སྙན་བཟང་གཡུང་དྲུང་ཚེ་རིང་།
དུས་རབས་བཅུ་དགུ་པའི་ཧྥ་རན་སིའི་རྩོམ་རིག་སྒྱུ་རྩལ་འདི་སྲོལ་རྒྱུན་ལས་དེང་རབས་ཀྱི་ཕྱོགས་སུ་ཁ་ཕྱོགས་པའི་དུས་རབས་ཤིག་ཡིན་ཅིང་། དུས་རབས་འདིའི་ནང་ཕུལ་དུ་བྱུང་བའི་སྙན་ངག་པ་དང་། རྟོག་སྒྲུང་འབྲི་མཁན་ཧ་ཅང་མང་པོ་བྱོན་པའི་དུས་རབས་ཤིག་ཡིན་སྟབས། ཧྥ་རན་སིའི་སྐྱེ་བོ་རྣམས་ཀྱིས་དུས་རབས་འདི་ལ་གསེར་གྱི་དུས་རབས་ཞེས་འབོད། དུས་རབས་འདིའི་ནང་དུ་ཧྥ་རན་སིའི་རྩོམ་རིག་སྒྱུ་རྩལ་ལ་གཡོ་འགུལ་དང་། འགྱུར་ལྡོག་ཆེན་པོ་ཞིག་བྱུང་འདུག་ཅིང་། དེ་ཡང་གསལ་པོར་བཤད་ན་དུས་རབས་འདིའི་ནང་དུ་སྙན་ངག་དང་རྟོག་སྒྲུང་སྐོར་གྱི་གྲུབ་མཐའ་གསར་པ་ཁ་ཤས་ཤིག་བྱུང་ཡོད་པ་རེད། དེ་དག་ནི་འཆར་ཡན་རིང་ལུགས་དང་། དངོས་ཡོད་རིང་ལུགས། མཚོན་རྟགས་རིང་ལུགས་བཅས་སོ། །
འཆར་ཡན་རིང་ལུགས་ཟེར་བ་འདི་ནི་ནང་ཡུལ་ཅན་གྱི་དགའ་སྐྱོ་སོགས་ཚོར་འདུ་རགས་པ་སྣ་ཚོགས་ཐད་ཀར་དུ་ཇི་བཞིན་བརྗོད་པ་ཞིག་ཡིན་པར་བཤད་ཅིང་། ཐོག་མར་གྲུབ་མཐའ་འདི་ཨིན་ཇི་དང་འཇར་མན་གྱི་ཡུལ་དུ་དར་ཡོད་ནའང་། གྲུབ་མཐའ་འདི་ཧྥ་རན་སིར་ཁྱབ་སྤེལ་དུ་གཏོང་མཁན་ནི་རྩོམ་པ་པོ་གྲགས་ཅན་བེལ་ཁྲོལ་ཨོས་རྒོ་( Victor Hugo 1802-1885)ཞུ་བ་ལགས་རེད། ཁོང་གིས་སྙན་ངག་དང་། བརྩམས་སྒྲུང། ཟློས་གར། ལྷུག་རྩོམ་སོགས་མདོར་ན་རིག་གནས་དང་ཆབ་སྲིད་སྐོར་གྱི་དཔྱད་བརྗོད་སྣ་ཚོགས་བྲིས་ཡོད་ཅིང་། ཁོང་ནི་ཧྥ་རན་སིའི་ཆེས་ཕུལ་དུ་བྱུང་བའི་བསམ་བློ་བ་ཞིག་རེད། ཁོང་ཁྱིམ་ཚང་ཕྱུག་པོ་ཞིག་ཏུ་འཁྲུངས་ཡོད་ནའང་། ཁོང་གིས་སྤྱི་ཚོགས་སྟེང་གི་མི་ཉམ་ཐག་རྣམས་བརྗོད་གཞིར་བགྱིས་པའི་བརྩམས་སྒྲུང་སྐད་གྲགས་ཅན«ཉམ་ཐག »ཅེས་པའི་དེབ་རྒན་གསུམ་ཅན་ཞིག་བྲིས་ཡོད། དེ་བཞིན་དུ་ཁོང་ནི་མི་ཞིག་གིས་ངན་པའི་ལས་ཀ་ཞིག་བྱས་ཏེ་གཞུང་གིས་དེ་ཁྲིམས་ལ་སྦྱར་ནས་སྲོག་ཁྲིམས་གཅོད་པའི་ཁྲིམས་དེ་ལ་ངོ་རྒོལ་བྱེད་མཁན་གྱི་མི་སྣ་ཞིག་ཀྱང་ཡིན་པ་རེད། དེའི་སྐོར་ལ་རྟོག་སྒྲུང«བཙོན་པ་ཞིག་གི་མཇུག་མཐའི་ཉིན་མོ»ཟེར་བ་བྲིས་ཡོད། དེ་བཞིན་དུ« ལོ་ ༧༨ »ཞེས་པའི་རྟོག་སྒྲུང་དང་། « འཕགས་མའི་ལྷ་ཁང»ངམ« པེ་རེ་སིའི་ནོ་ཐོག་སྡམ »ལྟ་བུ་སོགས་བྲིས་ཡོད། དེར་མ་ཟད། « ཨེ་ནན་ »ཞེས་པའི་འཁྲབ་གཞུང་དང་། «མཉམ་བཞག»ཅེས་པའི་སྙན་དེབ་ཀྱང་པར་སྐྲུན་བྱས་ཡོད།
«མཉམ་བཞག»ཅེས་པའི་སྙན་དེབ་ལས་སྐད་གྲགས་ཆེ་ཤོས་ཀྱི་སྙན་ངག་ཅིག་ནི‘‘སང་ཉིན། ཐོ་རངས་ཀྱི་དུས་དེར’’ཞེས་པ་འདི་ཡིན།
སང་ཉིན། ཐོ་རེངས་དུས་དེར།
སང་ཉིན། ཐོ་རེངས་ཀྱི་དུས་དེར། གྲོང་གསེབ་གང་ཞིག་དཀར་གསལ་ལེར་གྱུར་དུས།
ང་འགྲོ་ངེས། ཁྱོད་ཀྱིས་མཐོང་ངམ། ཁྱོད་ཀྱིས་ང་ལ་སྒུག་པ་ངས་ཤེས་ཡོད།
ང་ནགས་ཚལ་བརྒྱུད་དེ་འགྲོ་ངེས། ངས་གངས་རི་བཅད་དེ་འགྲོ་ངེས།
