ཁྲོ་གཏུམ།
མི་རབས་ལྡོམ་པོའི་གྲོས་ཀྱི་ཕྱིར་བལྟས་སྣང་ཚུལ།
ཁ་དོག་ཡལ་བའི་སྤྱི་ཚོགས་ཤིག་གི་ཁུ་ཚུར་འོག་ནས། སུ་ཞིག་གིས་དུས་རབས་ཉེར་གཅིག་པའི་ངོ་གདོང་ལ་དངོས་སུ་ཕྲད་དེ་མྱི་ཡུལ་ལ་བཏབ་པའི་ལེགས་སྐྱེས་དཔར་བ་རེད། གང་ཞིག་གིས་གཉིད་དུ་ཡུར་བའི་སྤྱི་ཚོགས་ཤིག་གི་རྨི་ལམ་བཙན་གྱིས་དཀྲོགས་སུ་བཅུག
“འཛམ་གླིང”ཞེས་པའི་ཡིག་འབྲི་རྡོག་གཉིས་པོ་འཇོང་དབྱིབས་ཅན་གྱི་གོ་ལའི་ངོས་ཡོངས་སུ་འཐིམས་པ་ནས། མི་ཡུལ་གྱི་གླིང་ཕྲན་ནས་གླིང་ཕྲན་ལ་བསམ་གཞིགས་བརྗེ་རེས་དང་རིག་གནས་ཞིབ་བརྡར་གྱི་བརྡ་འཕྲིན་དང་ཤོག་ལྷེ་བཙས་པར་གྱུར། དུས་རབས་སྔ་མོ་ནས་མི་དོན་གླེང་སྟེགས་ཀྱི་རིག་གནས་སྙིང་སྟོབས་ཤིག་གིས་ཤར་ནུབ་མི་ཚོགས་ཀྱི་སྲོལ་རྙིང་ལ་ཕོག་ཐུག་གཏོང་དུ་སླེབས་ཡོང་བ་ལ། དཔྱོད་ཤེས་དང་གསར་བསྐྲུན་གྱི་མི་བུ་བློ་མིག་ཅན་གྱིས་རང་གི་ཉེ་འཁོར་ལ་དུང་བརྡ་གཉིད་མི་བཟོད་པ་ཞིག་འཕངས་པ་ནི་རིག་གནས་ཤིག་གི་སྣང་ཚུལ་རེད་འདུག
“ལྷ་ལུང་དཔལ་རྡོར་ལྷ་དང་གླང་དར་མ་འདྲེ”རུ་བཟུང་བའི་འདུ་ཤེས་ཀྱིས་མདོ་དབུས་མཐོ་སྒང་ལ་རྨོངས་དད་ཆོས་ལུགས་པའི་རིག་གནས་ཤིག་གི་དབང་བསྒྱུར་ལ་འཐམས་ནས་དུས་རབས་དང་དུས་རབསཀྱི་ངོ་གདོང་ལྷ་མིག་ཏུ་གཅུད། སུས་ཀྱང་མཐོང་མ་ཐུབ་པའི་ཕུགས་འདུན་སྨུག་པོ་དེ་ནི་བུ་རབས་ཚ་རྒྱུད་ཀྱི་སེམས་ཁོང་ལ་བླུག་པས། སྤྱི་ཚོགས་རིག་གནས་ཀྱི་འཕེལ་རྒྱས་ལ་རྩ་བ་མ་འབུས་ཤིང་། ལྷ་ཆོས་རིག་གཞུང་གི་ས་བོན་ཤེས་མིན་ཀུན་གྱིས་གཉོར་འདུག་པ་ལས་ང་ཚོའི་འཚོ་བའི་ཁ་ཕྱོགས་སུ་འཕེལ་རྒྱས་རང་བཞིན་གྱི་དགོས་མཁོ་བསྐྲུན་མ་བཏུབ་པ་རེད།
