གཅན་ཚ་སྒྲོལ་མ་གཡང་སྐྱིད།
ང་ཚོ་ལྡོམ་པོ་ལྡོམ་མོ་ཡིན་པས་གཟི་བརྗིད་ཆེ། །
ཕ་མའི་བརྩེ་བ་མེད་ཕྱིར་ལྡོམ་ནས་སོང་བ་མིན། །
རང་གི་ལྟོ་རྒྱབ་དཀའ་བས་ལྡོམ་ནས་སོང་བ་མིན། །
ང་ཚོ་དམིགས་ཡུལ་ཡོད་པའི་ལྡོམ་པོ་ལྡོམ་མོ་ཡིན། །
མི་རིགས་ལས་དབང་སྙིང་ལ་བསྒོམས་ནས་ལྡོམ་གྱིན་ཡོད། །
འཛམ་གླིང་མི་ལ་ལག་རྡང་སྦྲེལ་ནས་སྡོམ་གྱིན་ཡོད། །
ང་ཚོ་ལྡོམ་པོའི་ནང་གི་མཆོག་གྱུར་ལྡོམ་པོ་ཡིན། །
ང་ཚོ་ལྡོམ་པོར་སྡིགས་ན་རྒྱུས་ལོན་ཡོད་ནི་བྱོས། །
ང་ཚོ་ལྡོམ་པོ་ལྡོམ་མོ་ཡིན་པས་བསོད་ནམས་ཆེ། །
རྩ་བའི་བླ་མའི་ཐུགས་དགོངས་སྒྲུབ་ཀྱིན་ལྡོམ། །
མི་རིགས་བདེ་སྡུག་ཕྱི་རུ་སྒྲོག་གིན་ལྡོམ། །
ཆོས་དང་རིག་གནས་ཁྱབ་སྤེལ་བྱེད་ཀྱིན་ལྡོམ། །
སྐད་དང་ཡི་གེ་སྲོག་ལྟར་གཅེས་ཀྱིན་ལྡོམ། །
ལ་རྒྱའི་དབུ་འཕང་གྱེན་དུ་འདེགས་ཀྱིན་ལྡོམ། །
མི་ཚེའི་དམིགས་འདུན་ཆེད་དུ་ལྡོམ་ནས་ཡོད། །
ང་ཚོ་ལྡོམ་པོར་སྡིགས་ན་གནས་ལུགས་ཤེས་ནི་བྱོས། །
ང་ཚོ་ལྡོམ་པོ་ལྡོམ་མོ་ཡིན་པས་སྤོབས་པ་མཐོ། །
རྒྱལ་ཁབ་སོ་བརྒྱད་ནང་ན་ལྡོམ་པོ་ལྡོམ་མོ་ཡོད། །
སྔོན་ཆད་མེད་པའི་ལོ་རྒྱུས་ཟིན་ཐོ་སྐྲུན་བཞིན་ཡོད། །
འཛམ་གླིང་ལྟད་མོ་མིག་གིས་མཐོང་ནས་ལྡོམ་གྱིན་ཡོད། །
རང་དབང་ཞི་བདེ་ལོངས་སུ་སྤྱོད་ཀྱིན་ལྡོམ་བཞིན་ཡོད། །
རང་ལ་འཚམ་པའི་འཁོར་བ་བཟུང་ནས་ལྡོམ་གྱིན་ཡོད། །
ཟས་གོས་གང་བཟང་ལོངས་སུ་སྤྱོད་ཀྱིན་ལྡོམ་བཞིན་ཡོད། །
སྐད་རིགས་སྣ་མང་ངག་ལ་བྱང་བཞིན་ལྡོམ་གྱིན་ཡོད། །
ང་ཚོ་ལྡོམ་པོར་སྡིགས་རྒྱུར་གནས་ཚད་ལོངས་ནི་བྱོས། །
ང་ཚོ་ལྡོམ་པོ་ལྡོམ་མོ་ཡིན་པས་བྱས་རྗེས་ཆེ། །
དྲིན་ཆེན་ཕ་མར་འཁེན་ནས་འཚོ་བ་རོལ་གྱིན་མེད། །
སྤུན་མཆེད་གཉེན་ཉེ་སྡུག་ལ་སྦྱར་ནས་སྡོད་ཀྱིན་མེད། །
བླ་ཆེན་སྐྱེས་ཆེན་གོང་དུ་བཀུར་བཞིན་ལྡོམ་གྱིན་ཡོད། །
ཉམ་ཆུང་སྤུན་ལ་རོགས་སྐྱོར་སྣ་མང་བྱེད་ཀྱིན་ཡོད། །
ལྷ་སྡེ་དགོན་སྡེར་གསེར་གྱི་འབྲེལ་ཐག་དམ་ནས་ཡོད། །
མི་རིགས་ལ་རྒྱའི་མགོ་འཕང་དགུང་ལ་མཉམ་ནས་ཡོད། །
ཕྱི་རོལ་མི་ལ་བག་ཆགས་བཟང་བོ་འཇོག་གིན་ཡོད། །
ང་ཚོ་ལྡོམ་པོར་སྡིགས་རྒྱུར་ངོ་ཚ་ཡོད་ནི་བྱོས།
ང་ཚོ་ལྡོམ་པོ་ལྡོམ་མོ་ཡིན་པས་ལས་བསོད་བཟང་། །
རང་དབང་འདྲ་མཉམ་ལུས་དང་སེམས་ཀྱིས་མྱོང་གིན་ཡོད། །