ང་ཁྱོད་དང་རྒྱང་ཐག་རིང་བའི་གནས་སུ་ཡུན་རིང་སྡོད་ཐབས་བྲལ།
ངའི་མིག་ཟུང་གིས་རང་གི་བསམ་གཞིག་ལ་འབུར་ཚུགས་ཀྱིས་ལྟ་བཞིན་འགྲོ་ངེས།
ཕྱི་རོལ་ཏུ་ཅི་ཡང་མཐོང་རྒྱུ་མེད་པར། སྐད་སྒྲ་ཅི་ཡང་ཐོས་རྒྱུ་མེད་པར།
ཁེར་རྐྱང་དུ། རྒྱུས་མེད་བཞིན། སྐེད་པ་སྒུར། ལག་ཟུང་སྦྱར་ཏེ།
སྐྱོ་བཞིན། ཉིན་མོ་ནི་ང་ལ་མཚོན་ན་མཚན་མོ་བཞིན་དུ་འགྱུར་ངེས་རེད།
ངས་གསེར་མདོག་གི་མཚན་མོ་ཟགས་པ་དེ་ལ་བལྟ་མི་སྲིད་ལ།
རྒྱང་རིང་གི་ཧོ་ཧྥི་ལེར་ཕྱོགས་སུ་གཡོར་གྲུ་ཐུར་དུ་འབབ་པ་དེ་ལའང་མི་བལྟ།
ནམ་ཞིག་ང་རང་སླེབས་མཚམས། ངས་ཁྱོད་ཀྱི་དུར་སྒམ་གྱི་སྟེང་དུ།
མེ་ཏོག་གི་ཆུན་པོ་ལྗང་གུ་ཞིག་དང་ཟངས་སྐྱ་མེ་ཏོག་ཅིག་འབུལ།
བསམ་བློ་བ་དང་རྩོམ་པ་པོ་གྲགས་ཅན་བེལ་ཁྲོལ་ཨོས་རྒོ་ལགས་ཀྱིས་སྙན་ངག་འདི་ལོ་ན་ཆུང་དུས་གྲོངས་ཟིན་པའི་རང་གི་བུ་མོ་ཨ་རྡལ་ལི(Adèle)ལ་བྲིས་པ་ཞིག་རེད།
སྐབས་དེར་ཧྥ་རན་སིར་འཆར་ཡན་རིང་ལུགས་ཀྱི་རྩོམ་པ་པོ་དང་བརྩམས་ཆོས་གཞན་ཡང་བྱུང་ཡོད་དེ། སི་ཏན་རྡལ་(Stendhal 1783-1842) གྱི« དམར་པོ་དང་ནག་པོ»ལྟ་བུ་བྱུང་ཡོད་ཅིང་། དེ་ནི་ཧྥ་རན་སིའི་འཆར་ཡན་རིང་ལུགས་ཀྱི་ཚབས་མཚོན་བརྩམས་ཆོས་ལྟ་བུར་ངོས་འཛིན་བྱེད།
དེ་ནས་དངོས་ཡོད་རིང་ལུགས་ཟེར་བ་འདི་བདེན་དོན་དང་འབྲེལ་བའི་དངོས་ཡོད་ཀྱི་རྩོམ་རིག་བརྩམས་ཆོས་སོགས་ལ་གོ་བར་སྨྲ་ཞིང་། དུས་རབས་བཅུ་དགུ་པའི་ནང་ཧྥ་རན་སིར་དངོས་ཡོད་རིང་ལུགས་རྩོམ་རྒྱུན་གྱི་གཞི་འདིང་མཁན་ནི་བྷ་ཙ་ཁུ་(Honoré Balzac 1799-1850)ཡིན་པ་དང་། ཁོང་གིས་བརྩམས་པའི« མི་ཡུལ་གྱི་སྤྲོ་བའི་ཟློས་གར»ནི་དངོས་ཡོད་རིང་ལུགས་ཀྱི་ཚབ་མཚོན་བརྩམས་ཆོས་སུ་བརྩི། ཧྥ་རན་སིའི་རྩོམ་པ་པོ་ཧྥི་ལོ་བྷེར(Gustave
Flaubert 1821-1880)གྱིས་དངོས་ཡོད་རིང་ལུགས་དང་རང་བྱུང་རིང་ལུགས་གཉིས་བར་གྱི་སྔ་འདྲེན་རྗེས་མཐུད་ལྟ་བུའི་བརྩམས་ཆོས« ལྕམ་སྐུ་བྷོ་བ་ཝེས»བརྩམས་ཡོད། ཁོང་གིས་སྒྲུང་འདི་ལོ་ལྔའི་དུས་ཚོད་སྤྱད་དེ་བྲིས་ཤིང་། སྒྲུང་འདིའི་ནང་དུ་ལྕམ་སྐུ་བྷོ་བ་ཝེས་ཞུ་བ་དེ་རང་གི་ཁྱོ་ག་དང་ཁ་བྲལ་རྗེས་དགའ་རོགས་མང་པོ་ཞིག་བཙལ་ཡོད་ཅིང་། ཁོ་མོས་མི་དེ་དག་གི་ལག་ནས་སྒོར་མོ་གཡར་ནའང་། རྗེས་སུ་ཕྱིར་བུ་ལོན་སྟེར་རྒྱུ་མ་རྙེད་པས་རང་སྲོག་བཅད་པ་ཞིག་ཡིན་པ་རེད།
དངོས་ཡོད་རིང་ལུགས་ཀྱི་བརྩམས་ཆོས་འབྲི་མཁན་གཞན་ནི་རྒས་སྡི་མོ་པ་སང(Guy de Maupassant 1850-1893)ཞུ་བ་འདི་རེད། ཁོང་གིས་རྟོག་སྒྲུང་ལ་སྒྲུང་རིང་དང་། སྒྲུང་འབྲིང་། སྒྲུང་ཐུང་ཡོད་ཅིང་། ཁོའི་སྒྲུང་གཏམ་ཁྲོད་ཀྱི་སྐད་གྲགས་ཆེ་ཤོས་ནི་ཨག་ལ་ཞེས་པའི་སྒྲུང་འབྲིང་དེ་རེད། དེ་བཞིན་དུ་ཞ་དོ་སྦི་ཝེས་ཡོང་(Chateaubriand 1768-1848)ཞུ་བས་ཀྱང་དངོས་ཡོད་རིང་ལུགས་ལམ་ནས་སྒྲུང་མང་པོ་བྲིས་ཡོད་པ་དང་། སྒྲུང་གཏམ་པ་སྐད་གྲགས་ཅན་ཨེ་མེས་ལས་ཛོ་ལ་(Émile Zola 1840-1902)ལགས་ཀྱང་དངོས་ཡོད་རིང་ལུགས་བརྩམས་ཆོས་འབྲི་མཁན་དུ་བརྩི་བ་རེད།
