(༧གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་༡༢པའི་ཉིན་གསུམ་པའི་བརྗོད་བྱ་སྙིང་བསྡུས།)
སློབ་དགེ་པདྨ་དགྲ་འདུལ།
བོད་མི་རིགས་རང་ཉིད་ཀྱི་ཤེས་རིགས་དང་། རིག་གཞུང། ཡུལ་སྲོལ་གོམས་གཤིས་ སོགས་བརྟན་ཚུགས་ཀྱི་ལོ་རྒྱུས་རང་རྐྱ་ཐུབ་དང་མི་ཐུབ་ཡི་གེ་ལ་རག་ལས་ཡོད་པར་ བརྟེན། བོད་ཀྱི་ཡི་གེའི་འབྱུང་གཞིར་ཕྱི་མིག་རྒྱང་རིང་པོས་ལུང་རིགས་ཟུང་ འབྲེལ་གྱི་སྒོ་ནས་དཔྱད་གཞིགས་མཐིལ་ཕྱིན་པ་ཞིག་བྱུང་ན་དགེ་མཚན་ཆེ་བར་ མཐོང་། སྤྱིར་དུས་རབས་བདུན་པའི་སྔོན་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་ གསོ་རིག་སྨན་གྱི་ཁོག་འབུགས་ལས་སྤྱིར་ཀླ་ཀློ་ལ་སོགས་པ་ཁོས་བུ་རེ་གཉིས་ལས་ཕལ་ ཆེ་བ་མི་རིགས་ཡིན་ནོ་ཅོག་ལ་རང་རང་གི་ཡི་གེ་རེ་ཡོད་པར་གྲགས་ཤིང་མངོན་སུམ་དུའང་སྣང་། འོན་ཀྱང་བོད་ཡུལ་འདིར་གནམ་རི་སྲོང་བཙན་ཡན་དུ་ཡི་གེ་མེད་པར་ འདོད་པ་ལྟར་ན་ཞེས་མ་རངས་པའི་ཚིག་གསུངས་ཡོད། རྒྱ་གར་དང་རྒྱ་ནག་སོགས་ ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཡི་གེ་དར་ནས་ཡུན་རིང་ཕྱིན་པ་མ་ཟད་དུས་རབས་བདུན་པའི་ ནང་རྒྱ་གར་ནང་ཉུང་མཐར་ཡིག་རིགས་མི་འདྲ་བ་ཉི་ཤུ་རྩ་གཅིག་ཙམ་ཡོད་པ་ཐོན་མིའི་ ཞལ་ལུང་དུ་དཔེ་རྙིང་ཞིག་གི་ལུང་དྲངས་འདུག
བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོའི་སྐབས་བོད་ལ་རྒྱུ་མཚན་ཉིད་ཀྱི་ བོན་ཐོག་མར་དར་བ་དང་། གཉའ་ཁྲི་བཙན་པོའི་སྲས་མུ་ཁྲི་བཙན་པོའི་སྐུ་དུས་སུ་ སྟག་གཟིག་དང་ཞང་ཞུང་ནས་མཁས་པ་བརྒྱ་རྩ་བརྒྱད་གདན་དྲངས་ནས་བོད་དུ་བོན་གྱི་ འདུ་གནས་ཆེན་པོ་བཞི་བཅུ་རྩ་ལྔ་བཙུགས་ནས་གཡུང་དྲུང་བོན་གྱི་རྒྱུ་མཚན་ཉིད་ ཀྱི་ཐེག་པའི་སྐོར། འབྲས་བུ་གསང་སྔགས་ཀྱི་ཐེག་པའི་སྐོར། བླ་ན་མེད་པ་ རྫོགས་པ་ཆེན་པོའི་སྐོར་བཅས་ཐེག་པ་རིམ་པ་དགུའི་གཞུང་སོགས་དར་རྒྱས་ཆེ་བར་ བྱུང་པ་བོན་གྱི་ཡིག་ཚང་ཁག་ལས་གསལ། དེ་བཞིན་བོད་ཀྱི་གསོ་བ་རིག་པའི་ཁུངས་གཏུགས་ས་གཏིང་རིང་ཤོས་ནི་སྟོན་པ་གཤེན་ རབ་མི་བོ་ཆེའི་སྐུའི་གདུང་སྲས་བརྒྱད་ཀྱི་ནང་ནས་རྒན་གྲས་དཔྱད་བུ་ཁྲི་ཤེས་ ཞེས་པ་དེ་ཡིན་པ་བོད་ཀྱི་སྨན་གྱི་ལོ་རྒྱུས་ནང་གསལ་གྱི་ཡོད་པ་དང་། བོད་ཀྱི་རྩིས་རིག་པའི་ཁུངས་གཏུགས་ས་ཐོག་མ་ཡང་བོན་ཡིན་པ་མཁས་དབང་ནམ་མཁའི་ ནོར་བུས་གཟི་ཡི་ཕྲེང་བའི་ནང་གསུངས་འདུག དེ་ལྟར་ན། ཡི་གེ་མེད་ན་ལོ་རྒྱུས་ དེ་དག་རྒྱུན་རིང་གནས་ཐུབ་ཐབས་བྲལ།
མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྒྱལ་པོ་སྲོང་བཙན་སྒམ་པོའི་གོང་ དུ་བོད་ལ་བོན་པོའི་ཆོས་ལུགས་དར་ཁྱབ་ཆེན་པོ་བྱུང་ཡོད་སྟབས། ཡི་གེ་མེད་ཟེར་བ་ དངོས་ཡོད་གནས་ཚུལ་དང་མི་མཐུན་ཞིང་ཐོན་མིས་ན་ག་རའི་ཡི་གེར་དཔེར་བྱས་ནས་ཡིག་ གཟུགས་གསར་གཏོད་བྱས་པ་ཡིན་ཞེས་ པ་ནི་དེའི་གོང་དུ་བོད་ས་གནས་ཡོངས་ལ་སྤྱི་ ཁྱབ་དུ་སྤྱོད་པའི་ཡི་གེ་མེད་པ་བཅས་ཀྱི་དོན་ཡིན་པ་མ་གཏོགས་དེའི་གོང་དུ་ཡི་ གེ་གཏན་ནས་མེད་པ་དང་། ཐོན་མིས་རྒྱ་གར་གྱི་ཡི་གེར་དཔེ་བྱས་ནས་བོད་ཡིག་བཟོས་ པ་ཡིན་ཞེས་པའི་གོ་དོན་མིན། རྒྱུ་མཚན་ནི། ཡི་གེ་ཡོད་པའི་མི་རིགས་གང་འདྲ་ཞིག་ ཡིན་རུང་རང་ཉིད་ཀྱི་སྐད་ཡིག་ལ་གཞིར་བཟུང་ནས་བཟོས་པ་ཡིན་པ་ལྟར་བོད་ཡིག་ཀྱང་ དེ་ལྟར་རེད་ཅེས་གསུངས།
མ་ཎི་བཀའ་འབུམ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་པར་མ་པོད་ཕྲེང་༡༣༥ དང་། སྡེ་དགེའི་པར་མ་ཨེ་པོད་ལས་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་སྐུ་མཁར་ཡུམ་ བུ་བླ་སྒང་གི་རྩེ་ན་བཞུགས་པའི་དུས་སུ། གསེར་གྱི་གའུ་ཁ་སྦྱར་གྱི་ནང་དུ་ཤེལ་ གྱི་མཆོད་རྟེན་ཁྲུ་གང་བ་གཅིག གསེར་གྱི་གླེགས་བམ་ལ་བེེཌཱུརྱ་ཞུན་མས་བོད་ ཡིག་ཐོག་ཏུ་བྲིས་པའི་མདོ་ཟ་མ་ཏོག་བཀོད་པ་དང་། སྤང་ཀོང་ཕྱག་རྒྱ་པ་དང་རྟེན་ འབྲེལ་བཅུ་གཉིས་ཀྱི་མདོ། དགེ་བ་བཅུའི་མདོ་དང་བཅས་བཅུག་སྟེ་ཉི་མའི་འོད་ཟེར་ དང་འགྲོགས་ཏེ་ཕོ་བྲང་གི་སྟེང་དུ་བབས་པ་དང་ ད་སྟེ་དུས་རབས་ལྔ་ནས་འདིའི་དོན་ ཤེས་པར་འགྱུར་རོ་ཞེས་ནམ་མཁའ་ནས་སྒྲ་བྱུང་ངོ་ཞེས་གསུངས་པ་ལྟར་ན་རྒྱལ་པོ་ལྷ་ ཐོ་ཐོ་རི་གཉན་བཙན་གྱི་སྐུ་དུས་སུ་ཡི་གེ་ཡོད་པ་རྟོགས་ཐུབ།
གཉའ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་ཡན་རྒྱལ་རབས་སོ་གཉིས་ཀྱི་མཚན་དང་མཛད་ རྗེས། གཉའ་ཁྲི་གོང་གི་ལོ་རྒྱུས་ཁག་ཅིག་ཏུན་ཧོང་ གི་དཔེ་མཛོད་ནས་ཐོན་པའི་ཡིག་རྙིང་དང་། བཀའ་ཐང་སྡེ་ལྔ་སོགས་ལས་འཁོད་ཡོད་པ་ འདི་དག་ཡི་གེ་མེད་ན་ཇི་ལྟར་གནས་ཐུབ། མཁས་དབང་ནམ་མཁའི་ནོར་བུས་མཛད་པའི་གཟི་ ཡི་ཕྲེང་པ་ལས། ང་ཚོ་རང་གི་ནང་མིའི་ལོ་རྒྱུས་དཔེ་ཐོག་ཏུ་བཀོད་པ་ཞིག་མེད་ ཕྱིན་ཆད་མི་རབས་གཉིས་གསུམ་གྱི་གོང་དུ་ང་ཚོའི་མེས་པོ་གང་འདྲ་བྱུང་ཡོད་པའི་ གནས་ཚུལ་སུ་ཞིག་ལའང་བཤད་ཡག་མེད་པ་མངོན་སུམ་ཚད་གྲུབ་ཡིན་ཙང་། གནའ་དུས་ཀྱི་ བོད་མི་དེ་ཚོས་རྒྱལ་རབས་སུམ་ཅུ་སོ་གཉིས་རིང་གི་ལོ་རྒྱུས་བློ་འཛིན་ཐུབ་པའི་ རྒྱུ་མཚན་གང་ཡང་ཡོད་མ་རེད། བྱས་ཙང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་གོང་དུ་བོད་ ལ་ཡི་གེ་མེད་པའི་ལོ་རྒྱུས་དེ་ཚོ་ཡང་དག་པ་དང་ཚུལ་མཐུན་ཞིག་མ་ཡིན་པ་གསལ་བོར་ བསྟན་གྱི་ཡོད་རེད་ཅེས་དང་། ཐོན་སམ་བྷོ་ཊས་རྒྱ་གར་གྱི་ཡི་གེ་ལས་དཔེར་བླངས་ ནས་བོད་ཀྱི་ཡིག་གཟུགས་སྟབས་བདེར་བཅོས་གནང་བ་དང་། སངས་རྒྱས་པའི་ཆོས་ཀྱི་ ཁུངས་དེ་རྒྱ་གར་ལ་གཏུག་དགོས་པ་ནི་ཚད་ལྡན་ཚུལ་མཐུན་ཞིག་ཡིན། ཡིན་ན་ཡང་ཆོས་ལ་ ཕུགས་གཏད་དྲག་ནས་མི་རིགས་རང་གི་ཤེས་རིག་གི་ཁུངས་མེད་པར་བྱས་ན་འགྲིག་ཐབས་རྩ་ བ་ནས་ཡོད་མ་རེད་ཅེས་གསུངས།
