ་བ་ནས་རྡོ་རུ་གྱུར་བའི་རྒྱའི་མཁྲེགས་འཛིན་གྱི་གཤིས་རྒྱུད་ལ་དུས་རབས་ཀྱི་སྲོག་ཞུགས་མ་ཐུབ་པས་ལན་པ་རེད།
སྐད་ཆ་འདི་ལྟར་བཤད་ན་འཇིག་རྟེན་གྱི་སྲིབ་ཕྱོགས་སུ་རྒྱུ་བའི་རླུང་བུའི་རྣ་ལམ་དུ་ཕྱོགས་གཅོད་ཀྱི་སྒྲ་དབྱངས་ཤིག་ཏུ་ཚོར་སྲིད་མོད། བདེན་པ་དང་གནས་ལུགས་ཀྱི་རྣམ་ཤེས་ཀྱིས་སྐད་ཆ་འདི་ལས་དྲང་གཏམ་གྱི་སྐད་སྒྲ་ཚོར་བཏུབ་ལ། དུས་རབས་ཀྱི་རྣ་གཤོག་ཟུང་གིས་སྐད་ཆ་འདི་ལས་རྒྱུ་འབྲས་ཀྱི་སྙན་དབྱངས་ཚོར་བཏུབ་ངེས། གསལ་བོར་བཤད་དགོས་པ་ཞིག་ལ་ངས་ཀྱང་འདིར་བོད་མི་ཚང་མ་འཕགས་མི་ཡིན་ཟེར་བ་མིན་པར། བོད་མི་ས་ཡ་དྲུག་གི་རང་དབང་གི་མགྲིན་ཚབ་པ་དང་དུས་རབས་འདིའི་སྟོན་པར་ཁས་ཆེ་བའི་ྋགོང་ས་ཏཱ་ལའི་བླ་མར་དོན་རྐྱེན་འདི་སེལ་མ་ཐུབ་པར་ལན་པ་གང་མེད་པའི་བདེན་པ་ར་སྤྲོད་བྱེད་འདོད་པ་ཡིན།
ཀུན་ལ་མངའ་གསལ་ལྟར་ྋགོང་ས་ཏཱ་ལའི་བླ་མ་འཁྲུངས་ས་བོད་ཡུལ་ཡིན་པ་མ་གཏོགས་ཁོང་གི་གདུལ་བྱ་གླིང་བཞི་ཡིན་ལ། ཁོང་ནི་དུས་རབས་ཉེར་གཅིག་པའི་བླ་སྲོག་བཟོ་བཀོད་པ་ཡིན། ཁོང་གིས་དུས་རབས་འདིའི་རིག་གཞུང་གི་ཡ་གཅིག་ལྟ་བུའི་ཆོས་ལུགས་གཙོ་བྱས་པའི་རིག་གནས་དང་ལྟ་བ་སྣ་ཚོགས་མཉམ་གནས་ཀྱི་ཁོར་ཡུག་ཅིག་དང༌། འཆམ་མཐུན་གྱི་སྤྱི་ཚོགས་ཤིག ཞི་བདེ་དང་རང་དབང་གི་ཁྱིམ་གཞི་ཞིག་བཅས་ཀྱི་དཔལ་ཡོན་གསར་སྐྲུན་ཆེད་ཕྱག་ཟུང་ཐལ་མོར་སྦྱར་ནས་སའི་གོ་ལར་སྐོར་བ་རྒྱག་བཞིན་ཡོད། འདི་ལྟ་བུའི་ཁོང་གི་མི་རིགས་མཉམ་གནས་དང༌། ལྟ་བ་མཉམ་གནས། རིག་གཞུང་མཉམ་གནས་བཅས་ཀྱི་དགོངས་པ་རྒྱ་ཆེན་པོ་དང་ཐུགས་གཞིགས་ཟབ་མོའི་ཡོན་ཏན་ལ་བརྟེན་ནས། ང་ཚོར་དུས་རབས་ཀྱི་སློབ་གསོ་འཐེབས་ཤིང༌། ཁོང་གིས་བཏོན་གནང་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་དབུ་མའི་ལམ་མམ་རྒྱ་བོད་མི་རིགས་མཉམ་གནས་ཀྱི་ལྟ་བར་ཡིད་ཆེས་རྙེད་པ་ཡིན།