གཤམ་དུ་མཚོན་རྟགས་རིང་ལུགས་ཀྱི་སྐོར་ནས་སྐད་ཆ་འགའ་བཤད་རྒྱུ་ཡིན། སྤྱིར་བཏང་མཚོན་རྟགས་རིང་ལུགས་ཟེར་བ་འདི་དེང་རབས་སྨྲ་བའི་རྩོམ་རིག་གི་གྲུབ་མཐའ་དེའི་ནང་གི་ཆ་ཤས་ཤིག་ཡིན་ཟེར་གྱི་ཡོད་པ་འདྲ་ལ། དེང་རབས་སྨྲ་བ་ཟེར་བ་འདི་གཙོ་བོ་སྲོལ་རྒྱུན་གྱི་བཀག་རྒྱ་ལས་ཐར་ཏེ་རྣམ་པ་གསར་པ་ཞིག་གི་ལམ་དུ་སྙེག་པ་ཞིག་ཏུ་འདོད་མོད། དེང་རབས་སྨྲ་བའི་གྲུབ་མཐའ་དེའི་ནང་གི་རྣམ་པ་གསར་བའི་འབྲི་སྟངས་ཤིག་ཐོན་པ་དེ་ལ་མཚོན་རྟགས་རིང་ལུགས་ཞེས་སྨྲའོ།། འོ་ན་མཚོན་རྟགས་རིང་ལུགས་ཟེར་བའི་དོན་ནི་མཚོན་རྟགས་དེ་མཚོན་བྱེད་གཙོ་བོ་ཞིག་ཏུ་བྱེད་ཀྱི་ཡོད་པ་འདྲ། དེང་རབས་སྨྲ་བའི་མཚོན་རྟགས་རིང་ལུགས་ཟེར་བ་འདི་ཐོག་མར་རྒྱལ་ཁབ་གང་དུ་དར་མིན་སྐོར་ལ་རྩོད་པ་ཡོད་མོད། ཡོངས་གྲགས་སུ་མཚོན་རྟགས་རིང་ལུགས་ཀྱི་བརྩམས་ཆོས་དང་པོ་དེ་ཆར་ལི བྷོ་ངྷི་ལེར་ (Charles Baudelaire 1821-1897)གྱི «མི་དགེ་མེ་ཏོག»ཅེས་པ་དེ་འཇོག་པ་རེད། ཞིབ་ཏུ་བཤད་ན། མཚོན་རྟགས་རིང་ལུགས་འདི་ལའང་སྔ་དར་མཚོན་རྟགས་རིང་ལུགས་ཟེར་བ་ཞིག་དང་ཕྱི་དར་མཚོན་རྟགས་མཚོན་རྟགས་རིང་ལུགས་ཟེར་བ་གཉིས་ཡོད་པ་འདྲ། དེ་གཉིས་ཀ་དུས་རབས་མི་འདྲ་བའི་གཉིས་ཀྱི་ནང་དུ་ཐོན་པའི་དེང་རབས་སྨྲ་བའི་གྲུབ་མཐའ་གཉིས་ཡིན་པར་གླེང་།
གང་ལྟར། «མི་དགེ་མེ་ཏོག »ཅེས་པའི་སྙན་དེབ་འདི་མཚོན་རྟགས་རིང་ལུགས་ཀྱི་བརྩམས་ཆོས་དང་པོར་འཇོག་སྲོལ་འདུག ཕལ་ཆེར་སྔ་དར་མཚོན་རྟགས་རིང་ལུགས་ཡིན་པར་སྙམ། བྷོ་ངྷི་ལེར་ནི་དུས་རབས་བཅུ་དགུ་པའི་ནང་དུ་ཧྥ་རན་སིར་འཁྲུངས་ཤིང་། ཁོང་གིས་བརྩམས་པའི«མི་དགེ་མེ་ཏོག»ཅེས་པ་འདི་དེང་རབས་སྨྲ་བའི་རྩོམ་རིག་གི་གཞི་རྩའི་ཁྱད་ཆོས་འཛོམས་པར་བཤད། «མི་དགེ་མེ་ཏོག»ནང་གི་སྙན་ངག་ཕལ་ཆེ་བ་ཕྱོགས་ཡོངས་ནས་སྲོལ་རྒྱུན་སྙན་ངག་གི་ལམ་ལུགས་གཏོར་ཏེ་རྣམ་པ་གསར་པ་ཅན་གྱི་ལམ་ནས་བརྩམས་པ་ཤ་སྟག་ཡིན་པར་གླེང་། རྣམ་པ་གསར་པ་ཟེར་བ་འདི་ཡང་མཐར་གཏུགས་ན་ཁོང་གིས་སྙན་ངག་མང་པོ་ཞིག་མཚོན་ཐབས་ཀྱིས་སྤྱད་ཡོད་ཅིང་། མཚོན་ཐབས་མང་པོ་སྤྱད་དེ་སྙན་ངག་པའི་སེམས་ཁོང་གི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་རྣམས་བྲིས་ཡོད་པ་རེད། དཔེར་ན། བྷོ་ངྷི་ལེར་གྱི‘‘མཚོ་བྱ་གཤོག་རིང’’དང‘ ‘སྐྱེས་བུ་དང་རྒྱ་མཚོ’’ཞེས་པའི་སྙན་ངག་འདི་གཉིས་ལྟ་བུ་ནི་ཁོང་གིས་མཚོན་ཐབས་སྤྱད་དེ་རང་ཉིད་གླེང་ཡོད་པར་བཤད་དོ། །
མཚོ་བྱ་གཤོག་རིང་།