“ན་གཞོན་གསར་བའམ་མི་རབས་ཕྱི་མ”དག་གི་བསམ་བློའི་འགུལ་བསྐྱོད་དེ་ཉེ་འཁོར་གྱི་རིག་གནས་གཞན་ཞིག་ལ་གདོང་གཏུགས་བརྒྱབ་པ་ན། བློ་གྲོས་ཀྱི་ལྗང་ལོ་དེ་ནི་དངོས་དོན་འཚོ་བའི་མི་ཚོགས་ཀྱི་དགའ་ཚལ་ཏུ་རྒྱས་མགོ་བཙུགས་ཤིང། དགེ་ཆོས་ཀྱིས་རྐང་ཐང་གི་འགྲུལ་བཞུད་བྱས་ཏེ་ཕྱིར་ཕ་ཡུལ་ལ་སླེབས་དུས་ཉེས་མེད་བཙོན་བཅུག་གི་མནར་གཅོད་ཁྲོད་དུ་མི་ཚེ་རྫོགས་པ། ལུང་ཤར་གྱིས་ཕྱིའི་སློབ་གསོ་དང་མཐོང་སྣང་ཁྱེར་ནས་རི་ལུང་འདིའི་སྲིད་ལུགས་བཅོས་སྒྱུར་བྱེད་འདོད་ཀྱང་། མྱིག་འབྲུའི་མནར་གཅོད་ཀྱི་གོ་རིམ་ཁྲོད་ནས་བསད་པ་རེད། རང་གྲོལ་གྱིས་སྤྱི་ཚོགས་སྔོག་འདོན་གྱི་གསར་རྩོམ་གང་མང་སྤེལ་ཡང་མཐར་རང་གི་ཚེ་སྲོག་གིས་བརྡ་ལན་སྤྲད་དེ་བཞུད་སོང་ཟིགའདི་དག་གིས་བོད་མི་རིགས་ཀྱི་ལས་དབང་ལ་ཞིབ་བཤེར་བྱས་ཏེ་གོ་ལའི་སྒང་གི་མི་རིགས་གཞན་དང་གཞན་འདྲ་བར་སྤྱི་ཚོགས་རྙིང་བའི་བེམ་པོ་ལ་གསར་བཏོད་ཀྱི་བླ་སྲོག་བསྐྲུན་ཡོད་པ་རེད། མེས་པོ་ཚོའི་ཀླད་རྙིང་གཏོར་མ་ཐུབ་རུང་མི་རབས་ཕྱི་མའི་འགུལ་བསྐྱོད་ཀྱི་མདུན་ལམ་ལ་འོད་སྟོང་འཕྲོས་སུ་འཇུག་བསམ་པ་རེད། འདི་དག་ནི་དུས་རབས་ཉི་ཤུའི་ནང་གི་བསམ་བློ་སྔོན་བསྐྱོད་པ་དག་དང་ལྷག་པར་དུ་དུས་རབས་འདིའི་ལོ་རབས་བརྒྱད་ཅུའི་ནང་དུ་དོན་གྲུབ་རྒྱལ་གྱིས་སྲོག་གི་བརྡ་ལན་སྤྲད་པ་རེད་འདུག
“དུས་རབས་ཉེར་གཅིག་པའི་ཚེས་མགོ་བསུ་མཁན”སྐུ་ཞབས་ཞོགས་དུང་ལགས་ཀྱིས་དུས་རབས་ཉེར་གཅིག་པའི་ལོ་འཁོར་དང་པོ་འདི་ཆེད་དུ་བདམས་ཏེ《དཔྱོད་ཤེས་རྒྱང་འབོད》ཀྱི་དར་ཆ་སྙིང་སྟོབས་ཀྱིས་བསྒྲེང་བ་དེ་ནི་ཧ་ཅང་རླབས་ཆེ་ཞིང་སྤྱི་ཚོགས་འདིའི་རིག་གནས་སྣང་ཚུལ་ལ་ཕོོག་ཐུག་དང་མི་རབས་གསར་བའི་རིག་གནས་སྤུས་ཚད་ལ་གསར་བཏོད་དང་སྙིང་སྟོབས་སྐྲུན་བྱེད་ཀྱི་ངར་ལྕགས་ལྟ་བུར་གྱུར། ལོ་དེ་ནས་བཟུང་ཁྱེད་ཀྱི་ཐུགས་སེམས་དྲོན་མོ་བདེ་རུ་བབས་མ་མྱོང་ལ་ལྷག་བསམ་དཀར་པོས་ངལ་གསོ་བརྒྱབ་མ་མྱོང་བ་ཏན་ཏན་རེད། སྐབས་དེའི་འདུ་ཤེས་རྨོངས་ཁྲིད་ཀྱི་ཤེས་ཡོན་ཁ་ཕྱོགས་ཤིག་ལ་ཐད་ཀར་གཏོར་བཤིགས་བཏང་པའི་《རྨོངས་སྐྲན་འཇོམས་པའི་གཏར་ཁ》་ཡིས་གུས་བཀུར་འདུ་ཤེས་ཀྱི་དགྱེ་སྒུར་ཁྲོད་ནས་སློབ་དཔོན་གྱི་གསུངས་ནོར་མེད་དུ་འཛིན་པའི་བསམ་བློ་ཞིག་གི་འཆར་གཞི་འཆོལ་སོང། ཨུ་ཚུགས་འདུ་ཤེས་ཀྱི་སྤྱི་ཚོགས་སུ་དགག་ལན་བརྒྱ་ཆའི་བརྒྱད་ཅུར་འཕེལ་བ་འདི་ལས་བོད་ཀྱི་རིག་གནས་ཀྱི་ཁྱབ་ཚད་དང་རིག་གཞུང་གི་བློ་ཁོག་མཚོན་ཡོད་པ་རེད། ཡིན་ནའང་ཁྱེད་རང་ནི་སྟག་གི་རྔ་མར་འཇུས་ན་འཇུས་ཤ་སྟག་གི་དཔའ་རྒོད་དེ་ཡིན་པས། ད་དུང་མུ་མཐུད་དུ་《དོགས་སློང་སྙིང་སྟོབས》ཀྱི་གསར་བུ་ཞིག་མི་ཚོགས་སུ་བཏང་བ་རེད་ལ། སྐབས་དེ་དུས་གཞོན་སྐྱེས་མང་པོ་ཞིག་གི་སེམས་ཁོང་ནས་ཁྱོད་ཀྱི་དེབ་ཀློག་པར་གྲ་སྒྲིག་དང་རེ་སྒུག་བཅངས་པ་མ་ཟད། བློ་སྙིང་རྒན་པོ་དག་གིས་ལྟ་མི་ཉན་པར་སྐུལ་བའི་བསམ་དོན་འགྲུབ་ཀྱི་མེད་པའི་ཆུ་ཚོད་ཅིག་ཏུ་གྱུར་བ་འདི་ནི་མ་ཁྲན་ལི་ལྡིར་ཁཱན་གྱིས་མི་རིགས་ནག་པོའི་འཐབ་རྩོད་བྱེད་སྐབས་སུ་རླངས་འཁོར་དུ་མི་མི་འདུག་པའི་ལས་འགུལ་ལ་ལམ་ལྷོང་ཆེན་པོ་བྱུང་བ་དང་ཤིན་ཏུ་འདྲ། དེ་ནས《རིག་ཤེས་ཀུན་གྲོལ》གྱི་དེབ་ཕྲེང་འདིས་ཉི་མ་ལྷ་སའི་རིག་གནས་སྣང་ཚུལ་གཙོས་ཆོལ་གསུམ་གྱི་མིའི་རིག་གནས་ཀྱི་ཁ་ཕྱོགས་ཤིག་བསྟན་པ་རེད། དེའི་འཕྲོར་ཞི་རྒོལ་ཆེན་མོའི་བསམ་བློའི་སྣང་ཚུལ་དང་འཕྲོས་ནས་དེབ་ཕྲེང་རྗེས་མ་དེའི་ཤེེད་ཤུགས་ཀྱིས་སྤྱི་ཚོགས་ཀྱི་ཕྱི་ནང་ཀུན་ཀྱིས་ཁྱེད་ནི་མི་དོན་གླེང་མཁན་གྱི་མི་དྲང་བདེན་པ་དང་ཤ་ཞེན་པའི་ལྟ་ཚུལ་ཞིག་ཏུ་ངོས་བཟུང་སྟེ། ཤེས་ཡོན་པའི་ཁ་ན་ཞོགས་དུང་གི་ལོ་རབས་གཅིག་ཅེས་པའི་གོ་ས་ཞིག་ཡང་སྤྲོད་ཀྱིན་འདུག གོ་རིམ་ལྡན་པ་དང་བརྒྱུད་རིམ་ཡོད་པ།ཁ་ཕྱོགས་འཛིན་པའི་ལྟ་ཚུལ་མ་ནོར་བར་མདུན་མཆོངས་ཤར་རྒྱགས་བྱས་པའི་ཤུལ་ལམ་འདི་ནས་བོད་ཀྱི་ན་གཞོན་ཀུན་གྱིས་ངོས་འཛིན་མ་ཐོབ་རུང་སྡང་སེམས་མེད་པ་ཞིག་ཏུ་གྱུར་འདུག།