ཆོས་རྒྱལ་སྲོང་བཙན་སྒམ་པོ་དགུང་ལོ་བཅུ་གསུམ་ལ་བཞེས་པའི་སྐབས་རྒྱལ་སྲིད་ གསར་དུ་སྐྱོང་བ་དགའ་སྟོན་གྱི་སྐབས་རྒྱ་གར་དང་། རྒྱ་ནག ཁ་ཆེ། སུམ་པ་ སོགས་ལ་སྐྱེས་ལན་འཕྲིན་ལན་ལ་རྒྱལ་ཁབ་དེ་དང་དེའི་ཡི་གེ་ལྟར་འབྲི་བའམ་ངག་ འཕྲིན་ཙམ་ལས་བསྐུར་རྒྱུ་མ་བྱུང་ཞེས་གསུངས་འདུག་པ་འདིས་སྐབས་དེ་དུས་བོད་ལ་ ཡིག་སྣ་མི་འདྲ་བ་ཤེས་མཁན་ཡང་ཡོད་པ་དང་། ཁྱིམ་མཚེས་རྒྱལ་ཁབ་ཀུན་ལ་ཡི་གེའི་ ལམ་ལུགས་ཡོད་པར་བོད་ལ་སྤྱི་ཁྱབ་ཏུ་སྤྱོད་པའི་ཡི་གེ་མེད་ཀྱང་ཡེ་གེ་ཡོད་ དགོས། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་ཐོན་མི་རྒྱ་གར་དུ་ཡི་གེ་སློབ་པར་མ་ བྱོན་པའི་གོང་བལ་ཡུལ་དང་རྒྱ་ནག་ནས་བཙུན་མོ་ཁབ་ཏུ་བཞེས་སྐབས་བཀའ་ཤོག་གི་ སྒྲོན་བུ་རེ་གནང་བའི་ལོ་རྒྱུས་ཡོད་པར་གཞིགས་ན་ཐོན་མིས་ད་ལྟའི་ཡི་གེ་འདི་མ་ མཛད་པའི་གོང་བོད་ལ་ཡི་གེ་ཡོད་དགོས་ཚུལ་གསུངས་ཡོད།
ཐོན་མི་རྒྱ་གར་དུ་ཕེབས་པའི་དུས་དེ་ཙ་ན་ལཉྫ་ལྷའི་ཡི་གེ ཝ་རྟུ་ཀླུའི་ཡི་ གེ ནཱ་ག་ར་མིའི་ཡི་གེ་ཞེས་གྲགས་པ་རྣམས་ཡོད་པ་ལས། ལཉྫར་ དཔེར་བྱས་ནས་དབུ་ཅན་ དང་། ཝརྟུ་ལ་དཔེ་བྱས་ནས་དབུ་མེད་དང་། ནཱ་ག་ར་ལ་དཔེར་བྱས་ནས་ལན་ཝར་འབྲི་ ཚེགས་ལས་སྟབས་བདེར་བྱས་ཞེས་པ་འདི་ནི་སྤྱིར་བཏང་མཁས་པ་ཡོངས་སུ་གྲགས་པའི་གཏམ་ ཡིན། ལན་ཝར་ནི་ཁ་ཆེའི་ཡི་གེ་ཡིན་པ་ཐོན་མིའི་ཞལ་ལུང་དུ་གསལ། སྔོན་རྒྱ་གར་ གྱི་ཡི་གེ་ལཉྫ་ནི་རཉྫ་ཞེས་པ་དེ་ཡིན་པ་དང་ཝརྟུ་ནི་ངོས་འཛིན་བྱེད་དཀའ།
དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་སོགས་སུ་བོད་སྐད་ཀྱི་གཅིག་དང་ཆོས་ སོགས་ལ་རྒྱ་གར་གྱི་ཡི་གེ་ཨེ་ཀ། དྷརྨ་སོགས་སུ་བརྗོད་པས་རྒྱ་གར་གྱི་ཡི་གེར་ ཅ་ཆ་སོགས་མི་དགོས་པ་འདིར་བསྣན་ཞེས་གསུངས། བོད་ཡིག་ཏུ་ཅ་ཆ་སོགས་བསྣན་པའི་ རྒྱུ་མཚན་དུ་གཅིག་དང་ཆོས་སོགས་ལ་རྒྱ་གར་གྱི་ཡི་གེ་ཨེ་ཀ། དྷརྨ་སོགས་སུ་ བརྗོད་པ་འདི་རྒྱུ་མཚན་གཙོ་བོ་ག་ལ་ཡིན། རྒྱུ་མཚན་གཙོ་བོ་ནི་བོད་ཡིག་མ་བཟོས་ པའི་གོང་ནས་བོད་རང་ལ་གཅིག་དང་ཆོས་སོགས་ཀྱི་མིང་གི་གཞིར་གྱུར་བའི་ཅ་དང་ཆའི་ སྐད་ཀྱི་གདངས་ཡོད་པ་ལ་གདངས་དེ་དང་མཐུན་པའི་ཡི་གེ་རྒྱ་གར་ཡུལ་དབུས་པས་འདོན་ པའི་གསལ་བྱེད་སོ་བཞིའི་གྲས་མེད་པ་འདི་ལ་ཐུག་གོ་ཞེས་གསུངས།
ཡིག་བཤད་མཁས་པའི་ཁ་རྒྱན་སོགས་སུ་ཞང་ཞུང་ནས་འོངས། ཟ་ཧོར་དུ་འགྲོ། ཇ་ཉོ་ རུ་འགྲོ། ཅི་ཆ་ཞེས་པ་ལས་ཞ་ཟ་འ་ཅ་ཆ་ཇ་སྣོན་དགོས་པར་དགོངས་ནས་སྟོད་དུ་ཅ་ཆ་ཇ་ གསུམ་དང་། སྨད་དུ་ཞ་ཟ་འ་གསུམ་བསྣན་ཞེས་བཀོད། མར་པ་ལོ་ཙའི་སྐུ་དུས་སུ་ བྲིས་པའི་ཡིག་རྙིང་ཞིག་ཏུ། ཞ་ཟ་འ་ཅ་ཆ་ཇ་དྲུག་ཡུལ་དྲུག་གི་མིང་གི་ཟུར་ལས་རྙེད་པར་བཤད་ཅེས་ཚེ་བརྟན་ཞབས་ དྲུང་གིས་ཐོན་མིའི་ཞལ་ལུང་དུ་གསུངས་འདུག ཡི་གེ་དྲུག་གསར་དུ་བཟོས་ཚུལ་ལ་ བརྟག་ན། སྐབས་དེའི་རྒྱ་གར་གྱི་ཡུལ་སྐད་ནང་ཅི་ནི། ཅྭར། ཆཏརི། ཆོ་ཊྭ་སོགས་ཅ་ དང་ཆར་གྲུབ་པའི་ཡི་གེ་དུ་མ་ཞིག་ཡོད་པར་བརྟེན་ཅ་ཆ་ཇ་ལས་ཙ་ཚ་ཛ་མེད་པ་མ་ཟད་ག་ ཇ་ད་བ་རྣམས་ཀྱི་སྒྲ་གདངས་ཡང་རྒྱ་གར་གྱི་ཡི་གེའི་གདངས་དང་་མི་མཐུན་པ་སྣང་།
མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཐོན་མི་དང་མཉམ་པའི་གུཔ་ཏའི་རྒྱལ་རྒྱུད་ རྒྱལ་པོ་ཧརཤ་དང་། ཀུམཱར་གུཔ་ཏ་སོགས་ཀྱི་དུས་སུ་བྱུང་བའི་ཟངས་ཀྱི་གླེགས་བམ་ དང་རྡོ་རིང་གི་ཡི་གེ་རྣམས་བོད་ཡིག་དང་འདྲ་ཆེ་ཞིང་ཅུང་ཟད་རྒྱང་ནས་བལྟས་ན་ལག་ མི་མཁས་པ་ཞིག་གིས་བོད་ཡིག་བྲིས་པ་འདྲ་ཡོད་ཟེར་བ་དང་ཞང་ཞུང་གི་ཡི་གེ་སྨར་ཆེ་ ཆུང་ལ་བལྟས་ན་དེ་ནི་ལག་མི་བདེ་བ་ཞིག་གིས་བོད་ཡིག་བྲིས་པ་རེད་ཟེར་གཉིས་ལ་ཡང་ བསམ་བློ་གཏོང་དགོས་པ་ཞིག་འདུག་གསུངས་པར་དཔྱད་བསྡུར་བྱས་ན་ཞང་ཞུང་གི་ཡི་གེ་ སྨར་ཆེ་ཆུང་གཉིས་གུབ་ཊའི་སྐབས་ཀྱི་རྒྱ་གར་གྱི་ཡི་གེ་ལས་འདྲ་ཆེ་ཞིང་། བོད་ ཡིག་གི་དབུ་ཅན་དང་དབུ་མེད་གཉིས་ཀྱང་ཞིབ་ཏུ་བརྟག་ཚེ། དབུ་ཅན་དེ་ཉིད་མགྱོགས་ པར་བྲིས་པ་ལས་རང་བཞིན་གྱིས་དབུ་མེད་ཀྱི་རྣམ་པ་བྱུང་བ་ལུང་དང་རིག་པས་སྒྲུབ་ མི་དགོས་ཏེ། དཔེར་ན། ཀ་ཁ་ག་ང་། ཀ་ཁ་ག་ང་། ཀ་ཁ་ག་ང་། ཀ་སྡེ་གཅིག་པུའི་སྟེང་ ནས་ཤེས་སླ།