དེ་ལྟ་བུའི་གནས་ལུགས་ངོ་མའི་ཕུགས་དེད་ན་མི་ལོ་ལྔ་བཅུ་ལྷག་གི་བོད་རྒྱའི་དཀའ་རྙོག་ཁྲོད་སླད་མེད་པའི་སེར་བོ་གསེར་གྱི་རང་མདངས་ཤིག་མཇལ་རྒྱུ་ཡོད་པ་ནི། ྋགོང་ས་ཏཱ་ལའི་བླ་མའི་གཉིས་སྨན་དགོངས་པ་ཡིན་ཞིང༌། དུས་སྐབས་འདིར་ཕྱོགས་གཉིས་ཀར་རིན་ཐང་བྲལ་བའི་གསེར་གྱི་སྤྱི་ནོར་ཞིག་ཡོད་པའང་ྋགོང་ས་ཏཱ་ལའི་བླ་མ་ཡིན་ལ། གནད་དོན་འདི་ཐག་གཅོད་ཐུབ་པའི་གསེར་གྱི་ལྡེ་མིག་ཀྱང་ྋགོང་ས་ཏཱ་ལའི་བླ་མ་ཡིན།
རེད་དེ། ལོ་ངོ་འདི་དག་གི་རིང་རྒྱ་ནག་གི་དགྲ་གཅིག་པུ་དེ་སུ་ཡིན་ནམ། ལོ་ངོ་འདི་དག་གི་རིང་རྒྱ་ནག་གི་མིག་ཡོད་ཚད་ཀྱིས་བལྟས་ཤིང༌། རྣ་ཡོད་ཚད་ཀྱིས་ཉན་ནས་ཁ་ཡོད་ཚད་ཀྱིས་དམོད་པ་དང་བསྐུར་འདེབས་བྱེད་ས་དེ་སུ་ཡིན་ནམ། ལྷག་པར་དུ་༣ ༡༠ནས་བོད་མི་རང་གིས་མ་གྲོས་མབསྐུལ་བསམ་པ་གཅིག་མཐུན་གྱིས་རང་གི་སེམས་ཀྱི་ན་ཟུག་ལ་ཁ་གྲགས་ཏུ་བཅུག་པ་དེའང༌། རྒྱ་ནག་གིས་ྋགོང་ས་ཏཱ་ལའི་བླ་མའི་ངན་བསྐུལ་བྱས་ཚུལ་ལ་ཁ་གཡར་ཏེ། ཁོང་གི་དབུ་དཀར་པོའི་ཐོག་ལ་ཞྭྭྭ་ནག་པོའི་བསྐུར་བ་བླ་མེད་པ་ཞིག་བཏབ་པ་རེད།
དེ་ཡང་ྋགོང་ས་མཆོག་ནི་བོད་ཀྱི་བླ་མ་ཙམ་མིན་པར། འཛམ་གླིང་གི་ཉི་མ་ཡིན། དུས་རབས་ཀྱི་སྟོན་པ་ཡིན། ཞི་བདེའི་དེད་དཔོན་ཡིན་པས། རྒྱ་ནག་གི་གཡོ་སྒྱུ་དང་རྫུན་གཏམ་གྱིས་གནོད་པར་མི་འགྱུར་ཡང༌། རྒྱ་ནག་གིས་དུས་རྒྱུན་དུ་ཁོང་ལ་མཚན་སྨོད་བྱེད་པ་དང་བསྐུར་བ་འདེབས་པ་འདིས་བོད་མི་རིགས་ཀྱི་སྙིང་ནད་ཆེར་བསྐྱེད་དེ། བོད་རྒྱ་ཞི་འགྲིག་དང་མི་རིགས་མཉམ་གནས་ཀྱི་ཁོར་ཡུག་ལ་གཏོར་བརླག་བཏང་པ་རེད་ལ། བྱེད་སྟངས་འདིའི་སྟེང་ནས་རྒྱ་ནག་གིས་འཛམ་གླིང་མི་མང་གི་མདུན་ནས་རང་མཚང་རྟོལ་བ་ཡིན་པས། རྒྱ་ནག་རང་ལ་ཉིན་རེ་ནས་ཉིན་རེར་ཉེན་ཁ་ཆེར་བསྐྱེད་པ་རེད། རྒྱ་ནག་གི་བྱ་སྤྱོད་འདིས་དུས་རབས་ཀྱི་རང་གཤིས་ལ་རྒོལ་བ་ཡིན་པས། དུས་རབས་ཀྱི་ངོས་ནས་རང་གི་བླ་སྲོག་སྲུང་བའི་འགན་འཁྲི་དང་ལེན་ལོས་བྱེད། སྟོན་པ་བསྐལ་བརྒྱར་བརྟན་གྱུར་ཅིག སའི་གོ་ལ་བསྐལ་བརྒྱར་བརྟན་གྱུར་ཅིག འཛམ་གླིང་ཞི་བདེ་བསྐལ་བརྒྱར་བརྟན་གྱུར་ཅིག