“གཞོན་སྐྱེས་གང་མང་ཞིག་གི་སེམས་ཁོང་ན་”ང་ཚོའི་ཡུལ་གྲུ་ཆུང་ཆུང་འདིར་བཙན་པོ་གླང་དར་ནས་བཟུང་རིག་གནས་ཞིབ་བཤེར་གྱི་མགོ་བཟུང་ཡོད་ལ། དུས་རབས་བདུན་པ་ནས་དགུ་བའི་བར་གྱི་རིག་གནས་སྣང་ཚུལ་ཞིག་ལ། བཙན་པོའི་རྒྱལ་རྒྱུད་ཁྲོད་ནས་བོད་ལ་ཕྱིིའི་རིག་གནས་ནང་འདྲེན་བྱེད་པའི་སྐབས་དང་རིག་པའི་ལྟ་བ་དེ་ལག་བསྟར་ལེན་པའི་སྐབས་ཤིག་ཏུ་ཁེལ་འདུག དགུ་བ་ནས་ཉི་ཤུའི་ཡས་ཕྱོགས་བར་དུ་བོད་ལ་ནང་བསྟན་རིག་གནས་སྤེལ་བའི་ཡུལ་སྲོལ་ཞིག་བསྐྲུན་འདུག་ལ། རྒྱ་གར་གྱི་ཆོས་ལུགས་ཆེད་མཁས་པ་གདན་འདྲེན་བྱེད་པའི་འགྲན་རྩོད་ཅིག་བྱུང་སྟེ་ལུས་པ་རེད། དུས་རབས་ཉི་ཤུ་ནས་ལུང་ཤར་དང་དགེ་ཆོས།དོན་གྲུབ་རྒྱལ་སོགས་ཀྱིས་མི་རིགས་འདིའི་ལས་དབང་གླེང་སྟེ་མནར་གཅོད་མྱངས་བ་རེད། དུས་རབས་ཉེར་གཅིག་ནས་ཨ་ཕོ་ཞོགས་དུང་གིས་མི་རིགས་འདིའི་རྨོངས་སྲོལ་ལ་རྣག་ཐོག་ཁབ་གཙགས་བྱས་ཏེ་རིག་གནས་པ་སྐྱ་སེར་ཀུན་གྱི་གླེང་གཞི་གཙོ་བོར་གྱུར་བ་དང་། ཁོང་གིས་སྙིང་སྟོབས་རྒྱུན་འཁྱོངས་ཀྱིས་མུ་མཐུད་དེ་དེབ་ཕྲེང་དེ་དག་ནི། ལོ་རབས་གཅིག་གི་དགག་རྩོམ་འཐབ་རྩོད་དེ་ཡིན་འདུགདུས་འདི་ནས་ང་ཚོས་ཡར་ལྟ་མར་ལྟ་ཞིག་བྱས་པ་ཡིན་ན། ད་ནི་དངོས་གནས་ང་ཚོའི་སྤྱི་ཚོགས་འདིའི་ངོ་གདོང་ན་མི་སྐད་རྒྱག་མཁན་ཇེ་མང་དང་མི་དོན་སྨྲ་བའི་ཕྱོགས་འཛིན་མཁན་ཡང་མང་དུ་འགྲོ་གིན་འདུག དེར་བརྟེན་ང་ཚོས་འཚོ་བ་གསར་བ་ཞིག་གིས་རི་ཆུ་ནགས་གསུམ་ལ་ཁ་བརྡ་དྭངས་མོ་དེ་བསྙལ་ཆོག་ལ། མེས་པོའི་ལྷ་སྒྲུང་ལ་འགྲེལ་བཤད་གསར་བ་དང་ལྷ་སྒྲུང་སློབ་གསོ་ལ་བླ་སྲོག་གསར་བ་བསྐྲུན་ཆོག་པའི་སྙིང་སྟོབས་ཤིག་བསླངས་ཡོད།