བོན་གྱི་བསྟན་འབྱུང་དང་ལོ་རྒྱུས་རྣམས་སུ་བོད་ཡིག་གི་ཐོག་མའི་འབྱུང་ཁུངས་ ནི་ཞང་ཞུང་གི་སྨར་ཡིག་ཡིན་པ་གསུངས་ཡོད། དེ་ཡང་མདོ་དྲི་མེད་གཟི་བརྗིད་ ལས། ཡི་གེ་སུམ་ཅུས་བོན་གྱིས་ཁོག་ཡང་ཕུབ།། མགོ་ཡིས་ལམ་དྲང་ཤད་ཀྱིས་མདོར་ ཡང་བཅད།། ཚེག་གིས་བར་ཕྱེ་མི་འཁྲུགས་གསལ་བར་སྙོམས། གུག་འགྲེང་ན་རོ་ཞབས་ཀྱུ་ ཡ་སྟ་ཡིས།། སྐབས་སྦྱོར་དོན་དུ་ཡན་ལག་རྒྱས་པར་བཏགས།། ཞེས་པས་དང་པོ་དག་པ་ ལྷའི་ཡི་གེ་སྟག་གཟིག་སྤུང་ཡིག་ཏུ་བསྒྱུར། དེ་ཞང་ཞུང་གི་ཡིག་རྒན་དུ་ བསྒྱུར། དེ་ལ་སྨར་ཆེ་ཆུང་དུ་བསྒྱུར། དེ་ནས་བོད་ཡིག་ཏུ་བསྒྱུར་། ཞེས་གསུངས་ པ་དང་། དེ་བཞིན་མདོ་གཟེར་མིག་དང་། མ་རྒྱུད་སྐྱེ་མེད་ཐིག་ལེ། མདོ་ཕྲན། མཁའ་ འགྲོ་རིན་ཆེན་འཕྲེང་རྒྱུད། མཛད་པ་དྲུག་ཅུའི་མདོ་སོགས་ལས་ཡི་གེའི་རྣམ་གཞག་ རྒྱས་པར་བསྟན་ཡོད།
ཀན་སུའུ་ཏྭང་ཁྲེང་རྫོང་དུ་བོད་པའི་དུད་ཚང་ཁག་གཅིག་ཏུ་བསྡུ་ཉར་བྱས་པའི་ གནའ་བོའི་བོན་གྱི་ཡིག་མཛོད་ཅེས་པའི་དེབ་ཕྲེང་སུམ་ཅུ་ཐམ་པ་ཅན་ཞིག་ཀན་སུའུ་ རིག་གནས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཡོད་པའི་གནས་ཚུལ་ཐོན་འདུག དཔེ་ རྙིང་དེ་དག་ལན་ཀྲུའུ་ནུབ་བྱང་མི་རིགས་སློབ་ཆེན་ཞིབ་འཇུག་ཁང་ནས་བརྟག་དཔྱད་ ཞིབ་འཇུག་བྱས་སྐབས་དུས་རབས་དང་ལྔ་པ་དང་དྲུག་པ་སྔོན་གྱི་བོན་གཞུང་གསལ་བཤད་ བྱེད་ཐུབ་པའི་ཡིག་རིགས་ཤིག་ཡིན་པ་གསལ་འདུག དེ་བཞིན་ཀན་སུའུ་ཞིང་ཆེན་གྱི་ ཏྭང་ཁྲེང་རྫོང་དུ་དུས་རབས་ལྔ་པ་དང་། དྲུག་པའི་སྐབས་ཀྱི་ཞང་ཞུང་སྨར་ཡིག་ཅན་ གྱི་གདོད་མའི་བོན་གྱི་དཔེ་ཆ་རྙིང་པ་རྙེད་པ་ཏྭང་ཁྲེང་རྫོང་སྲིད་གཞུང་གིས་ཚན་ རིག་ཞིབ་ལས་ཁུངས་དང་མཉམ་འབྲེལ་བྱས་ནས་རྟོག་ཞིབ་ཐེངས་བཞི་བྱས་པ་མཚོ་སྔོན་པོ་ དྲ་བ་ནས་བསྒྲགས་འདུག་པར་གཞིགས་ན་དུས་རབས་བདུན་པའི་གོང་བོད་ལ་ཡི་གེ་ཡོད་པ་ གསལ་བོ་རེད།
གཞོན་སྐྱེས་ཚང་མས་བློ་གྲོས་ཀྱི་སྤྱན་ཡངས་པོའི་སྒོ་ནས་གངས་ལྗོངས་ཤེས་རིག་ གི་གཞི་མ་ཡི་གེའི་བྱུང་བ་འདི་གལ་ཆེན་དུ་བསམ་སྟེ་ཞིབ་འཇུག་བྱ་དགོས་གལ་ཆེ་བར་ མཐོང། ཕྲན་རང་ཀླད་པའི་ཆུ་ཚད་དམན་པའི་རྐྱེན་གྱིས་འདིའི་ནང་སྐྱོན་དང་ནོར་ འཁྲུལ་ཇི་སྙེད་ཅིག་མཆིས་པ་ཀློག་པོ་རྣམས་ཀྱིས་ལེགས་སྤེལ་ཉེས་འགོག་གི་དགོངས་ འཆར་བཀའ་སློབ་ཡོང་བ་ཞུ་རྒྱུ་བཅས།ཕྱི་ལོ་༢༠༡༢ ཟླ་༦ ཚེས་༥ ཉིན་གཡུང་དྲུང་བོན་གྱི་བགྲོ་གླེང་ཐེངས་བཅུ་གཉིས་པའི་སྐབས་སློབ་དགེ་པདྨ་དགྲ་འདུལ་གྱིས།།
སྟག་གཟིག་དང་ཞང་ཞུང་ནས་མཁས་པ་བརྒྱ་རྩ་བརྒྱད་གདན་དྲངས་ནས་དེ་ཚོས་སངས་རྒྱས་ཆོས་ལུགས་ཀྱི་ནང་དོན་ཡོངས་རྫོགས་བོན་པོའི་ཆོས་ལུགས་ཀྱི་ནང་དོན་དུ་བསྒྱུར་ནས་རིགས་པའི་གཞུང་ལུགས་ཡོད་པའི་བོན་གཞུང་ཞིག་གསར་དུ་བཟོས་པ་རེད། དེ་ནི་བོད་བསིལ་བུའི་དུས་སྐབས་སུ་བྱུང་། རྒྱལ་པོ་ཁྲི་སྲོང་སྡེ་བཙན་གྱི་བོན་ཆོས་བསྣུབས་སྐབས་གཡང་སྒྲུབ་དང་། མདོས་གླུད། རོ་བསྲེག ལྷ་བསངས་གཏོང་ཡག་སོགས་ཁག་གཅིག་མེད་པར་མ་བཟོས་པར་རང་སོར་བཞག་པ་རེད། རྒྱུ་མཚན་ནི་དགོས་མཁོ་དང་ལུགས་སྲོལ་ཕན་ཐོགས་ཡོད་པར་བརྟེན་ཉར་ཚགས་བྱས་པ་རེད། དེ་ནི་སངས་རྒྱས་ཆོས་ལུགས་ཀྱིས་ནང་དོན་བསྒྱུར་ནས་ངོ་བོ་རང་སོར་བཞག་པ་རེད། སངས་རྒྱས་ཆོས་ལུགས་བོད་དུ་མ་དར་བའི་སྔོན་རོལ་ནས་བོན་གྱི་ཐེག་པ་རིམ་པ་དགུ་དང་། འབྲས་བུ་གསང་སྔགས་ཐེག་པའི་སྐོར། རྫོགས་པ་ཆེན་པོའི་སྐོར་བཅས་ཆ་ཚང་བ་ཡོད་ན་རྒྱལ་པོ་སྲོང་བཙན་སྒམ་པོས་འགྲོ་སོང་མང་པོ་བཏང་ནས་ཐོན་མི་ལ་སོགས་པ་ཚ་བའི་ལུང་པར་དཀའ་སྡུག་སྤྱོད་པར་གཏོང་དགོས་དོན་མེད།
ཧ་ཧ། ཡང་རྫུན་གྱི་འཁོར་ལོ་བསྐོར་བཞིན་འདུག་གོ ། ངོ་ཚ་མེད་པ་ཚོས་བགྲོ་གླེང་ཟེར་བ་ཕྱོགས་ཞེན་ཞིག་དུ་མ་སོང་ངམ། །དུས་རབས་བདུན་པའི་སྔོན་ལ་བོད་ཀྱི་ཡི་གེ་ཡོད་ན་སྟོན་དགོས་པ་ལས། སྟོན་རྒྱུ་ལྟ་ཅི་བཤད་རྒྱུས་འཕོང་བ་ཙམ་ལས་མི་འདུག ད་མི་བཤད་ན་བཟང་། ཡང་ཁ་བརྡ་སོང་གིས་བསུབ་ཚད་ཡོད་ཀྱིན་མ་རེད།
ཀརྨ་ཡེ་ཤེས་ཀྱིས་བཤད་པ་བདེན། དུས་རབས་བདུན་པའི་སྔོན་གྱི་ཡི་གེ་རྡོག་མ་གཅིག་སྟོན་རྒྱུ་མེད་པར་དུས་རབས་བདུན་པའི་སྔོན་གྱི་བོད་ཡིག་ལ་དཔྱད་པ་ཟེར་ན་དེ་འདྲའི་དགོད་བྲོ་བ་ཞིག་གང་ན་ཡོད། དཔྱད་གཞི་མེད་པར་ཇི་ལྟར་དཔྱད་དགོས་པ་རེད། དུས་རབས་བདུན་པའི་སྔོན་བོད་ཡིག་ཡོད་མེད་ལ་དཔྱད་པ་ཟེར་ནའང་འདྲ་ཆགས་སེ་འདུག ང་ཚོས་ལོ་ཁྲི་གཅིག་གི་གོང་ནས་བོད་ཡིག་ཡོད་ཟེར་ཆོག་ཀྱང་གཙོ་བོ་དཔང་རྟགས་དགོས་པ་རེད། ད་སྔ་མེས་ཨག་ཚོམ་མ་ཡིན་ནམ་དེ་བར་དུ་མ་གཏོགས་ཡི་གེ་ཡོད་པའི་ཁུངས་སྐྱེལ་དཔང་པོ་རྙེད་སོན་བྱུང་མི་འདུག་ག ད་ས་སློག་བྱས་ནས་བཙལ་དགོས་པ་རེད།
ད་ཡོད་བོན་གྱི་ལོ་རྒྱུན་རྫུན་སྒྲིགས་སྟེང་དུ་ཡང་བོད་ཡིག་འདི་ཡང་བོན་གྱིས་བྱས་པ་ཅན་དུ་སྒྲུབ་རྒྱུར་སྟོང་བསམ་དང་དགོས་མེད་ཀྱི་གླེང་གཞི་འདིའི་རིགས་ལ་སྙིང་པོ་ཅི་ཡོད། ནང་པ་སངས་རྒྱས་པའི་ཆོས་གཞུང་ཡོད་ཚོད་བོན་ཆོས་སུ་སྒྱུར་ནས་ད་ཆ་ནང་ཆོས་དང་བོན་ཆོས་གཉིས་ཀྱི་བར་བོན་དང་ཆོས་མ་གཏོག་གཉིས་སུ་མེད་པ་གྱུར་ནི་ཡོད། ཧཧཧཧཧ། མིའི་སྟོང་བསམ་ལ་ཚོད་ཡོད་ནི་མ་རེད། བོན་རྒན་ལགས། བོན་གཞུང་དུ་སླ྄ོབ་དཔོན་པདྨ་འབྱུང་གནས་ཁོང་རྒྱ་གར་བ་མིན་པ་དང་ཁོང་གིས་བོན་ཆོས་དག་ནང་ཆོས་སུ་སྒྱུར་བའི་ལོ་རྒྱུས་དག་གི་སྐོར་གནད་ལུགས་དང་ཁུངས་སྐྱེ་ཡོད་ན་ད་ཟད་བོད་ཡིག་འདི་བཞིན་བོན་གྱིས་བྱས་པ་ཅན་དུ་མི་དཀའོ།