དུས་རྒྱུན་གྲུ་ཡི་ལས་མི་དག་གིས་རང་ཉིད་དགའ་སྤྲོ་འབྱུང་བའི་སླད། །
ཤིན་ཏུ་ཆེ་བའི་རྒྱ་མཚོའི་བྱ་ཆེན་མཚོ་བྱ་གཤོག་རིང་ལེན་པར་བྱེད། །
གང་དེ་འགྲུལ་པའི་ཟླ་བོར་བྱེད་བཞིན་ནུས་མེད་དང་བཅས་རྗེས་སུ་སྙེག །
གྲུ་གཟིངས་ཉིད་ནི་བ་ཚྭ་མཚོ་ཡི་ཁུགས་པའི་ངོས་སུ་ཤུད་ཅིང་འདྲུད། །
ཁོང་ཚོས་མཚོ་བྱ་གཤོག་རིང་དག་ནི་པང་གཅལ་སྟེང་དུ་བཞག་ཙམ་ཉིད། །
དེའི་ཚེ་སྤྱང་གྲུང་འཁྱུག་རྩལ་མེད་པ་གནམ་གྱི་རྒྱལ་པོ་འདི་དག་གི །
དཀར་ཞིང་ཆེ་བའི་གཤོག་པ་ལེབ་མོ་ཉམ་ཐག་ངང་ནས་དཔྱངས་པ་ནི། །
གྲུ་ཡི་ཁེམ་བུ་མཚོ་བྱའི་འཁྲིས་སུ་ཐུར་དུ་དྲུད་པ་དབྱེར་མ་མཆིས། །
གཤོག་ལྡན་འགྲུལ་པ་མཚོ་བྱ་ཁོང་ནི་འཁྱུག་རྩལ་མི་ལྡན་ཉམ་ཐག་ཨང་། །
འཕུར་ཤུགས་ཆེ་ཞིང་མཛེས་ཉམས་དོད་པ་ད་ནི་མི་སྡུག་དགོད་བྲོ་ཨང་། །
ལས་མི་ཞིག་གིས་དུ་བའི་རྭ་རྩེས་ཁོང་གི་མཆུ་ཏོར་སུན་སྣང་སྐྱེད། །
གཞན་པ་དེ་ཡིས་ཞ་བོའི་འགྲོས་ཀྱིས་ཡོ་བའི་འཕུར་ཉམས་ལད་མོ་བྱེད། །
སྙན་ངག་མཁན་དག་ཆར་སྤྲིན་གསེང་གི་རྒྱལ་སྲས་ཉིད་དང་ཀུན་ནས་མཚུངས། །
གང་དེ་ཆར་རླུང་ཁྲོད་དུ་འཕུར་ཞིང་མདའ་ཡི་བུ་ལ་ཁྲེལ་དགོད་བྱེད། །
མི་ཡིས་འཕྱ་ཞིང་སྨོད་པའི་ཡུལ་དུ་ཡུལ་བྱོལ་བྱེད་པར་སླེབས་པ་ན། །
ཤིན་ཏུ་ཆེ་བའི་གཤོག་ཟུང་ལེབ་མོས་གོམ་པའི་འགྲོས་དག་འགོག་པར་རྩོམ། །
སྐྱེས་བུ་དང་རྒྱ་མཚོ།
རང་དབང་ལྡན་པའི་སྐྱེས་བུ་ཁྱེད་ཉིད་རྟག་ཏུ་རྒྱ་མཚོར་དགའ་ངེས་ཨང་། །
རྒྱ་མཚོ་ཁྱེད་ཀྱི་མེ་ལོང་ཡིན་པས་ཁྱེད་ཀྱིས་རང་གི་བླའམ་སྲོག །
རྒྱུན་མི་ཆད་པར་ལྟེབ་ཅིང་སྒྲིལ་བའི་རླབས་རྒྱུན་ཁྲོད་དུ་ཞིབ་མོར་ལྟ། །
ཁྱེད་ཀྱི་བླ་སྲོག་མཚོ་ཁུག་ཅིག་ལས་རོ་ནི་བསྐ་བ་ཡོད་མ་མིན། །
སྐྱེས་བུ་ཁྱེད་ནི་རང་གི་གཟུགས་བརྙན་དབུས་སུ་བྱིང་བར་དགའ་ཞིང་སྤྲོ། །
ཁྱེད་ཀྱིས་མིག་དང་དཔུང་པའི་མཉམ་དུ་རང་གི་གཟུགས་ལ་འཁྱུད་པའི་ཚེ། །
སྐབས་རེར་རྒོད་ཅིང་འདུལ་བར་དཀའ་བའི་སྨྲེ་སྔགས་དེ་ཡི་སྒྲ་སྐད་ཀྱིས། །
ཁྱེད་ཀྱིས་རང་གི་སེམས་ཀྱི་སྡུག་སྐད་གསན་པའི་གནས་ལ་བར་ཆད་བྱེད། །
ཁྱེད་རང་གཉིས་ནི་མུན་ནག་ཅན་དང་གསང་བ་ཅན་ཞིག་ཡིན་ངེས་ཏེ། །
སྐྱེས་བུ་ཁྱེད་ཀྱི་སེམས་ཀྱི་ཟབ་ཚད་སུས་ཀྱང་འཇལ་བར་མི་ནུས་ཤིང་། །
ཀྱེ་མ་རྒྱ་མཚོ་ཁྱེད་ཀྱི་གསང་ནོར་སུས་ཀྱང་རྟོགས་པར་མ་ནུས་པས། །
ཁྱེད་རང་གཉིས་ཀྱིས་འགྲན་སེམས་དང་བཅས་རང་གི་གསང་བ་ཉར་བར་མཛོད། །
གང་ལྟར་མི་མི་རབས་རབས་སུ་འགོར་བའི་ལོ་ཟླ་མང་པོའི་གོ་རིམ་ཁྲོད། །
ཁྱེད་གཉིས་སྙིང་རྗེ་འགྱོད་གདུང་མེད་པར་ཕན་ཚུན་འཐབ་འཛིང་དྲག་ཏུ་བྱས། །
ཁྱེད་གཉིས་འཆི་བའི་འཇིག་པ་དེ་དང་དམར་འཛིང་ལ་ནི་དགའ་དྲགས་པས། །
ཀྱེ་ཀྱེ་སྐྱེ་འཆི་བྲལ་བའི་དཔའ་རྒོད་ཚིམས་པ་མེད་པའི་སྤུན་ཟླ་ཨང་།