“འབྱུང་འགྱུར་རིག་གནས་ལ་སྒོ་གླེགས་འབྱེད་མཁན”དུས་རབས་འདིའི་མགོ་ཐོག་ནས་མི་རིགས་ཤིག་གི་བླ་སྲོག་རྒྱང་འབོད་བྱས་ཏེ། “གནས་ལུགས་ཇི་ལྟར་ཤུགས་ཆེ་ན།། དུང་ཞེན་ལ་ནི་དེ་ལྟར་གནོད།།”ཅེས་པའི་སྡོམ་ཚིག་འདི་ཡིས་རིགས་རྒྱུད་འདིའི་ཤེས་ཡོན་གྱི་ཁོག་རྒྱ་མཚོན་ལ། བསམ་བློ་བརྗེ་རེས་དང་གུ་ཡངས་སྙིང་སྟོབས་ཀྱི་གླིང་ཀ་མེད་པར་མཁས་པའི་བཤད་པ་ཅི་ཡང་བདེན་པའི་གཅིག་ཁ་ཆིག་གཅོད་ཀྱི་ལམ་བུ་ཞིག་ཏུ། ཁྱེད་ཀྱིས་ཞོགས་པའི་དུང་སྒྲ་ཞིག་བཏང་བ་འདི་ནི་མི་རིགས་འདིས་སྔ་མོ་ནས་གྲ་སྒྲིག་དང་དཔྱོད་ཤེས་ཀྱིས་རང་གི་ཁྱིམ་གཞི་སྲུང་སྐྱོབས་མ་བྱས་ན། འཛམ་གླིང་ཤེས་རིག་གི་འགྱུར་ལྡོག་དང་སྐད་ཡིག་ཆུང་ཆུང་གི་ཤི་སྟངས། གྲངས་ཉུང་མི་རིགས་གང་མང་ཞིག་སྟོབས་ཅན་རྒྱལ་ཁབ་གང་གང་ལ་འཐིམ་གྱིན་པ་དང་ཚར་བའི་སྣང་ཚུལ་བསྟན་པ་རེད་ལ། མི་དོན་གླེང་སྟེགས་གསར་བ་བསྐྲུན་ཏེ་ང་ཚོས་ཡང་རང་ཉིད་ལ་མཁོ་བའི་དངོས་པོ་བཟོ་སྐྲུན་ཙམ་ཤེས་དགོས་བ་ནི་མ་མཐའི་ཆ་རྐྱེན་ཡིན་པའི་གསལ་ཁ་འབྱེད་མྱོང་བ་ལགས། ཨོ་བྷ་མས་སྲིད་འཛིན་དམ་བཅའ་བསྒྲགས་སྐབས། “འཛམ་བུ་གླིང་གིས་ཤེས་དགོས་པ་ཞིག་ནི་་་་་ གྲང་ངར་ཤིན་ཏུ་དགོད་པའི་དགུན་གཞུང་ཞིག་ཏུ། རེ་བ་དང་ཨ་མེ་རི་ཁ་ལས་གསོན་མི་ཐུབ་པའི་ཉག་ཕྲའི་སྐབས་འདིར།”བསྙད་པ་འདི་ལས་སྙིང་སྟོབས་ཤིག་མཚོན་ལ་ཁ་ཕྱོགས་དང་ལ་རྒྱ་ཞིག་གིས་གཞན་གྱི་རིག་གནས་དག་གི་ཉེན་ཁ་བསྟན་འདུག
ད་དུང་ཁོང་གིས“ང་ཚོ་ནི་དཀའ་ངལ་ལ་མགོ་བོ་མི་སྒུར་ཞིང་ཕུགས་བསམ་ལ་འགྱུར་བ་མི་གཏོང་བའི་གདོང་ལེན་པ་དེ་ཚོའི་མཚོན་བྱེད་ཡིན”པའི་སྐད་ཆ་དགུ་ཟུར་མ་ཞིག་གིས་ང་ཚོའི་ངོ་གདོང་གཤགས་ཏེ་སླེབ་པ་ཡིན་ན། སྐུ་ཞབས་ཞོགས་དུང་ལགས་ཀྱིས་ལྷའི་ཞིང་ཁམས་དུང་སྤྲུགས་བཏང་ནས་མི་ཡུལ་གྱི་གོམས་སྲོལ་སླར་གསོ་བྱེད་པའི་ལས་འགུལ་དེ་ནི་ནུབ་ཕྱོགས་པའི “མཚོན་དོན་རིང་ལུགས”ལྟར་མིན་པར་འབྲོག་རྒན་ཚོའི་ཁ་རུ་ཁ་ཐུག་གི་ཐབས་ཤེས་ལག་བསྟར་བྱས་པས། ངེད་ཚང་གི་འདུ་ཤེས་རྙིང་བས་ཁོང་ལ་ངན་བསྔགས་ཅི་ཞིག་གི་བརྒལ་ལན་སྤྲད་མ་མྱོང་བ་རེད། གྲོགས་སྙན་ངག་པ་རས་པས“བདེན་དོན་སྲོག་ཏུ་བཞག་པའི་རྩོམ་རིག་ནི་