བོད་གངས་ཅན་གྱི་སྔ་རབས་བྱུང་བ་བརྗོད་པའི་གཡུང་དྲུང་བོན་གྱི་བགྲོ་གླེང་ཐེངས་༡༢་པ་ལྷུག་པོར་གནང་བ་ལ་སེམས་ཁོངས་ནས་དགའ་བསུ་དང་བཀྲ་ཤིས་བདེ་ལེགས་ཡོད། ལོ་ལྟར་མུ་མཐུད་དེ་བགྲོ་གླེང་འདི་བཞིན་རྒྱུན་སྐྱོང་བྱེད་རྒྱུ་གལ་གནད་ཤིན་ཏུ་ཆེ་བར་སེམས། བསམ་ཚུལ་མི་མཐུན་པ་ཡོང་བ་འདི་དག་སྙོག་གྲ་ཅན་ལ་སེམས་མི་ཉན། ཐེག་པ་འོག་མ་འོག་མ་རྣམས་གོང་གོང་མའི་ལྟ་བ་འདེགས་བྱེད་ཀྱི་ཐབས་དམ་པར་སྣང་བར་གསུངས་པ་ཇི་བཞིན་བློ་བསྐྱེད་རྒྱུ་གལ་ཆེ། དེ་བས་བོད་ཀྱི་ཆོས་རིག་ལོ་རྒྱུས་ཡོངས་ཀྱི་མངའ་བདག་ཏུ་གྱུར་པའི་བོན་པོ་ཚང་ཐུགས་རྒྱ་ཆེ་ཙམ་གནང་ནས་བཞུགས་དགོས་རྒྱུ་དེ་དོན་གནད་དུ་མཐོང་། ཅམ་བུ་སྨྲ་བ་རྣམས་ཀྱི་བཤད་ཚད་ཚང་བའི་རྗེས་སུ་རྒྱུག་བྱས་ན་ཆོ་གང་ཡང་མེད། །
ཚན་རིག་དང་མཐུན་པ། ལོ་རྒྱུས་དང་མཐུན་པའི་ཐོག་ཐོན་མའི་སྔོན་ལ་ཡི་གེ་ཡོད་པ་ར་སྤྲོད་ཐུབ་ན་ཤིན་ཏུ་ལེགས། དེ་མིན་ཆོས་ལུགས་ཀྱི་འཐེན་འཁྱེར་དབང་གིས་ཨུ་ཚུགས་བསྐྱོན་མི་རིགས། གཡུང་དྲུང་བོན་པོ་ཚོ་ལ་སྐྱོན་ཆེན་པོ་ཞིག་ཡོད་པ་ནི། བོད་ཀྱི་རིག་གཞུང་ཡོད་ཚད་མཐའ་བོན་ལ་གཏུགས་ཨེ་ཐུབ་ལྟ་རྒྱུ་དང་། དེ་ནས་དེ་ཡང་ཞང་ཞུང་ལ་གཏུགས་ཀྱི་རེད། ཕྱོགས་གཅིག་ནས་བན་དེས ཚང་མ་རྒྱ་གར་ལ་གཏུགས་ཀྱི་འདུག་ཟེར་ནས་ལབ་ལབ་མང་ཐག་ཆོད་བྱེད་ཀྱི་རེད། ཡང་བོན་ལ་ངོ་ཚ་དགོས་པ་དང་། རུས་དྲུད་པའི་སྐྱོན་ཞིག་ཡོད་པ་ནི། རང་གི་མེས་པོ་ཆོས་རྒྱལ་མེས་དབོན་རྣམ་གསུམ་སོགས་ལ་ཡོན་ཏན་མེད་པ། འགྱོན་ཐང་མེད་པ་སོགས་ཀྱི་སྒྲོ་སྐུར་ཚད་མེད་ཅིག་བྱས་ནས། གཞན་ཞང་ཞུང་གི་རྒྱལ་པོ་ཚོ་ལ་བསྟོད་པ་གཏོང་གི་རེད།
ཤིན་ཏུ་ནས་དགོས་གལ་ཆེ་བའི་ད་ལྟའི་དུས་འདིར། གངས་ཅན་བོད་ཀྱི་ཕ་ཆོས་དཀར་པོ་སངས་རྒྱས་གཡུང་དྲུང་བོན་དང་དེ་ལས་བྱུང་བའི་གནའ་བོའི་རིག་གནས་ལ་དཔྱད་བསྡུར་དང་བགྲོ་གླེང་དབུ་འཛུགས་ཐུབ་པ་ལ་སྙིང་ནས་བཀྲ་ཤིས་བདེ་ལེགས་གྲངས་མང་ཞུ། གུས་པ་ནི་བོན་གྱི་རིག་གནས་དང་གཞུང་ལུགས་ལ་མཐོང་ཐོས་མྱོང་བས་སྐལ་ལྡན་ཞིག་མིན་ཡང་། སྔོན་བྱོན་སྐྱེས་ཆེན་དམ་པ་ཚོས་གསུངས་པར་དཔྱད་ནས་བོན་ལ་ལོག་སྨྲ་བྱེད་པའི་ལས་ངན་ཞིག་ཀྱང་མིན། རྒྱུ་མཚན་ནི་འཇུ་མི་ཕམ་གྱིས་༼གཤེན་ཡུལ་འོལ་མོ་གླིང་ཆེན་དུ། སྟོན་པ་གཤེན་རབ་མི་བོ་བྱོན། བོན་གྱི་ཐེག་པ་རིམ་དགུ་གསུངས། སྐྱེ་འགྲོ་སེམས་ཅན་བདེ་ལ་བཀོད། བནྡེའི་ཐེག་དགུ་བསྟན་པའི་ཕྱིར། སྟོན་པ་ཤཱཀྱ་ཐུབ་པ་བྱོན། ཕན་བདེ་མཛད་པའི་སྤྲུལ་སྐུ་ལ། སོ་སོའི་སྟོན་པ་ཉིད་དུ་བཟུང་། བན་དང་བོན་ཞེས་སོ་སོར་དབྱེ། མི་འགལ་ཕྱིར་ན་དགོངས་པ་གཅིག༽ ཅེས་དང་གྲུབ་དབང་མངྒ་ཝེར་ཞིས། ༼ནང་པ་ལ་དབྱེར་ན་བསྟན་པ་སྔ་དར་གཤེན་རབ་ཀྱི་བསྟན་པ་དང་། ཕྱི་དར་ཐུབ་པའི་བསྟན་པ་གཉིས་སུ་ཡོད་དོ།༽ ཡང་ཇོ་བོ་རྗེའི་བཀའ་གདམས་ཕ་ཆོས་ལས། ༼རྒྱ་གར་ནང་པའི་བློ་ངོ་ན། ང་ནི་མགོན་པོ་སྤྱན་རས་གཟིགས། བློ་གྲོས་འཕེལ་ཞིང་འབོད་པར་བྱེད། བོན་གྱི་གཤེན་ལྷ་འོད་དཀར་ཞེས།༽ འབྲུག་པ་ཀུན་ལེགས་ཀྱིས། ༼གཤེན་ལྷ་འོད་དཀར་སྤྱན་རས་གཟིགས་དབང་ཡིན། གཙང་མའི་བོན་དང་ཆོས་ལ་ཁྱད་པར་མེད།༽ སློབ་དཔོན་པདྨའི་ཞལ་ནས། ༼སྔོན་ཚེ་བསྐལ་བཟང་སངས་རྒྱས་ཐམས་ཅད་དང་།ད་ལྟའི་སྟོན་པའི་སྐུ་གསུང་ཐུགས་ཀྱི་བསྟན། ཇི་གསུངས་ཐམས་ཅད་འགྲོ་དོན་ཡིན་པས་ཕྱིར། བོན་དང་ཆོས་ཞེས་དབྱེར་བ་ག་ལ་ཡོད།༽ ཞེས་དང་ཨོ་རྒྱན་བཀའ་ཐང་ལས། ༼ཆོས་པའི་བོན་གཤེ་དམ་ཚིག་ཉམས། རྐྱེན་དེས་རང་བསྟན་རང་གིས་གཤིགས། བོན་གྱིས་ཆོས་ལ་ངན་སྨྲ་བྱེད། ཉེས་སྐྱོན་དེ་ཡིས་གདུལ་ཞིང་ཆུང་། གཡས་སུ་བསྐོར་བ་ཐབས་ཀྱིས་བསྐོར། གཡོན་དུ་བསྐོར་བ་ཤེས་རབ་བསྐོར། ཐབས་དང་ཤེས་རབ་མ་བྲལ་བར། ཕྱག་བསྐོར་བཟླས་བརྗོད་ཅི་ནུས་གྱིས།༽ དེ་བཞིན་རྗེ་རིན་པོ་ཆེས་ཀྱང་། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དང་། གསུངས་རབ་མ་ལུས་གདམས་པར་འཆར་བ་༽སོགས་གསུངས་པར་གཞིས་ན། ཕྱོགས་ལྷུང་ཕྲག་དོག་གི་ཚིག་ཅི་ལྟར་སྨྲས་ཀྱང་སྟོན་པ་ཤཱཀྱ་ཐུབ་པ་མ་བྱོན་གྱི་སྔོན་ནས། མདོ་སྔགས་རྫོགས་གསུམ་སྟོན་པ་གཅིག་གིས་གསུངས་པའི་གཡུང་དྲུང་བོན་ནི་ནང་བསྟན་ཡང་དག་ཅིག་ཡིན་པ་རྩོད་མེད་ཡིན་པས་ཕར་བསྒྱུར་རུང་ཚུར་འགྱུར་རུང་གང་ལྟར་དད་གུས་བྱ་བའི་ཡུལ་དམ་པའོ།།
ཐོན་མིས་བཟོས་པའི་ཡི་གེའི་གཟུགས་འདི་ཡི་སྔོན་དུ་བོད་ཡིག་ཅིག་ཡོད་ཟེར་ན་སྟོན་རོགས། ཧ་ཅང་དགའ་ས་རེད། སྟོན་རྒྱུ་མེད་པར་ཡོད་མདོག་མདོག་རྐྱང་མ་གནང་རོགས།
རྩོམ་ཡིག་འབྲི་མཁན་ཡིན་ན་རེད། གཏམ་བཤད་གནང་མཁན་ཡིན་ན་རེད། མཆན་རྒྱག་མཁན་ཡིན་ན་རེད། ཚང་མས་དངོས་ཡོད་གནས་ལུགས་ལ་དཔྱད་པ་ཞིབ་པར་གནང་སྟེ། ལྟ་བ་དང་ལངས་ཕྱོགས་བརྟན་པོའི་ཐོག་ནས་འབྲི་བཤད་གནང་ན་ལེགས། དེ་མིན་མི་རེ་ལ་ངོ་པགས་རེ་བསྟན་ནས་འབྲི་བཤད་ལ་རོལ་བ་ཡིན་ན། གནས་སྐབས་རིང་ངོ་གསོས་ཆེས་མཐོང་རེ་ཐོབ་སྲིད་ཀྱང་། དངོས་ཡོད་གནས་ལུགས་དང་འགལ་བའི་ཉེས་སྐྱོན་དུ་སོང་ན་རང་གཞན་གཉིས་ཕོངས་ཀྱི་རྒྱུར་འགྱུར་ངེས་ཡིན། དེས་ནས་ཚང་མས་ཡིད་གཟབ་གནང་རོགས།