གར་འགྲོ་གར་འདུག་ཅི་བཤད་རང་གི་འདོད་པ་ཡིན། །
ཅི་ལ་བལྟ་མཉན་འདོད་ན་འགོག་ནི་འཛིན་ནི་མེད། །
སུ་ལ་དད་ན་དེ་ཡི་རྗེས་སུ་འབྲངས་པའི་ཐོབ་ཐང་ཡོད། །
གང་ཞིག་བསྒོམས་ན་གཅར་དང་རྡུང་བའི་འཇིགས་སྐྲག་མེད། །
ཅི་ཞིག་འབྲི་ན་ལག་པ་ལྕགས་ཀྱིས་སྡོམ་ནི་མེད། །
གང་ཞིག་གྱེར་ཀྱང་ཆབ་སྲིད་ཞྭ་མོ་གཡོག་ནི་མེད། །
མི་འདོད་ཟོལ་བསྟོད་བཙན་གྱིས་མགོ་ལ་འཇོག་ནི་མེད། །
རང་དབང་བདེ་བ་ལྷ་དང་མཉམ་བཞིན་ལྡོམ་གྱིན་ཡོད། །
ང་ཚོ་ལྡོམ་པོར་སྡིགས་རྒྱུར་ཆ་རྐྱེན་འདང་ནི་བྱོས། །
མདོར་ན་རེ་འགའི་མིིག་ལ་མི་མཛའ་བ། །
མཚོ་བཞི་གླིང་ལྔ་བརྒལ་བའི་ལྡོམ་པོ་རྣམས། །
ཕྱི་སྐྱོད་ལག་འཁྱེར་ནང་འཛུལ་ཆོག་མཆན་སོགས། །
ལྟོས་མེད་རྒྱང་བཞུད་བརྩམས་པས་བྱ་དང་འདྲ། །
གང་ལ་འཇིགས་ཞུམ་བྲལ་བས་སྟག་དང་འདྲ། །
ཐབས་རྩལ་བློ་རིག་མྱུར་བས་གློག་དང་འདྲ། །
གཞན་གྱི་མིག་ལ་མཛའ་བས་གསེར་དང་འདྲ། །
འཚོ་ཚིས་སྣུམ་བག་ལྡན་པས་གཏེར་དང་འདྲ། །
མི་ཆོས་འགྲོ་ལུགས་ཤེས་པས་མཁས་པ་འདྲ། །
ཡ་རབས་བཟང་སྤྱོད་ལྡན་པས་ལྷ་དང་འདྲ། །
བསམ་བློ་ཞིབ་ཏུ་བཏང་ན་ཁྱད་དུ་འཕགས། །
འོན་ཀྱང་ཕ་ས་མ་གཞིས་མ་ཟིན་ནས། །
སྨད་ཕྱོགས་པེ་ཅིང་སྟོད་ཀྱི་ལྷ་ས་དང་། །
ཟི་ལིང་མཁར་དང་ཆབ་ཆ་རེབ་གོང་སོགས། །
གྲོང་དང་གྲོང་རྡལ་མཐའ་ན་ཁྭ་སྐྱག་བཞིན། །
བདག་མེད་ལྡོམ་པོ་ཁྱུ་དང་ཁྱུ་ལུད་པ། །
འབུ་ནག་བསེ་བོ་སྒལ་ལོག་བྱེད་པ་བཞིན། །
འཕག་འཚག་བྱས་ཀྱང་འཆི་ས་གད་ཁུང་སྟེ། །
ས་རྒྱ་ཆོད་མིན་སྒལ་ཚིགས་མཁྲེགས་མིན་དང་། །
མྱི་གོ་ཆོད་མིན་རྒྱུ་བདག་ཡོད་མེད་དང་། །
ཕ་མར་གུས་མིན་རང་ཚུགས་བརྟན་མིན་དང་། །
མ་རྩ་ཡོད་མེད་འཇོན་ཐང་ཆེ་མིན་དང་། །
མི་ཚེའི་འཚོལ་སྙེག་ཕུགས་ཀྱི་དམིགས་འབེན་སོགས། །
གནམ་དང་ས་ཡི་བར་ཁྱད་ཡོད་ལེ་རེད། །
དབྱར་དང་དགུན་གྱི་ཁ་མདོག་ཡོད་ལེ་རེད། །
ལྡོམ་དང་མ་ལྡོམ་འཁྱམས་དང་མ་འཁྱམས་དང་། །
ཕྱི་དང་ནང་གི་དབྱེ་བ་བཀར་བཀར་ནས། །
ཕུ་ནུའི་མཛའ་སེམས་གཅོད་པའི་དྲ་འབུ་ཚོ། །
ཁ་དང་སེམས་ལ་ཚད་ཚོད་ཡོད་ནི་བྱོས། །
མི་དང་བདག་པོའི་ཁྱད་པར་ཤེས་ནི་བྱོས། །
ལྷ་དང་འདྲེ་ཡི་དབྱེ་བ་ཁོར་ནི་བྱོས། །
ལོ་རྒྱུས་བདེན་པའི་ཉེས་པ་མེད་ནི་བྱོས། །
ཐོག་མའི་ཁ་ཏའི་ལྗིད་ཚད་ཤེས་ནི་བྱོས། །
ལེགས། ཉིད་ཀྱི་སྙན་རྩོམ་ལ་མཇལ་བས་སྤྲོ།