ཆོས་ལུགས་ལས་དམན་པ་ཅི་ཡང་མིན”ལབ་མྱོང་བ་བཞིན། ང་ཚོས་ཡང་གཅེས་མ་ཤེས་གཅེས་ཕྲུག་གཅེར་བུར་ཕུད་པ་ལྟ་བུའི་ཡུལ་གྲུ་ཞིག་ལ་འབོད་བརྡ་དང་འབོད་སྐུལ་བྱེད་པ་དེ་ཤ་ཚ་བ་ཡིན་པས་ཚིག་སྙན་མོ་ཞིག་གིས་སུ་ལ་རྫུན་བཤད་དེ་འདུག་ཁོམ་ཡོད། “རོ་མའི་ཆབ་འབངས་ཀྱི་དཔལ་ཡོན་དར་རྒྱས་ཆེ་བའི་སྐབས་དེར་ཡེ་ཤུའི་ཆོས་ལུགས་གསར་མ་སླེབས་ནས་རོ་མ་སིལ་བུར་ཐོར་དགོས་སོང་བ”དང་རྒྱ་གར་གྱི་རྒྱལ་བོ་ཨ་ཤོ་ཀའི་ང་ཚོའི་ཆོས་ལུགས་འདིའི་མ་ཕྱིའི་སྐབས་སུ་སྦྱིན་བདག་མཛད་པའི་མཛད་རྗེས་རླུང་ལྟར་གྲགས་ན་ཡང། དེང་རབས་མི་རིགས་རིང་ལུགས་ཀྱི་སྲིད་འབྱོར་རིག་གསུམ་ལ་མཁོ་བའི་ལག་རྗེས་ཅི་ཡང་བཞག་མེད་པ་མ་ཟད་ཤུལ་མེད་གྱང་གོག་གི་ཡུལ་སྐོར་སྤྲོ་འཆམ་པ་ཚོའི་པར་ཆས་འགོད་ས་གཅིག་པུ་དེ་རེད་འདུག འདི་ལྟ་བུའི་རིག་གནས་ཤིག་གི་ངོ་བོས་ངེད་ཚང་གི་གཞི་ཁྱིམ་ལ་མཛུབ་སྟོན་ཅི་ཞིག་བྱེད་ངེས་རེད། དུས་ཀྱི་འཕོ་འགྱུར་ནི་སྲིད་འབྱོར་རིག་གསུམ་གྱི་མཛུབ་རྩེ་ན་འདེད་གྱིན་པས། འདི་ལ་རང་མྱིས་སེན་བཏོག་མ་བྱས་རུང་གཞན་གྱི་རིག་གཞུང་གིས་གཏོར་བ་ཏན་ཏན་རེད། དེ་བས་སྐུ་ཞབས་ཞོགས་དུང་གི་བསམ་བློའི་མ་གདན་སྟེང་ན་རིགས་རྒྱུད་འདིའི་མདུན་བསྐྱོད་ལམ་བུ་བསྙད་པ་མ་ཟད། མིའི་འཚོ་བའི་དགོས་མཁོ་དང་མིའི་རིག་གནས་ཀྱིས“བདག”འཚོལ་ཏེ་སྙིང་སྟོབས་དགུ་འགྱུར་གྱི་ལམ་བུ་ཞིག་ཁོང་གི་ཆེད་དེབ་བཞི་བོའི་ཡང་སྟེང་ན་འོད་ཀྱིས་འཁྱུད་ཅིང་འདུག་གོ། དེར་བརྟེན་ངའི་བསམ་ཚུལ་ཞིག་ལ། རྒན་པ་རྣམས་གུ་ཡངས་རྒྱུ་དང་གཞོན་སྐྱེས་རྣམས་ཀྱིས་མི་དོན་གླེང་མོལ་ལ་ཀུན་མཐོང་བློ་ཁའི་ནང་ཤ་བསྙལ་ཏེ། ང་ཚོས་སྐུ་ཞབས་འདི་ལྟ་བུ་མིག་དཔེར་བཀོད་ནས་ང་རྒྱལ་དང་སྙིང་སྟོབས། ཆིག་སྒྲིལ། གསར་བཏོད་དང་རང་ཉིད་རང་གིས་བསྐྲུན་རྒྱུའི་བསམ་བློའི་མོས་འདུན་ཉར་བར་བྱས་ན་མིའི་འཇོན་ཚོད་ལ་བསྙེགས་མི་ཐུབ་པའི་བློ་ཕམ་ཅི་ལ་འབྱུང་། ངེས་པར་དུ་མདུན་ལམ་ནས་མགོ་བོ་མི་རྨོངས་བ་དེ་ནི་གལ་ཆེ་འདུག