ཐོན་མིའི་སྔོན་དུ་བོད་ཡིག་ཡོད་ན་བོད་པ་ཚང་གི་རྒྱན་རེད། དེ་ལ་སྡང་སེམས་དགོས་དོན་མེད། ཐོན་མིས་བོད་ཡིག་བཟོས་བཟོས་ཟེར་ཡང་དཔང་རྟགས་གསལ་པོ་སུ་ལའང་སྟོན་རྒྱུ་མེད། རྒྱལ་རབས་ལོ་རྒྱུས་ག་གེ་མོ་ལས་གསལ་ཟེར་ཡང་ཆོས་ལུགས་མི་སྣ་ཕྱོགས་རིས་ཀྱིས་མིག་ལོང་བ་ཚོས་བྲིས་པར་བདེན་པ་གང་ཡང་མེད། དཔེར་ན་པད་མ་དཀར་པོས་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་ཚིག་རྫུན་བཟོ་བྱས་ནས་ཁོ་རང་གི་དཔེ་ཆའི་ནང་བཞག་པས་ཕྱིས་ཀྱི་མཁས་པ་མང་པོ་མགོ་འཁོར་ནས་བཅོམ་ལྡན་འདས་ཀྱི་སྐུ་དུས་སུ་བོད་ཡུལ་ཆུས་གང་སྟེ། ད་དུང་མི་ཡི་འགྲོ་བ་ཆགས་མེད་ཟེར་བ་ལྟ་བུ་དཔེ་མཚོན་ཐུང་ངུ་ཞིག་རེད། སྤྱིར་བཏང་དྲ་འབུ་འདི་ཚོ་ངར་བ་ཡོད་ན་ཚ་བ་མདའ་སྨྱུག་ཟེར་བས་སངས་རྒྱས་ཆོས་ལུགས་ཀྱིས་གསང་སྔགས་རྫུན་བཟོ་བྱས་པ་སོགས་ཀྱི་གཏམ་ལུང་པ་གང་བཤད་པ་རྣམས་ལ་གནད་ལ་ཁེལ་བའི་དགག་པ་རེ་རྒྱོབས་དང་། དེ་མིན་བན་བོན་ཕྱོགས་རིས་ཀྱི་སྐད་ཆ་རྐྱང་རྐྱང་བཤད་ན་དུས་ཚོད་ཁྲོག་བརླགས་རེད།
མཁས་དབང་མཁར་རྨེའུ་ཡིས་བརྩམས་ཤིངབདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་བོད་ཡིག་དུ་བསྒྱུར་བའི་དེབ་ཐེར་མདའ་དང་འཕང་ཞེས་པར་བལྟ་ཐུབ་ན་བན་བོན་རིག་གནས་ལས་གྲུབ་པའི་བོད་ཆེན་པོའི་རིག་གནས་ལོ་རྒྱུས་དང་དང་དེའི་འཕོ་འབྱུང་ཚུལ་ལ་ཤེས་རྟོགས་བྱེད་རྒྱུར་ཕན་ཐོགས་་ཆེ། དེབ་དེ་ནི་བོད་ཀྱི་རིག་གནས་ལ་དོན་གཉེར་བྱེད་པའི་སྐྱེ་བོ་ཀུན་གྱིས་ངེས་པར་དུ་བལྟ་དགོས་པའི་དེབ་ཐེར་ཞིག་རེད་འདུག
ཡོ་མོ། ཐོན་མིས་བོད་ཡིག་བཟོས་པའི་ཁུངས་གསལ་པོ་མེད་པ་བདེན་ན་མ་བཟོས་པའི་ཁུངས་གསལ་པོ་ཞིག་ཡོད་དམ། བོད་ཡིག་དང་ནང་ཆོས་གཉིས་བསྲེས་མི་ཉན། ཐོན་མིའི་སྔོན་དུ་བོད་ཡིག་ཅིག་ཡོད་ན་དགའ་དགོས་པ་ལོས་ཡིན་ཏེ། དེའི་སྡོན་དུ་བོད་ཡིག་ཅིག་ཡོད་དགོས་དང་ཡོད་ཟེར་བ་ལས་ཁུངས་སྟོན་རྒྱུ་མིན་འདུག་ག
འདི་བན་བོན་གྱི་སྐད་ཆ་གང་ཡང་མིན།
དུས་རབས་བདུན་པའི་སྔོན་དུ་བོད་ལ་ཡི་གེ་ཡོད་པ་དང་མེད་པ་སྟེ་འདོད་ཚུལ་མི་འདྲ་བ་ཁག་གཉིས་ཡོད། འོན་ཀྱང་དེ་གཉིས་ཀས་གནའ་ནས་ད་བར་དེའི་གོང་བོད་ལ་ཡི་གེ་ཡོད་མེད་ཀྱི་སྐོར་རྒྱུ་མཚན་ཕྱོཊ་རེ་བ་རེ་འགའ་ལས་ཁུངས་དག་པ་ཅིག་བཤད་ཐུབ་མེད། གནས་དོན་འདི་ནི་བོད་མི་རིགས་ལ་དྲི་རྟགས་དང་དཔྱད་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད། དེས་ན། ད་བར་དུས་རབས་བདུན་པའི་གོང་དུ་བོད་ལ་ཡི་གེ་ཡོད་དང་མེད་འདོད་མཁན་སུས་ཀྱང་ཡོད་མེད་གང་ཡང་སྒྲུབ་ཐུབ་མེད། དེའི་ཕྱིར་། གནས་དོན་འདི་ལ་ད་དུང་དཔྱད་ཞིབ་དང་བགྲོ་གླེང་མཐིལ་ཕྱིན་པར་བྱ་བར་འབད་རྒྱུ་ལས། རྒྱུ་མཚན་འདྲ་ཆག་ཆག་རེ་འགའ་བགྲང་ནས་འདི་རེད་དེ་མ་རེད་ཅེས། ཐག་མ་ཆོད་བཞིན་དུ་ཨུ་ཚུགས་དང་མཁས་རློམ་གྱི་དབང་གིས་ཁ་ཚོན་བཅད་དེ་བཤད་ན་སྐྱག་རྫུན་ལས་གཞན་ཕན་པའི་དགེ་མཚན་ཅི་ཡང་མ་མཐོང་།
གོང་དུ་དྲ་གྲོགས་མང་པོས་མཆན་བཏབ་པ་ཇི་བཞིན་དུས་རབས་བདུན་པའི་སྔོན་ལ་བོད་ལ་ཡི་གེ་ཞིག་ཡོད་ན་བོད་མིའི་རྒྱན་ཡིན་པ་ལས་ཕྲག་དོག་དང་ངོ་ཚ་བྱེད་དགོས་པ་ཅི་ཡང་མེད།་་་ཡིན་ན་ཡང་བོད་ཡིག་ཡོད་ན་ཡོད་པའི་དཔང་རྟགས་དང་ཁུངས།་་་རྒྱུ་མཚན་བཅས་གསལ་བོ་ཞིག་དགོས་པ་ལས་ཉ་ཉོག་བསྲེས་ནས་ཡར་བཤད་མར་བཤད་ག་ཚོད་བྱས་ཀྱང་ཡིད་ཆེས་འཕེར་བའི་གཏམ་དུ་མི་འདོད་པས་བགྲོ་གླེང་གནང་མཁན་ནམ་གོ་སྒྲིག་བྱེད་མཁན་ཚང་མས་ཕྱོགས་རིས་བྲལ་བའི་སྒོ་ནས་བོད་ཀྱི་ཡོད་ཚད་བོན་ལ་མི་གཏུགས་པར་དཔྱད་པ་རྣམ་དག་ཅིག་གནང་རྒྱུ་ནི་གནད་དམ་པར་སེམས།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷེལ་ཇམ་དུ་མཁན་བླ་སྤྲུལ་རྣམས་ལ་ལམ་སྟོན་བཀའ་སློབ་སྩལ་བ།
༢༠༡༢ ཟླ་ ༥ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །སྤྱིར་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༤ ཉིན་བྷེལ་ཇམ་དུ་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་མཁན་བླ་སྤྲུལ་སོགས་ལ་ལམ་སྟོན་བཀའ་སློབ་སྩལ་དོན། དེ་རིང་འདིར་བོད་ནས་ས་སྐྱ་བཀའ་རྙིང་རིས་སུ་མ་ཆད་པའི་མཁན་པོ་དང་བླ་སྤྲུལ་མང་དག་ཅིག་འཛོམས་འདུག དེ་རིང་དུས་ཚོད་ཕྲན་བུ་ལྷོད་པ་འདུག་པས་ཁྱུ་ཙམ་ཞིག་མཇལ་ན་བསམས་བྱུང་། ངོས་ཀྱིས་དེ་རིང་ཁྱེད་རང་ཚོར་དོན་ཚན་གསུམ་ཐོག་ལ་ཤོད་འདོད་བྱུང། དོན་ཚན་དང་པོ། ང་ཚོ་བོད་ཀྱི་སྔར་ཆོས་རྒྱལ་ཚོའི་ཐུགས་རྗེ་བཀའ་དྲིན་དང་གང་ལྟར་བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་ང་ཚོ་རང་ཉིད་སྣང་བ་དག་ནས་བརྗོད་པ་དེ་འདྲ་མ་རེད། སྔ་མོ་ང་རང་ཚོ་བོད་ལ་མཎྜལ་གྱི་བཤད་པ་རྒྱག་སྐབས་བླ་མའི་མཛད་འཕྲིན་ནུབ་ཛྙ་ལན་ཌར་ནས་ཤར་ཟ་འོག་དར་འཐག་ཅེས་བརྗོད་ཀྱི་ཡོད་པ་དེ་དག་དོན་སྙིང་མེད། དེ་དག་ནི་སོ་སོའི་ལུང་ཁུག་ནང་སྣང་བ་དག་ནས་བརྗོད་པ་ཞིག་རེད། དེ་རིང་ཁ་སང་འཛམ་གླིང་ཤར་ནུབ་གང་དུ་ཡིན་རུང་གནས་ཚུལ་ལམ་སེང་གོ་ཐུབ་ཀྱི་ཡོད། སྔར་ནང་ཆོས་མ་དར་སའི་ཡུལ་གྲུའི་ནང་ལའང་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་གི་འདུག ང་རང་ཚོ་ཤར་ཕྱོགས་ལུང་པའི་ནང་ཕ་མེས་ནས་ནང་པ་ཡིན་མཁན་ཚོ་སོ་སོས་དད་པ་བྱས་ནས་འགྲོ་མཁན་མང་ཆེ་བ་རེད། ནུབ་ཕྱོགས་རྒྱལ་ཁབ་ཀྱི་ནང་ཆོས་ལ་དོ་སྣང་བྱེད་མཁན་དེ་དག་དེ་འདྲ་མིན། ཁོང་ཚོ་ཐེ་ཚོམ་ཐོག་ནས་སྡོད་ཀྱི་འདུག ཆོས་ལ་ཆ་བཞག་ན། སོ་སོའི་ཕ་མེས་ཀྱི་ཆོས་ལ་མང་པོ་ཞིག་གིས་ཡིད་ཆེས་བྱེད་ཀྱི་མེད། འཇིག་རྟེན་བཀོད་པ་པོ་དཀོན་མཆོག་གི་གྲས་དེ་ཁོང་རང་ཚོའི་གོམས་གཤིས་ཐོག་དེ་འདྲ་བྱས་ནས་བསྡ༞ད་ཡོད་པ་མ་གཏོགས་ཡིད་ཆེས་ཞེ་དྲག་མེད་པར་སྡོད་མཁན་མང་པོ་འདུག