གོང་དུ་ཁོ་བོས་བསྒྱུར་པའི་སྙན་ངག་འདི་དང་འདི་ལྟ་བུ་ཁོང་གི་སྙན་དེབ་«མི་དགེ་མེ་ཏོག»ཅེས་པའི་ནང་མཇལ་རྒྱུ་ཡོད།
བྷོ་ངྷི་ལེར་གྱི་རྩོམ་སྟངས་འདིའི་རྒྱུན་སྐྱོང་མཁན་ཟེར་ནའང་འདྲ། རྩོམ་འགྲོས་འདི་སྤྱོད་མཁན་དུས་རབས་དེའི་ནང་བྱོན་པའི་པའོ བག་ལེན་ (Paul Verlaine 1844-1896)དང་། ཨར་ཁྲོལ ཝན་བྷོ།(Arthur Rimbaud 1854-1891) མ་ལ་མེ་(Stéphane Mallarmé 1842-1898)སོགས་རེད། པའོ་བག་ལེན་ཟེར་བ་འདི་བྷོ་ངྷི་ལེར་གྱི་སྙན་ངག་ལ་ལད་ཟློས་བྱེད་མཁན་ཞིག་རེད། ཁོང་ལ་སྙན་དེབ་ཁ་ཤས་ཡོད་ཅིང་། ཁོང་གི་སྙན་དེབ་དེ་དག་ལས་སྙན་ངག་སྐད་གྲགས་ཅན་གཅིག་ནི‘‘སྟོན་ཁའི་གླུ’’ཞེས་པ་དེ་རེད།
སྟོན་ཁའི་གླུ།
སྟོན་ཁའི།
ཨོག་ལེན་པི་ཝང་གི
ངུ་སིག་རིང་མོ་གྲག་དུས།
བདག་གི་སྙིང་ཁམས།
དལ་བའི་གདངས་དབྱངས་དེའི་ནང་དུ།
རྨས་པར་བྱས།
ཡོད་ཚད་ཀྱི་དབུགས་གསུད་ཅིང་།
སྐྱ་མདོག་ཏུ་གྱུར་པས།
དུས་ཚོད་ཟིན་ཙ་ན།
བདག་གིས་སྔ་མོའི་དུས་ཀྱི།
ཉིན་མོ་དག་དྲན་པས།
ངུ་བཞིན་ཡོད།
བདག་འགྲོ་ངེས།
རླུང་ངན་གྱིས་བདག
དེ་དང འདི་རུ་ཁྱེར་ཏེ།
ཤི་ཟིན་པའི།
སྡོང་ལོ་ཇི་བཞིན།
བར་སྐབས་ཤིག་ཁོང‘‘ར་བཟི་བའི་གྲུ་’’ཞེས་པའི་སྙན་ངག་འབྲི་མཁན་ཨར་ཁྲོལ ཝན་བྷོ་ལགས་ལ་དགའ་རོགས་ཆགས་ཡོད་པ་དང་། སྐབས་དེར་ཁོང་ལོ་བཅོ་བརྒྱད་ཡིན་ཅིང་། ཝན་བྷོ་དང་འཕྲད་པའི་དབང་གིས་བཟའ་ཚང་དང་བུ་ཕྲུག་ལ་ཁ་བྲལ་དགོས་བྱུང་བས། རིམ་གྱིས་བག་མེད་ཀྱི་འཚོ་བ་རོལ་འགོ་བརྩམས་ཤིང་། ཕྱིས་སུ་ཨར་ཁྲོལ ཝན་བྷོ་མེ་མ་མདའ་ཅིག་བརྒྱབ་པའི་དབང་གིས་བཙོན་ཁང་དུ་ཕྱིན་ཡོད།
དེ་ནས་ཁོང་གི་མཚན་མཐུན་དགའ་རོགས་ཨར་ཁྲོལ ཝན་བྷོའི་སྐོར་ལའང་ཚིག་འགའ་བཤད་རྒྱུ་ཡིན། ཁོང་དགུང་ལོ་ཆུང་དུས་སུ་སྐུ་གྲོགས་པའི་སྙན་ངག་པ་ཞིག་རེད། ཁོང་གིས་སྙན་དེབ་གཉིས་བཏོན་ཡོད་ཅིང་། ཁོང་གི་སྙན་དེབ་ལས་སྙན་ངག་གྲགས་ཅན་ནི‘‘ར་བཟི་བའི་གྲུ’’དང་། ‘‘ཚོན་ཁྲ་ཅན་གྱི་སྙན་ངག་ཡིག་ཕྲེང་བཞི་བཅུ་པ།’’ དེ་ནས‘‘ལུང་གཤོང་གི་གཉིད་རྐྱལ་’’ལྟ་བུའི་སྙན་ངག་སོགས་ཡིན་པ་རེད། ‘‘ར་བཟི་བའི་གྲུ་’’ཞེས་པ་འདི་ནི་དོན་དངོས་སུ་སྙན་ངག་པ་ཁོང་གིས་རང་ཉིད་ར་བཟི་བའི་གྲུ་ཞིག་ལ་བརྩིས་ནས་ཡངས་ཤིང་རྒྱ་ཆེ་བ་དང་། རྦ་རླབས་ཀྱི་གཡོ་སྐྱོམ་ཆེ་བའི་རྒྱ་མཚོ་སྟེང་དུ་མཐོ་བརྒལ་གྱི་འགྲོ་བཞིན་པའི་རྣམ་པ་བྲིས་ཏེ་གཙོ་བོར་རང་དབང་གི་འདོད་པ་དེ་མཚོན་ཐབས་བྱས་ཡོད་པ་རེད། ཚོན་ཁྲ་ཅན་གྱི‘‘སྙན་ངག་ཡིག་ཕྲེང་བཞི་བཅུ་པ’’འདི་ཡང་ཧྥ་རན་སིའི་དབྱངས་ཡིག་དང་རང་ཉིད་ཀྱི་ཚོར་བ་གཉིས་མཉམ་གཅིག་ཏུ་སྦྱར་བའི་སྙན་ངག་ཅིག་རེད། འབྲི་སྟངས་འདི་ང་ཚོར་མཚོན་ན་བྱ་དཀའ་བའི་སྙན་ངག་ལྟ་བུ་རེད། དེ་ནས‘‘ལུང་གཤོང་གི་གཉིད་རྐྱལ’’ཞེས་པ་འདི་ནི་དམག་འཁྲུག་གི་ཁྲོད་དུ་ཤི་བའི་ཧྥ་རན་སིའི་དམག་མི་ཞིག་བྲིས་པ་རེད། ཡིན་ནའང་ཝན་བྷོའི་སྙན་ངག་ཕལ་ཆེ་བ་རྨི་ལམ་ལྟ་བུའི་འཕྲུལ་སྣང་དང་། ཚིགས་མཁྲེགས་ཤིང་གོ་དཀའ་བ། ལྐོག་གྱུར་གྱི་ངང་ཚུལ་ཡོད་པར་སྨྲའོ། །