“མྱི་ཁའི་བྲག་རྡོ་གཏོར་བའི་དཔའ་རྩལ་ཅན”ཁོང་གིས་འདུ་ཤེས་སྟུག་པོའི་བཙན་རྫོང་དུ་ལུས་སྲོག་དང་ལྟོ་རྒྱབ་ལ་མ་བསམ་པར་མི་རིགས་འདིའི་ཆེད་དང་མི་རབས་འདིའི་དོད་དུ“རང་ཉིད་ནས་མགོ་རྩོམ་པའི”འཆར་འགོད་བྱས་ཏེ་རི་མཐོ་ས་གཙང་གི་གནས་འདིར་དུས་རབས་གསར་བའི་བག་མ་བསུ་རུ་ཡོང་བ་རེད་ལོ། ཀོར་ཅིས་《རྒྱ་མཚོའི་ཁུག་རྟ》་ནང་གི“ཁེ་སྤོག་རིང་ལུགས་པ་རེ་ངང་དང་ཆུ་བསྐྱར། ངང་བ”གསུམ་གྱིས་དཔའ་ཞུམ་ཁོག་འདར་གྱིས་སོ་སོའི་རེ་འདོད་མ་འགྲུབ་པར་འཁྲབ་པའི་སྐྱོང་པོ་འགའ་རེ་ངེད་ཚང་གི་སྤྱི་ཚོགས་སུ་སྔོན་ནས་ཡོད་སྲིད་མོད། ཁོང་ཚོས་འབྱོར་ལྡན་གྲལ་རིམ་ལ་ཧེབ་ཀྱིས་བཅིངས་ཤིང་མི་དོན་འདྲ་མཉམ་དང་རིག་གནས་བསྡུ་ལེན་གྱི་བློ་མིག་ཞར་དུ་བཅུག་ཡོད་པས། སྤྲེལ་ལད་འཁྲབ་གཞུང་གི་སྣེ་མོ་ནས་རིག་གནས་གོ་རྟོགས་སེལ་མ་ནུས་པའི་གློག་རྒྱུན་ཉེན་འཚབ་ཅན་ཞིག་ཏུ་མཐོང་ལོས་སྲིད་ཡ། སྐུ་ཞབས་མེ་ལྕེ་ལགས་ཀྱིས་《རང་གྲོལ་དང་མི་རིགས་རིང་ལུགས》་ལས“བོད་རང་གི་ཉེ་རབས་ལོ་རྒྱུས་ཐོག་ནས་བལྟས་ན། རིགས་ཀྱི་འདུ་ཤེས་ཐོག་མར་སད་མཁན་དེ་མཁས་དབང་དགེ་ཆོས་ལགས་ཡིན་པ་དང། སྐུ་ཞབས་རང་གྲོལ་ལགས་ཀྱི་སྟེང་ནས་རིགས་ཀྱི་འདུ་ཤེས་ཇེ་གསལ་དུ་གྱུར་བ། སྐུ་ཞབས་ཞོགས་དུང་ལགས་ཀྱི་སྐབས་སུ་རིགས་ཀྱི་འདུ་ཤེས་འབུར་གཟུགས་སུ་ཐོན་ཡོད་པ་དེ་ལྟར་རེད”ཟེར་བའི་ལྟ་ཚུལ་འདིར་གནས་ལུགས་ཆེན་པོ་འདུག དུས་ཀྱི་ངོ་གདོང་ན་སུ་ཞིག་དཔལ་འབྱོར་གྱིས་ཇི་ལྟར་འདྲུད་པ་དང། གང་ཞིག་གཡམ་རྒྱུགས་ཀྱིས་དཔའ་ཞུམ་པ། ད་དུང་གོ་ཚད་ཐོས་ཚད་ཁ་ནས་ལབ་ཤེས་བ་དང་། རང་གི་དཔྱོད་ཤེས་ཀྱི་ཟབ་ཚད་ལ་རྒྱ་འཇལ་མ་བྱས་པ། འདི་དག་ལ་འཛམ་གླིང་གི་ཁ་ཕྱོགས་དང་མི་རིགས་ཀྱི་ཞན་ཆ་མ་མཐོང་བས་ལན་པར་འདུག