དེ་འདྲ་ཞིག་གི་མིའི་ནང་ནས་སངས་རྒྱས་ཀྱི་ཆོས་ལ་རྒྱུ་མཚན་ཡོད་པ་མཐོང་བའི་ཐོག་ནས་དོ་སྣང་ཆེན་པོ་བྱེད་མཁན་ཡོང་གི་འདུག ཡུལ་གྲུ་དེ་དག་ནས་ངོས་རང་སྐད་བཏང་བ་ལྟར་ཕྱིན་ནས་ཡུལ་གྲུ་དེ་དག་ནང་དུ་ནང་ཆོས་འགྲེལ་བཤད་རྒྱག་སྐབས་རྟག་ཏུ་ངོས་ཀྱིས་ངོས་རང་ནང་ཆོས་སྤེལ་བར་ཡོང་གི་མེད། སོ་སོའི་ཕ་མེས་ཀྱི་ཆོས་ལ་བདག་པོ་བརྒྱབ་ནས་ཕྱིན་ན་བརྟན་གྱི་རེད། ཅེས་ཚང་མར་བརྗོད་ཀྱི་ཡོད། མཚམས་རེ་ངོས་རང་འཚེར་ཤུར་ཤུར་བྱེད་ཀྱི་འདུག ཡི་ཤུ་ཚོས་སོ་སོའི་ཕ་མེས་ཀྱི་ཆོས་དེ་ཉམས་འགྲོ་གི་ཡོད། སངས་རྒྱས་ཀྱི་ཆོས་ཤར་ཕྱོགས་པའི་ཆོས་རེད། དེ་སྔ་འབྲེལ་བ་གང་ཡང་མེད། གཞི་ནས་དོ་སྣང་བྱེད་སྐབས་ངོས་རང་ཕྲན་བུ་འཚེར་པོ་འདུག དེ་ལྟ་བུའི་གནས་སྟངས་ཐོག་སླེབས་ཡོད། སངས་རྒྱས་ཀྱི་ཆོས་སྤྱི་དང་ལྷག་པར་བོད་གངས་ཅན་ལྗོངས་ལ་ཡོད་པའི་ཆོས་འདི་དངོས་གནས་འཛམ་གླིང་འདིའི་ཐོག་གི་ཤེས་ཡོན་ཅན་ཚོས་དོ་སྣང་བྱེད་རྒྱུའི་ཆོས་ཤིག་ཆགས་ཡོད། ཚན་རིག་པའི་མཉམ་དུ་རྐུབ་གྲལ་བསྒྲིགས་ནས་སྐད་ཆ་ཤོད་ཐུབ་མཁན་ང་ཚོ་བོད་ཀྱི་ནང་པ་མ་གཏོགས་ཕལ་ཆེར་མེད། བོད་ཀྱི་ནང་པའི་ནང་ནས་གཞུང་ཆེན་པོ་དང་དཔེ་ཆ་སྦྱང་ཡོད་མཁན་དེ་དག་ཚན་རིག་པ་དང་མཉམ་དུ་ཐུག་སྟེ་གོ་བསྡུར་བྱེད་རྒྱུ་ཞིག་ཡོང་གི་ཡོད། གཞུང་ཆེན་པོ་བལྟས་མེད་ན། གྲུབ་རྟགས་སྟོན་ཏེ་ནམ་མཁར་འཕུར་བ་དང་ས་འོག་ཏུ་འཛུལ་ན། ཚན་རིག་པ་ཚོས་ངོ་མཚར་ཆེན་པོ་ཞིག་རྩིས་ཀྱི་རེད། དེ་མིན་ཆ་ལུགས་ཡ་མ་ཟུང་གྱོན་པའི་ཐོག་ནས་གཞུང་དང་སྤྱོད་པ་ཡིན་ཞེས་བརྗོད་པས་ཡིད་ཆེས་བྱེད་ཀྱི་མ་རེད། དཔེར་ན། བར་སྐབས་རྒྱ་ནག་ནང་ལ་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ལོ་གཅིག་གཉིས་ཤིག་གི་གོང་ལ་རེད། རྒྱ་མིའི་གཙུག་ལག་སློབ་གྲྭ་ཞིག་གིས་ཡིག་ཆ་ཞིག་བཏོན་འདུག
དེ་བཞིན་ཕྱི་རྒྱལ་བ་ཚོས་ཀྱང་ཡིག་ཆ་ཞིག་བཏོན་འདུག ཕྱི་རྒྱལ་བ་ཚོས་བརྗོད་ན། ཕལ་ཆེར་རྒྱ་ནག་ནང་དུ་ནང་པ་མི་ས་ཡ་ཉིས་བརྒྱ་ལྷག་འདུག རྒྱ་མིས་བཏོན་པའི་ཡིག་ཆའི་ནང་དུ་རྒྱ་ནག་ནང་ས་ཡ་གསུམ་བརྒྱ་ལྷག་ཡོད་སྐོར་དང་། རྒྱ་ནག་ནང་དུ་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་ཆེ་བ་ཤེས་ཡོན་ཡོད་མཁན་ཡིན་སྐོར་བཀོད་འདུག དེར་བརྟེན་འཛམ་གླིང་འདིའི་ཐོག་སྤྱིར་སངས་རྒྱས་ཀྱི་ཆོས་དང་ཡང་སྒོས་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་འདི་ལ་དོ་སྣང་དང་མཐོང་བྱེད་ཀྱི་ཡོད། ཆོས་གཅིག་གི་ནང་ནས་རྒྱུ་མཚན་འགྲེལ་བཤད་རྒྱག་རྒྱུ་ཡོད་པའི་ཆོས་ཤིག་འདུག ཅེས་མཐོང་ཚུལ་ཞིག་ཡོང་བཞིན་ཡོད། ཕྱོགས་གཅིག་ནས་ང་ཚོ་བོད་པ་དེ་དག་མཐོང་ཡོང་སྐབས་དང་། དེ་བཞིན་འཛམ་གླིང་འདིའི་ཐོག་གྲངས་ཉུང་མི་རིགས། སོ་སོའི་ཡུལ་གོམས་གཤིས་ལུགས་ཐུན་མོང་མ་ཡིན་པ་ཡོད་པའི་གྲས་དེ་ངོས་རང་ལུང་པ་འདྲ་མིན་ནང་སླེབས་སྐབས། ཁོང་ཚོ་མང་པོ་ཞིག་གིས་དགའ་པོ་བྱས་ནས་ཐུག་པར་ཡོང་གི་འདུག ཁོང་ཚོའི་གྲས་ཀྱིས་སོ་སོའི་རིག་གཞུང་དང་གོམས་གཤིས་དེ་དག་བདག་པོ་རྒྱག་རྒྱུར་ཧ་ཅང་སེམས་ཤུགས་བསྐྱེད་དེ་ཡོད་པ་ཞིག་ལ་དཀའ་ངལ་མང་དག་ཅིག་འཕྲད་ཀྱི་ཡོད་འདུག ངོས་ཀྱིས་ཁོང་ཚོར་ཁྱེད་རང་ཚོར་ཡི་གེ་ཡོད་དམ་མེད་ཅེས་དྲིས་སྐབས། མང་ཆེ་བར་ཡི་གེ་མི་འདུག ངོས་ཀྱིས་ཁོང་ཚོར་ཡི་གེ་དགོས་པས་མི་རྒན་གྱི་ངག་རྒྱུན་ནས་ཡོད་པ་ཁོ་ནས་སོ་སོའི་གོམས་གཤིས་དང་རིག་གཞུང་འཛིན་སྐྱོང་ཐུབ་ཐབས་མེད་པས་ཡིན་གཅིག་མིན་གཅིག་ཡི་གེ་དགོས། དབྱིན་ཇིའི་ཡིག་གཟུགས་ལ་སྐད་སོ་སོ་རང་གི་ཡུལ་སྐད་རྒྱག་རྒྱུ་དེ་འདྲ་བཟོ་གི་འདུག ཁྱེད་རང་ཚོས་སོ་སོའི་གོམས་གཤིས་དང་རིག་གཞུང་བདག་པོ་རྒྱག་རྒྱུ་ཁྱེད་རང་ཚོའི་ལས་འགན་རེད། དོ་སྣང་ཡོད་པ་དེ་ཧ་ཅང་ཡག་པོ་རེད། དེ་རིང་ཁ་སང་འཛམ་གླིང་འདིའི་ཐོག་མི་རིགས་སོ་སོའི་སྐད་ཡིག་དང་ཆོས་རིག་གཞུང་ལ་བདག་པོ་རྒྱག་རྒྱུའི་ཐོབ་ཐང་ཡོད་པར་བརྟེན་ཧ་ཅང་ཡག་པོ་རེད། མི་གཞན་ལ་དེ་ལྟར་བརྗོད་སྐབས་ངོས་རང་བསམ་བློ་འཁོར་གྱི་འདུག ང་ཚོ་བོད་པར་སོ་སོའི་ཡི་གེ་ཡོད། ཡི་གེ་དེ་ཡང་རྒྱ་ཡིག་དང་རྒྱ་གར་གྱི་ཡི་གེ་ནས་དཔེ་བལྟས་པ་ཞིག་མ་རེད། སྤྱིར་བཏང་སུམ་རྟགས་གྲས་དེ་རྒྱ་གར་ནས་དཔེ་བལྟས་པ་ཞིག་རེད།
རྩ་བའི་ང་ཚོའི་ཡི་གེ་ཞང་གཞུང་སྨར་ཡིག་ཡིན་ནའང་འདྲ། གང་ལྟར་སོ་སོའི་ཡི་གེ་རང་བཙན་པ་ཞིག་ཡོད། དེའི་ནང་ལ་གཙོ་བོ་རྒྱ་གར་རེད། རྒྱ་ནག་ནས་ཕྲན་བུ་བསྒྱུར་ཡོད་འདུག རྒྱ་གར་ནས་ལེགས་སྦྱར་དང་པ་ལིའི་སྐད་ནང་གི་ཕལ་ཆེར་གཞུང་གཙོ་ཆེ་བ་དེ་དག་བོད་ཡིག་ནང་བསྒྱུར་འདུག བོད་ཡིག་ནང་ཡོད་པ་གང་ཞིག་ལ་རྒྱ་ཡིག་ནང་མེད་པ་མང་པོ་ཞིག་མཐོང་རྒྱུ་འདུག སོ་སོའི་སྐད་ཡིག་ཟུར་དུ་ཡོད་པ་ཙམ་དུ་མ་ཟད། དེ་དག་ནང་ལེགས་སྦྱར་དང་པ་ལིའི་ནང་ཡོད་པའི་གཞུང་མང་དག་ཅིག་བསྒྱུར་ཡོད། རྒྱ་ཡིག་ཐོག་གི་བསྒྱུར་ལས་བོད་ཡིག་བསྒྱུར་སྤུས་དག་པ་འདུག དཔེར་ན། ཤེས་རབ་སྙིང་པོའི་ནང་གི་ཚིག་ཕུང་པོ་ལྔ་པོ་དེ་དག་ཀྱང་ཞེས་པའི་ཀྱང་སྒྲ་དེ་བོད་ཡིག་དང་ལེགས་སྦྱར་སྐད་ནང་འདུག རྒྱ་ཡིག་ནང་མི་འདུག