ར་བཟི་བའི་གྲུ།
བདག་ནི་ཞི་འཇམ་གཙང་ཆུའི་ཀློང་དུ་ཐུར་ལ་འབབ་བཞིན་ཡོད་པར་བརྟེན། །
གྲུ་འདྲུད་པ་ཚོས་ཁ་ཕྱོགས་སྟོན་པའི་ཚོར་སྣང་བདག་ལ་ཅི་ཡང་མེད། །
ཀུ་ཅོ་སྒྲོག་པའི་ཤ་དམར་ཅན་གྱིས་ཁོང་ཚོ་འབེན་དུ་བཙུགས་གྱུར་ཏེ། །
དམར་ཞིང་རྗེན་པའི་ལུས་པོ་དག་ནི་ཚོན་གྱི་ཀ་བར་འཛེར་བར་བྱས། །
ཧྥི་ལ་མང་གི་ནས་ཀྱི་འབྲུ་དང་ཨིན་ཇིའི་སྲིང་བལ་འཁུར་བཞིན་དུ། །
བདག་ནི་གྲུ་པ་གཞན་དག་ཀུན་ལས་རེ་དོགས་སེམས་འགྱུ་མེད་པར་གྱུར། །
བདག་གི་གྲུ་འདྲུད་འཐེན་མཁན་དེ་དག་འུར་དང་མཉམ་དུ་འཇགས་པའི་ཚེ། །
གཙང་ཆུས་བདག་གི་རེ་འདོད་ཇི་བཞིན་གང་དུ་འབབ་པར་འཇུག་པར་ངེས། །
གཡོ་སྐྱོམ་ཆེ་ཞིང་དྲག་ཏུ་འབབ་པའི་རླབས་ཀྱི་ཕྲེང་བའི་ཀློང་ཡངས་སུ། །
བདག་ནི་ན་ནིང་དགུན་ཁ་དེ་ལ་བྱིས་པའི་སེམས་ལས་བསམ་མེད་གྱུར། །
བདག་ནི་མཚོ་གླིང་གྲུ་རྟོད་གནས་ནས་གློད་ཅིང་ཐར་བས་བརྒྱུགས་པ་ཨང་། །
རྣམ་པར་རྒྱལ་བའི་སྐད་ཅོར་དག་ལ་ནམ་ཡང་བཟོད་སྒོམ་མེད་པར་གྱུར། །
བདག་གི་རྟོག་པ་སད་པའི་མཚོ་ངོགས་དྲག་ཆར་རླུང་གིས་བྱིན་རླབས་གནང་། །
བདག་ནི་མཉེན་ཤིང་ལས་ཀྱང་ཡངས་ཤིང་རླབས་ཀྱི་ངོས་སུ་གར་དུ་རོལ། །
མི་རྣམས་ཀྱིས་ནི་གནོད་འཚེ་ཕོག་ཡུལ་རྟག་པའི་སྒྲིལ་ཤིང་ཡིན་པར་བཤད། །
ཞག་མ་བཅུའི་རིང་སྒྲོན་མེ་གླེན་པའི་མིག་ལ་འགྱོད་གདུང་ཅི་ཡང་མེད། །
མཚོ་ཆུ་སྔོན་མོ་བདག་གི་གསོམ་པའི་གྲུ་ཡི་ཁོག་པར་སིམ་འོངས་པ། །
བྱིས་པའི་སེམས་ལ་སྐྱུར་ཁུ་ཅན་གྱི་ཀུ་ཤུ་ལས་ཀྱང་ཞིམ་མངར་ལྡན། །
སྐྱུག་པའི་རོ་དང་རྒུན་ཆང་སྔོན་པོའི་ནག་ནོག་འགོས་པའི་བདག་ཉིད་བཀྲུས། །
ཁ་ཕྱོགས་སྒྱུར་བའི་ལག་འཁོར་དེ་དང་ལྕགས་ཀྱི་གྲུ་ཁེགས་གཏོར་བར་བྱས། །
དེའི་ཚེ་སྙན་ངག་རྒྱ་མཚོའི་ཀློང་དུ་བདག་ནི་ཁྲུས་ལ་ཞུགས་པར་བྱས། །
དེ་དང་ལྷན་ཅིག་སྐར་ཚོགས་རྒྱ་མཚོའི་འོད་ཕྲེང་དཀར་པོ་འཇིབ་པར་བྱས། །
གང་དུ་འཕྱོ་ཞིང་ལྡིང་བའི་རླབས་དང་ལྗང་མདོག་གནས་ས་མིད་པར་བྱས། །
སྐབས་རེར་ཆུ་ཁར་གཡེང་བའི་དངོས་ཟོང་ཞི་བའི་ཚུལ་གྱིས་ཐུར་དུ་འབབ། །
‘‘ར་བཟི་བའི་གྲུ’’ཞེས་པའི་སྙན་ངག་འདི་ཚིགས་བཅད་དུ་བརྩམས་པ་ཞིག་རེད། སྙན་ངག་འདི་ལ་ཁྱོན་བསྡོམས་ཚིགས་བཅད་ཉེར་ལྔ་འདུག རྗེས་སུ་ཁོམ་སྐབས་དང་བསྟུན་ནས་སྙན་ངག་ཆ་ཚང་ཞིག་བསྒྱུར་ཨེ་ཐུབ་བལྟའོ། །
ལུང་གཤོང་གི་གཉིད་རྐྱལ།
དེ་ནི་སྔོ་ལྗང་ལུང་གཤོང་ཞིག་སྟེ་ཆུ་མོས་གླུ་དབྱངས་ལེན་པའི་སར། །
དངུལ་གྱི་ཟེགས་མ་རྩྭ་ལྗང་ཁྲོད་དུ་སྨྱོ་བའི་གར་གྱིས་འཐོར་བར་བྱེད། །