མཐར་དོན་ང་ཚོར་ཞོགས་དུང་གི་སྒྲ་དབྱངས་ཐོས་ཡང་གཉིད་ཅོག་རྒྱག་མཁན་ཡོད་ལ།རང་གི་ཉིན་རེའི་འཆར་འགོད་མེད་པར་སྔ་ལངས་འཕྱི་ཉལ་གྱིས་ལུས་ཤ་ཟད་གྱིན་པ་ཡང་མང་གི།ངས་བལྟས་ན།ད་ལྟ་ང་ཚོས་གཡམ་རྒྱུགས་ཀྱི་བསམ་བློར་ཚོད་འཛིན་བྱེད་སྤྱད་ཀྱི་ལག་ཆ་མངགས་ཉོ་བྱས་ཏེ།ཡང་བསྐྱར་རྨོངས་སྐྲན་གསར་བ་ཞིག་མི་འབུད་པའི་སྔོན་འགོག་བྱས་ན་བཟང་གི་བསམ།ཤེས་ཡོན་ལ་འཇུག་པ་ནི་མིའི་གོ་རྟོགས་སེལ་རྒྱུ་དེ་ཡིན་ན།ང་ཚོས་སོ་སོ་རང་ཉིད་ལ་ཤེས་ཡོན་གྱིས་བདག་བཟུང་བྱེད་དུ་མི་འཇུག་པར།རང་གི་རྣམ་དཔྱོད་ཀྱི་ལག་ཆ་རུ་སྣོན་རྒྱུ་དེ་རེད་སོང།མི་རིགས་རིང་ལུགས་ཡིན་ན་འདྲ།སྤྱི་ཚོགས་དཔྱད་བརྗོད་ཡིན་ན་འདྲ།རྒྱང་ལྟ་ཉེ་ལྟ་ཡིན་ཀྱང་ཆོགདེབ་ཀློག་བག་ཆགས་ཡིན་པ་གང་ལྟར་སོ་སོའི་བློ་མིག་ཏུ་བབས་པའི་ཕྱག་སྒྲོན་རང་ཚུགས་ཅན་ཞིག་མེད་དུས།མི་རབས་འདིས་དུས་རབས་འདིའི་མཇུག་མ་ཡང་མི་ཟིན་པའི་ཉེན་ཁ་ཅིག་གིས་ད་དུང་གཙེས་ཀྱིན་ཡོད་འགྲོ།
རྩོམ་འདི་འབྲེལ་གྱི་ཀློག་དེབ་འགའི་མིང་བྱང།
དཔྱོད་ཤེས་རྒྱང་འབོད། དོག་སློང་སྙིང་སྟོབས། རིག་ཤེས་ཀུན་གྲོལ། གནམ་ས་གོ་འབྱེད།
འཚེར་མའི་ལམ་གྱི་ང་རོ། རང་གྲོལ་ཞིབ་འཇུག དགུ་རོང་སྤུན་གྲོལ་གྱིས་གཙོ་སྒྲིག་བྱས་པའི་འདོན་ཐེངས་གཉིས་པ།
༢༠༡༡།༡༢།༢༠ལ་གྲུབ།
ཁྱོད་ཀྱི་ལྟ་བ་དེ་ནི་ཆེས་རྗེས་ལུས་ཀྱི་ལྟ་བ་ཞིག་རེད།
ཧཧཧཧ་་་་ངོ་མ་དགོད་བྲོ་བ་ཞིག་རེད། དོན་ཞོགས་སོགས་ཀྱི་ལྟ་བ་ནི་དམར་དམག་གི་ལྟ་བ་ཡིན་པ་བསྒྲུབས་ཚར་བ་དང་གཅིག ད་དུང་དེ་དག་གི་དེབ་དེ་དག་ཀྱང་མོའོ་ཙེ་ཏུང་གི་དམངས་གཙོ་གསར་བའི་རྣམ་བཤད་སོགས་ཀྱི་ཕྲུ་གུ་རེ་ཡིན་པ་ཡང་བསྒྲུབས་ཚར་རེད། ག་རེ་ལབ་ཀི་ཡོད།
ཚང་མ་ལོས་རྩོམ་ཡིག་འདི་བོད་ཕྱི་ནང་གཉིས་སུ་གང་མང་མང་གཏོང་རོགས། རིན་ཐང་ཆེན་པོ་འདུག
ཀར་བློ་གིས་རིན་ཐང་འདུག་ཟེར་དུས་རིན་ཐང་མེད་པ་དེ་ག་རང་གིས་སྟན་ཚར་བ་རེད།