དེ་བཞིན་ཉི་ཧོང་དང་ཀོ་རི་ཡ། ཝི་ཏི་ནམ་ནང་དུ་མེད། དེ་དག་ལ་བསམ་བློ་གཏོང་སྐབས་ང་ཚོ་བོད་མི་རིགས་ཀྱི་མེས་དབོན་དེ་དག་རླབས་ཆེན་རྣམ་དཔྱོད་ཡོད་པ་ཞིག་ཡིན་པ་ཤེས་ཐུབ་ཀྱི་འདུག བར་སྐབས་ཀྱི་གནས་ཚུལ་ལ་ཆ་བཞག་ན། དམར་པོའི་ལྟ་གྲུབ་འོག་བོད་པ་དང་ཤིང་ཅང་། ནང་སོག་གིས་སྡུག་བསྔལ་མྱང་གི་ཡོད། འོན་ཀྱང་འཚེ་བ་མེད་པའི་ལམ་གྱི་ཐོག་ནས་ངོ་རྒོལ་བྱེད་མཁན་ཕལ་ཆེར་བོད་པ་ཤུགས་ཆེ་ཤོས་ལྟ་བུ་རེད། བོད་པས་འཚེ་བ་མེད་པའི་ལམ་བརྒྱུད་ནས་འགྲོ་རྒྱུ་དེ་ལས་སླ་པོ་མ་རེད། སེམས་ལ་སྡུག་བསྔལ་དང་དངས་སྐྲག་འོག་ནས་ད་དུང་འཚེ་བ་མེད་པའི་ཐོག་ནས་འགྲོ་རྒྱུ་དེ་ལས་སླ་པོ་མིན། ང་ཚོ་བོད་པ་སྐྱོ་པོ་རྩ་བ་ནས་མ་རེད། ང་ཚོ་བོད་མི་རིགས་འདི་རླབས་ཆེན་ཞིག་ཡིན་པ་སེམས་ནང་ངེས་པ་རྙེད་རྒྱུ་ཞིག་ཡོང་གི་འདུག ཅེས་སོགས་ཀྱི་ལམ་སྟོན་བཀའ་སློབ་ཟབ་རྒྱས་སྩལ་ཡོད་པ་བཅས། །
དབུས་བོད་མིའི་སྒྲིག་འཛུག་དྲ་བ་ལས་བཤུས།
དུས་རབས་བདུན་པའི་སྔོན་དུ་བོད་ལ་ཡི་གེ་ཡོད་ཀྱང་ཀ་ཁ་ག་ང་སོགས་མཚོན་པའི་ཡི་གེ་འདི་རིགས་མེད།
པདྨ་བཀའ་ཐང་ལས། གཤེན་རན་མི་བོ་ཆེས་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་སྟག་གཟིག་སྐད་ཀྱིས་གསུངས་ཤིང་། དེ་ཞང་ཡིག་ཏུ་བསྒྱུར། ཞང་ཡིག་ལས་བོད་ཡིག་ཏུ་བསྒྱུར། ཞེས་སྟོན་པ་གཤེན་རབ་སྟག་གཟིག་གི་ཡིན་པ་ཤེས། གལ་ཏེ་ཞང་ཞུང་ངམ་བོད་ཡུལ་ནས་འཁྲུངས་པ་ཡིན་ན་སྟག་གཟིག་གི་སྐད་ཀྱིས་གསུངས་དོན་ཅི། བོན་ཟེར་བའི་ཚིག་དེ་པར་སིག་གི་སྐད་ཡིན་པར་འདོད་མཁན་ཡང་ཡོད་པ་དང་། ཨ་རུ་སུའི་མཁས་དབང་༼ Litvinski ༽ཡི་༼གནའི་རི་སྤོ་བའི་མི་རིགསར༽ནང་“སྟོན་པ་གཤེན་རབ་ནི་གནའི་སྟག་གཟིག་རིག་གནས་ཀྱི་སྲོལ་གཏོད་པ་ཡིན།”ཞེས་དང་། ལེགས་བཤད་རིན་པོ་ཆེའི་གཏེར་ལས། འོན་ཀྱང་སུམ་འགྱུར་ཁོ་ནར་མ་ངེས་ཏེ་ཁྲི་བདུན་གྱི་རིང་ལ་སྟག་གཟིག་ནས་བོད་དུ་འགྱུར་བའང་ཡོད་དེ། ཞེས་གསུངས་ཤིང་། ལེགས་བཤད་མཛོད་དུ། ཁྲི་ལྡེ་གཙུག་བརྟན་ཡན་ཆད་དུ་རྒྱལ་སྲིད་གཡུང་དྲུང་བོན་གྱིས་བསྐྱངས། ཞེས་པ་སོགས་ལ་བསམ་ན་ཐོན་མིའི་སྔོན་དུ་བོད་ལ་ཡི་གེ་ཡོད་ཀྱང་ཀ་ཁ་ག་ང་སོགས་གསལ་བྱེད་ཀྱི་ཡི་གེ་འདི་དག་ཡིན་པའི་ངེས་པ་མི་འདུག །གལ་ཏེ་དེ་ལྟར་ཡིན་ན་སློབ་དཔོན་ཐོན་མི་རང་གིས་མགུར་དུ་བཞེས་པ། རྒྱ་ཡིག་ལྔ་བཅུ་ཐམ་པ་དེ། །བོད་ཡིག་སུམ་ཅུར་གཏན་ལ་ཕབ།།ཞེས་པ་ལྟར་རྒྱ་གར་ཡི་གེ་དཔེར་བྱས་ནས་བོད་ཡིག་གསར་བཟོས་མཛད་པ་ཇི་ལྟར་འགྲེལ། སྤྱིར་ཞང་ཞུང་གི་ཡི་གེ་ནི་གདོད་མའི་གཟུགས་མཚོན་ཡི་གེ་ཞིག་སྟེ་བོན་པོ་རྣམས་ཀྱིས་ཆོས་འདོན་བྱེད་ལས་སྲིད་ཕྱོགས་ལ་སྤྱོད་དཀའ་བའི་ཡིག་རྒན་ཞིག་ཡིན་བཤད་མཁན་ཡང་ཡོད་པ་རེད། པདྨ་བཀའ་ཐང་ལས། རྒྱ་གར་ཆོས་རྣམས་བོད་ལ་བསྒྱུར་བའི་ཚེ།།རྒྱ་གར་ཡི་གེ་བོད་དུ་བསྒྱུར་མ་བཏུབ།།ཅེས་པའང་ཞང་ཡིག་ཏུ་བསྒྱུར་མ་ཐུབ་པར་བསྟན། སྲོང་བཙན་གྱིས་སངས་རྒྱས་ཆོས་ལུགས་བོད་ལ་སྤེལ་ཆེད་ཐོན་མི་རྒྱ་གར་ལ་མངགས་ཏེ་བོད་ཡིག་འབྲི་ཚུལ་གསར་གཏོད་མཛད་ལ། རྒྱ་གར་གྱི་སྒྲ་གཞུང་ལ་དཔེ་བལྟས་ནས་བོད་སྐད་དང་མཐུན་པའི་སུམ་རྟགས་སོགས་མཛད་པ་རེད། དེས་ན་ཐོན་མིའི་སྔོན་དུ་བྱུང་བའི་ཡི་གེ་ནི་ཞང་ཞུང་གི་ཡི་གེ་དེ་གདོད་མའི་ཡིག་རྒན་དེ་ཡིན་པ་དང་དེ་ནི་སྟོན་པ་གཤེན་རབ་ཀྱིས་མཛད་པར་ལོ་རྒྱུས་སྨྲ་བ་ཚོས་མཐུན་པར་བཤད། །འདི་དག་ཕྱི་གླིང་བའི་བློ་གཟུ་བོར་གནས་པ་དག་གིས་བྲིས་པ་དང་མཐུན་ཞིང་། རང་རེའི་བོན་དག་གིས་ཐམས་ཅད་བོན་ལ་གཏུགས་དགོས་ཚུལ་བཤད་པ་ཁས་ལེན་དཀའ་བ་ཞིག་རེད།
ཞང་ཞུང་གི་ཡི་གེ་དེ་གང་འདྲ་ཡོད་དམ།
ཐོན་མི་བཀའ་དྲིན་ཅན་གྱི་གོང་དུ་བོད་ལ་ཡི་གེ་ཡོད་པའི་དབང་དུ་བྱས་ན།
བོད་རིགས་ཞང་གཞུང་རྨར་ཡིག་དང་། རྒྱ་གར་ན་ག་རའི་ཡི་གེ་གཉིས་ཀ་ལ་གཞིར་བཞག་ནས་ཐོན་མི་མཆོག་གིས། ་གསར་བཅོས་་ཆེན་མོ་ཅིག་གནང་པ་ཡང་ཡིན་སྲིད།
རྒྱ་གར་ནས་ཀ་ཁ་ག་ངའི་སྒྲ་གདངས་གོ་རིམ་གཙོ་བོར་བསྟུན་པ་དང་། རྨར་ཡིག་ནས་ཀ་ཁ་ག་ངའི་ཡིག་གཟུགས་དང་། གཞན་ལ་མེད་པའི་བོད་ལ་སྔར་ཡོད་ཡི་གེ་ཙ་ཚ་ཛ་ཝ་ཞ་འ་རང་སོར་བཞག་ནས། རྒྱ་གར་ཡི་གེའི་སྲོལ་ལ་་མེད་པའི། ཚེག་གིས་བར་ཕྱེ་མི་འཁྲུགས་གསལ་བར་སྙོམས། །གུག་འགྲེང་ན་རོ་ཞབས་ཀྱུ་ ཡ་སྟ་ཡིས། །སྐབས་སྦྱོར་དོན་དུ་ཡན་ལག་རྒྱས་པར་བཏགས། །གསུངས་པ་འདི་བདེན་པར་རྩིས་ན་གང་འདྲ་འདུག་གམ། ད་དུང་དཔྱད་པར་འཚལ། །ཐོན་མིའི་བསྟན་པ་ཡུན་བརྟན་ཤོག །
མེ་དཀར་ལགས།
དཔར་ནང་གི་ཡིག་ཕྲེང་དང་པོ་དེ་ཚོ་ཞང་ཞུང་ཡི་གེ་རེད་ཟེར་བགྱིད་ཡོད་རེད།
དུས་རབས་བདུན་པའི་སྔོན་དུ་བོད་ལ་ཡི་གེ་ཡོད་ཀྱང་ཀ་ཁ་ག་ང་སོགས་མཚོན་པའི་ཡི་གེ་འདི་རིགས་མེད།