མཐོ་ཞིང་བརྗིད་ལྡན་རི་བོའི་ཀླད་ནས་ཉི་མ་ཤར་བའི་ཡུལ་དེ་ནི། །
འོད་ཀྱི་ལྦུ་དཀར་ཆེམ་ཆེམ་འཕྲོ་བའི་ལུང་པ་ཆུང་ཆུང་ཞིག་ཏུ་སྣང་། །
ན་ཚོད་གཞོན་ཞིང་མགོ་སྐྲ་བཞར་བའི་དམག་མི་ཞིག་གིས་ཁ་གདངས་ཤིང་།
སྔོ་ཞིང་བསིལ་བའི་རྩྭ་ལྡུམ་གསེང་དུ་མཇིང་བ་བྱིངས་ནས་གཉིད་ལ་རོལ། །
གནམ་མཁའི་འོག་གི་རྩྭ་ལྗང་ཁྲོད་དུ་གན་རྐྱལ་དང་བཅས་འཕྲེད་དུ་ཉལ། །
རྩྭ་ལོར་འོད་འཁྱིལ་མལ་གྱི་ཁྲི་ན་གདོང་ལ་སྐྱ་མདོག་ཤར་བ་མཐོང་། །
རལ་གྲི་གྲེས་མའི་མེ་ཏོག་ཁྲོད་དུ་རྐང་པ་དཔྱངས་ནས་གཉིད་པར་བྱེད། །
འཛུམ་མདངས་དེ་ནི་ནད་གཅོང་ཕོག་པའི་བྱིས་པའི་འཛུམ་དང་དབྱེར་མེད་པས། །
རང་བྱུང་ཁམས་ཀྱིས་གྲང་ཞིང་གཉིད་པའི་མི་འདི་ཡོམ་ཡོམ་གཡོ་བར་མཛོད། །
ཕྱི་ཡི་སྣོད་ཀྱི་དྲི་ངད་དེ་དག་ཁོང་གི་སྣ་ཡིས་ཚོར་ཐབས་བྲལ། །
ལག་པ་ཡ་གཅིག་བྲང་ལ་བཞག་ཅིང་ཉི་མའི་འོག་ཏུ་ཁུ་སིམ་གཉིད། །
ཁོང་གི་བྲང་ཁའི་གཡས་ཕྱོགས་དེ་ན་ཨི་ཁུང་དམར་པོ་གཉིས་ཀྱང་འདུག །
མཐར་སྙན་ངག་པ་གཞན་པ་ཞིག་གླེང་བར་འདོད། མག་ལ་མེ་ཞུ་བ་དེ་ཡིན། ཁོང་གིས་བྲིས་པའི་སྙན་ངག་ཁག་ལས་གྲགས་ཆེ་བ་ནི”འདོད་ལྷའི་ཕྱི་དྲོ”ཞེས་པ་དེ་རེད། འདོད་ལྷ་ཞེས་པ་དེ་རྒི་རེ་སིའི་ལྷ་སྒྲུང་ནང་གི་ལྷ་ཞིག་གི་མིང་རེད། ཁོག་སྟོད་མི་ཡིན་པ་དང་། ཁོག་སྨད་ར་མ་རེད། ཕྱི་དྲོ་ཞིག་ལ་འདོད་ལྷ་དེ་གཉིད་ལས་སད་སྐབས་མཚོ་གླིང་དེའི་ནང་ན་ལྷ་མོ་ཚོ་ཁྲུས་བྱས་ཏེ་རྩེད་འཇོར་རོལ་བཞིན་ཡོད་པ་དང་། ཁོས་ལྐོག་ལྟ་བྱེད་སྐབས་ལྷ་མོ་མང་ཆེ་ཤོས་ཆུ་ནང་དུ་ཡུབ་པར་བྱེད་ཅིང་། སྟབས་ལེགས་ནས་ལྷ་མོ་གཉིས་གཉིད་ལས་བསྡད་ཡོད་པའི་གོ་སྐབས་དང་བསྟུན་ནས་ཁོས་དེ་གཉིས་མཆུ་སྒྲོས་སྦྱར་བ་དང་ལྷ་མོ་དེ་གཉིས་ལ་ཆགས་སྲེད་ཀྱིས་བཟི་སྟེ་ཁོང་ལ་འཐམ་འཁྱུད་བྱས་པའི་སྐོར་བྲིས་ཏེ། ཁོང་གིས་དོན་དག་དེ་དངོས་སུ་བྱུང་བ་ཡིན་ནམ་རྨི་ལམ་ཞིག་ཡིན་མིན་སྐོར་ལ་གླིང་བུ་འབུད་བཞིན་བསམ་བློ་བཏང་སྟེ། ཁོང་གི་སྤྲོ་སྣང་དང་། བློ་འགྱོད་སོགས་བྲིས་ཡོད་པ་རེད། ཁོང་གཉིད་རྩིས་བྱེད་སྐབས་འཇོ་སྒེག་ལྡན་པའི་ལྷ་མོ་དེ་དག་སླར་ཡང་མངོན་ཚུལ་བཤད་ཡོད། སྙན་ངག་འདི་ལ་ཚིགས་བཅད་ཤོ་ལོ་ཀ་བརྒྱ་དང་བཅུ་ཡོད་པ་དང་། སྙན་ངག་འདི་སྤེལ་ནས་ཅང་མ་འགོར་བར་སྙན་ངག་འདི་ཟློས་གར་གྱི་ལམ་ནས་འཁྲབ་རྒྱུ་བྱས་འདུག་ཀྱང་། བརྗོད་བྱའི་དབང་གིས་འཁྲབ་མ་ཐུག་པ་འདྲ། མག་ལ་མེ་ཟེར་བ་འདི་རྒི་རེ་སིའི་ལྷ་སྒྲུང་དེ་འདྲར་ཐུགས་མཉེས་པོ་ཡོད་པའི་མི་ཞིག་ཡིན་པ་རེད། ཁོང་གིས”གནའ་བོའི་རྒི་རེ་སེའི་ལྷ”ཞེས་པའི་དེབ་ཅིག་ཀྱང་བརྩམས་འདུག
མདོར་བསྡུས་ན། དུས་རབས་བཅུ་དགུ་པའི་ནང་ཧྥ་རན་སིར་བརྩམས་སྒྲུང་དང་སྙན་ངག་གི་བསྟན་པ་ཧ་ཅང་རྒྱས་པར་བཤད་ཅིང་། རྟོག་སྒྲུང་བ་དང་སྙན་ངག་པ་འདི་དག་ལྟ་བུ་སྔར་དང་ཕྱིས་སུ་མ་བྱོན་པར་བཤད་དོ། །
(ད་ལོའི་དཔྱིད་ཀར་ཕྲན་གྱིས་རྩོམ་རིག་གླེང་ངམ་ཞེས་པའི་སྐད་ཚོམས་སུ‘‘ཧྥ་རན་སིའི་རྩོམ་རིག་གི་བྱུང་འཕེལ་ངོ་སྤྲོད་མདོར་བསྡུས’’ཤིག་བཤད་པ་ལས་ལེའུ་བཞི་པ་སྟེ‘ ‘དུས་རབས་བཅུ་དགུ་པའི་ཧྥ་རན་སིའི་རྩོམ་རིག’’ཅེས་པ་སྣོན་འཕྲི་ཅུང་ཙམ་བགྱིས་ཏེ་ཡིག་ཐོག་ཏུ་ཕབ་པ་ཡིན་མོད། ཡིད་ཚིམ་པ་ཞིག་མ་བྱུང་། ཁོམ་ལོང་དང་བསྟུན་ནས་ལེའུ་གཞན་དག་ཀྱང་ཡིག་ཐོག་ཏུ་དབབ་ངེས་ཡིན་པས། བརྗོད་གཞི་འདི་ལ་ཐུགས་རྒྱུས་ཡོད་པ་དག་གིས་དགོངས་འཆར་གནང་རོགས་ཞེས་ཞུའོ།།)
བོད་མི་བོད་ཀྱི་ཡི་གེ་འབྲི་ཤེས་མཁན་ཤེས་ཡོན་ཅན་དུ་བརྩི་བ། ཤོ་ལོ་ཀ་རེ་འགའ་འབྲི་མཁན་ཕལ་མོ་ཆེས་རྩོམ་རིག་དང་སྙན་ངག་ཅེས་པའི་འཆར་ཡན་དང་སྟོང་བསམ་བརྗོད་པའི་རིག་ཚན་འདི་ད་དུང་བློས་གཏོང་མ་ཐུབ་པའམ། བློས་གཏོང་མ་ཤེས་པ། ཤེས་བྱ་གཞན་ལ་འཇུག་པའི་བློ་མ་རྙེད་པར་མགོ་ཐོགས་ཚད་ཀྱིས་རྩོམ་རིག རྩོམ་རིག སྙན་ངག སྙན་ངག ཅེས་ལབ་པ་འདི་ལས་སུན་པ་ཞིག་གང་ན་ཡོད་དམ།
ཆོས་བརྒྱུད་སྤྱི་འཐུས་དང་ཆོལ་ཁའི་སྤྱི་འཐུས་ཟེར་བ་དེ་གྲོས་ཚོགས་སུ་མེད་ན་བཟང་གི་སྙམ།གལ་སྲིད་ཆོས་བརྒྱུད་ག་གེ་མོའི་ཕྱག་ལས་ཚང་མ་བོད་གཞུང་ཆོས་དོན་ཁང་གིས་འོས་འགན་བཞེས་ཤིང་།མངའ་སྡེའི་སྤྱི་འཐུས་བོད་ཀྱི་སྲོལ་རྒྱུན་ཏུ་ཡོད་བསྡད་པའི་རྫོང་ནང་ཡོང་དགོས།དབུས་ཀྱི་སྤྱི་འཐུས་མངའ་སྡེ་ནང་ཡོང་དགོས་པར་སྙམ།རྫོང་། མངའ་སྡེ་དང་དབུས་ཡིན་པ།ཆོལ་ཁའི་ལྷན་ཚོགས་མི་དགོས།
ཟུར་དུ་ཞུ་སྙིང་འདོད་པ་ཞིག་ལ།༢༠༡༦ལོའི་སྤྱི་འཐུས་ ལྷན་ཚོགས་ནང་སྲིད་སྐྱོང་་བློ་ བཟང་སེང་གེ་དང་མདོ་སྨད་སྤྱི་འཐུས་བློ་བཟང་ཆོས་འབྱོར་གྱི་བོད་ཀྱི་རྫོང་སོགས་ཀྱི་བཤད་ཚུལ་ཆ་ཚང་ ནོར་འཁྲུལ་ཡིན་པ་མ་ཟད། ནོར་འཁྲུལ་ཚབས་ཆེན་རེད།ཁོང་རྣམ་པ་གཉིས་ཀའི་གསུང་གཞིའི་རྫོང་ཁག་དེ་དག་བོད་ཀྱི་་སྲོལ་རྒྱུན་དུ་ཡོད་པའི་རྫོང་ཁག་རྣམས་མ་རེད།རྒྱ་དམར་ཀྲོང་གོའི་གཞུང་གི་ད་ལྟའི་སྲིད་འཛིན་ས་ཁུལ་གྱི་འབྱེད་སྟངས་ཤིག་རེད།
ཁ་བརྡ་དྲྭ་བདག་ལགས། དེ་སྔ་དུས་བདེ་ཞི་འཇམ་སྐབས་བོད་ཡིག་འབྲི་ཀློག་ལ་དོ་སྣང་བསྐུལ་ཕྱིར་མཆན་ཐར་ཐོར་འདྲ་འབྲི་་མཁན་ཞིག་ཡིན། ད་ནི་མི་ཚང་མས་རྩོམ་དང་མཆན་བུ་ཐོས་པ་ཙམ་གྱིས་ཞེད་སྣང་སྟེར་བ་རྐྱང་རྐྱང་མཐོང་བས་དུས་བདེ་ཞོད་འཇགས་ཤིག་མ་བྱུང་བར་ཁ་བརྡ་དྲྭ་བར་ཚང་འཛུལ་མི་བགྱིད་དོ། ད་བདེ་མོ་བྱོས།
གཞིས་བཞུགས་རྒནརབས་ཚོས།
https://www.facebook.com/tibetanculture/videos/1775067625901862/?hc_ref=ARSt-DWSHlDKNx55vEjBf42Mu5LsjXuH2Ws_e1UYQjj1O1CeE5Q0AZb1vVcQ0J1GNT4
དུས་རབས་ཉེར་གཅིག་པའི་བོད་རིགས་ཀྱིས་་་་་་
https://www.facebook.com/beri.namgyal/videos/1812954205413742/