པདྨ་བཀའ་ཐང་ལས། གཤེན་རབ་མི་བོ་ཆེས་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་སྟག་གཟིག་སྐད་ཀྱིས་གསུངས་ཤིང་། དེ་ཞང་ཡིག་ཏུ་བསྒྱུར། ཞང་ཡིག་ལས་བོད་ཡིག་ཏུ་བསྒྱུར། ཞེས་སྟོན་པ་གཤེན་རབ་སྟག་གཟིག་གི་ཡིན་པ་ཤེས། གལ་ཏེ་ཞང་ཞུང་ངམ་བོད་ཡུལ་ནས་འཁྲུངས་པ་ཡིན་ན་སྟག་གཟིག་གི་སྐད་ཀྱིས་གསུངས་དོན་ཅི། བོན་ཟེར་བའི་ཚིག་དེ་པར་སིག་གི་སྐད་ཡིན་པར་འདོད་མཁན་ཡང་ཡོད་པ་དང་། ཨ་རུ་སུའི་མཁས་དབང་༼ Litvinski ༽ཡི་༼གནའི་རི་སྤོ་བའི་མི་རིགས༽ནང་“སྟོན་པ་གཤེན་རབ་ནི་གནའི་སྟག་གཟིག་རིག་གནས་ཀྱི་སྲོལ་གཏོད་པ་ཡིན།”ཞེས་དང་། ལེགས་བཤད་རིན་པོ་ཆེའི་གཏེར་ལས། འོན་ཀྱང་སུམ་འགྱུར་ཁོ་ནར་མ་ངེས་ཏེ་ཁྲི་བདུན་གྱི་རིང་ལ་སྟག་གཟིག་ནས་བོད་དུ་འགྱུར་བའང་ཡོད་དེ། ཞེས་གསུངས་ཤིང་། ལེགས་བཤད་མཛོད་དུ། ཁྲི་ལྡེ་གཙུག་བརྟན་ཡན་ཆད་དུ་རྒྱལ་སྲིད་གཡུང་དྲུང་བོན་གྱིས་བསྐྱངས། ཞེས་པ་སོགས་ལ་བསམ་ན་ཐོན་མིའི་སྔོན་དུ་བོད་ལ་ཡི་གེ་ཡོད་ཀྱང་ཀ་ཁ་ག་ང་སོགས་གསལ་བྱེད་ཀྱི་ཡི་གེ་འདི་དག་ཡོད་པའི་ངེས་པ་མི་འདུག །གལ་ཏེ་དེ་ལྟར་ཡིན་ན་སློབ་དཔོན་ཐོན་མི་རང་གིས་མགུར་དུ་བཞེས་པ། རྒྱ་ཡིག་ལྔ་བཅུ་ཐམ་པ་དེ། །བོད་ཡིག་སུམ་ཅུར་གཏན་ལ་ཕབ།།ཞེས་པ་ལྟར་རྒྱ་གར་ཡི་གེ་དཔེར་བྱས་ནས་བོད་ཡིག་གསར་བཟོས་མཛད་པ་ཇི་ལྟར་འགྲེལ། སྤྱིར་ཞང་ཞུང་གི་ཡི་གེ་ནི་གདོད་མའི་གཟུགས་མཚོན་ཡི་གེ་ཞིག་སྟེ་བོན་པོ་རྣམས་ཀྱིས་ཆོས་འདོན་བྱེད་ལས་སྲིད་ཕྱོགས་ལ་སྤྱོད་དཀའ་བའི་ཡིག་རྒན་ཞིག་ཡིན་བཤད་མཁན་ཡང་ཡོད་པ་རེད། པདྨ་བཀའ་ཐང་ལས། རྒྱ་གར་ཆོས་རྣམས་བོད་ལ་བསྒྱུར་བའི་ཚེ།།རྒྱ་གར་ཡི་གེ་བོད་དུ་བསྒྱུར་མ་བཏུབ།།ཅེས་པའང་ཞང་ཡིག་ཏུ་བསྒྱུར་མ་ཐུབ་པར་བསྟན། སྲོང་བཙན་གྱིས་སངས་རྒྱས་ཆོས་ལུགས་བོད་ལ་སྤེལ་ཆེད་ཐོན་མི་རྒྱ་གར་ལ་མངགས་ཏེ་བོད་ཡིག་འབྲི་ཚུལ་གསར་གཏོད་མཛད་ལ། རྒྱ་གར་གྱི་སྒྲ་གཞུང་ལ་དཔེ་བལྟས་ནས་བོད་སྐད་དང་མཐུན་པའི་སུམ་རྟགས་སོགས་མཛད་པ་རེད། དེས་ན་ཐོན་མིའི་སྔོན་དུ་བྱུང་བའི་ཡི་གེ་ནི་ཞང་ཞུང་གི་ཡི་གེ་དེ་གདོད་མའི་ཡིག་རྒན་དེ་ཡིན་པ་དང་དེ་ནི་སྟོན་པ་གཤེན་རབ་ཀྱིས་མཛད་པར་ལོ་རྒྱུས་སྨྲ་བ་ཚོས་མཐུན་པར་བཤད། །འདི་དག་ཕྱི་གླིང་བའི་བློ་གཟུ་བོར་གནས་པ་དག་གིས་བྲིས་པ་དང་མཐུན་ཞིང་། རང་རེའི་བོན་དག་གིས་ཐམས་ཅད་བོན་ལ་གཏུགས་དགོས་ཚུལ་བཤད་པ་ཁས་ལེན་དཀའ་བ་ཞིག་རེད། གང་ལྟར་བློ་གཟུ་བོར་གནས་ནས་དཔྱད་ན་ཉ་བདེ་ཆུ་བདེའོ།།
ཐོན་མི་ཡི་སྔོན་དུ་བོད་ཡིག་ཡོད་ན་སྟོན་རོགས་ཟེར་འདུག དེ་ཇི་ལྟར་སྟོན་དགོས་སམ། སྐབས་དེ་དུས་སུ་བྲིས་པའི་ཡིག་རྙིང་རྙིང་དྲི་ཐུལ་ལེར་སྟོན་ཟེར་གྱི་ཡོད་དམ། ཡང་ན་དེ་ལས་གཞན་མ་ཞིག་སྟོན་ཟེར་གྱི་ཡོད། དྲི་བ་དེ་ལ་ལན་གནང་རོགས།
དུས་རབས་བདུན་པའི་སྔོན་དུ་བོད་ཡིག་ཡོད་ན་བོད་བཙན་པོས་འགྲོ་སོང་མང་པོ་བཏང་ནས་ཐུན་མི་རྒྱ་གར་ཚ་བའི་ཡུལ་ལ་གཏོང་དགོས་མི་འདུག་ཅེས་རྒྱུ་མཚན་དྲངས་འདུག
དེ་ལྟར་ན། དུས་རབས་བདུན་པའི་ཡར་སྔོན་དུ་བོད་ལ་བུད་མེད་མེད་པར་ཐལ། བོད་ཀྱི་བཙན་པོས་དམག་ལས་སོགས་འགྲོ་སོང་མང་པོ་བཏང་ནས། ཀླ་ཀློ་འབུ་སྲིན་ཟས་སུ་རོལ་པའི་རྒྱ་ནག་ནས་རྒྱ་བཟའ་བླངས་པའི་ཕྱིར།
ཁྱབ་པ་འགྲིག
གཞན་ཡང། ད་ལྟ་དུས་རབས་ཉེར་གཅིག་གི་སྐབས་སུ། རྒྱ་གར་ལ་རང་གིས་ཟོས་པའི་ཆང་རག་མེད་པར་ཐལ། ཕྱི་རྒྱལ་ནུབ་ཕྱོགས་ནས་ཆང་རག་མང་པོ་རྒྱུ་འགྲོ་སོང་མང་པོ་བཏང་ནས་ནང་འདྲེན་བྱེད་པའི་ཕྱིར། དེ་ཡང་ཁྱབ་པ་འགྲིག
གང་ལྟར་དུས་རབས་བདུན་པའི་སྔོན་དུ་བོད་ལ་ཡི་གེ་ཡོད་མེད་ཀྱི་ལན་དེ། ཁྱེད་རང་ཚོ་༸གོང་ས༸་མཆོག་ལ་བཀའ་འདྲི་སྐོར། དེ་ན་གསལ་གསལ་ཐིང་ཐིང་ཞིག་བྷེལ་འཇམ་དུ་གནང་བའི་བཀའ་སློབ་དེ་ལ་སློབ་སྦྱོང་གྱིས།
༡ ལོ་ངོ་ཉི་སྟོང་ལྔ་བརྒྱའི་སྔོན་དུ་བོད་རྒྱ་མཚོ་ཆེན་པོ་ཡིན།
༢ ལོ་ངོ་ཉིས་སྟོང་ལྔ་བརྒྱའི་སྔོན་དུ་བོད་ལ་འགྲོ་བ་མི་མེད།
༣ ལོ་ངོ་ཉིས་སྟོང་ལྔ་བརྒྱའི་སྔོན་དུ་བོད་ལ། རིག་གནས་མེད།
ལོ་ངོ་ཉིས་སྟོང་ལྔ་བརྒྱའི་རྗེས་སུ་གཞི་ནས་རྒྱ་གར་གྱི་དགེ་ཕྲུག་བོད་མི་སྤྲེལ་རྒན་བྱུང།
དུས་རབས་བདུན་པའི་སྔོན་གྱི་རང་གི་ཕ་མྱེས་ཡང་མྱེས་རྣམས་བྱོལ་སོང་ལྟ་བུར་བརྩིས།
དུས་རབ་བདུན་པའི་སྔོན་གྱི་ས་སྐྱེས་རྡོ་སྐྱེས་ཀྱི་རང་གི་ཆོས་རིག་རྣམས་མེ་ཆུའི་ཧོམ་ཞལ་དུ་བཏབ།
དུས་རབས་བདུན་པའི་རྗེས་ནས་རྒྱ་བཟའ་བལ་བཟའ་གདན་དྲང་ནས་གྷོར་དམག་རྒྱ་དམག་ཧོར་དམག་བསུ་བའི་རྟེན་འབྲེལ་སྒྲིགས།
དུས་རབས་བདུན་པའི་རྗེས་ནས་ཕྱི་ཆོས་ནང་འདྲེན་བྱས་ཏེ་རང་ཉིད་རྒྱལ་ཁབ་གཞན་གྱི་དགེ་ཕྲུག་ཆགས།
དུས་རབས་བདུན་པའི་རྗེས་ནས་བླ་མ་རེ་ལ་ཆོས་ལུགས་རེ་བྱུང་སྟེ་ནང་ཁུལ་ཆོས་དམག་རྒྱབ།
དུས་རབས་བདུན་པའི་རྗེས་ནས་རང་གི་མ་འོངས་པའི་རྒྱལ་ཁབ་དེང་རབས་ཀྱི་རྒྱལ་ཁབ་ཞིག་ཏུབསྒྱུར་བར་འདོད་པའི་རང་གི་རྒྱལ་པོ་ནང་པའི་དགེ་སློང་གིས་དམར་གསོད་བཏང།
དུས་རབས་བདུན་པའི་རྗེས་ནས་མཐར་ད་ལྟའི་གནས་སྟངས་ཡ་ང་ཞིང་སྐྱི་འཇིགས་པའི་གནས་ཚུལ་འདི་ཉིད་བྱུང།
དེ་དག་ཐམས་ཅད་དུས་རབས་བདུན་པའི་རྗེས་སུ་བྱུང་བའི་བྱུང་འབྲས་ཡིན།
དུས་རབས་བདུན་པའི་སྔོན་དུ་བོད་རྒྱལ་སོ་གསུམ་རིམ་བྱོན་གྱི་རིང་ལ་བོད་འདི་ཞི་བའི་འོད་སྣང་གིས་ཁྱབ་ཅིང་བདེ་སྐྱིད་རྩ་གསུམ་གྱི་ལྷ་ལ་འགྲན་ཏེ་རང་དབང་རང་བཙན་གྱི་རྒྱལ་ཁབ་ཏུ་གནས།
དགེ་རྒན་ངན་པའི་དགེ་ཕྲུག
ཕ་མ་ངན་པའི་བུ་ཕྲུག་དེ་ཚོའི་བྱེད་སྟངས་དེ་འདྲ་རང་རེད།
འཛམ་གླིང་གི་ཡིག་གཟུགས་སྣ་ཚོགས་འཕེལ་རིམ་གྱི་བབས་ལ་དཔྱད་ནའང་སྲོང་བཙན་ཡར་སྔོན་གྱི་ཡིག་རྒན་དེ་རི་མོའི་གཟུགས་མཚོན་ཡི་གེ་དེ་ཡི་གེར་འགྱུར་བའི་ཡི་གེ་ཡིན་པར་འདོད་པའི་དབང་དུ་བཏང་རུང་། དེ་ནི་ལོ་ལྔ་སྟོང་གི་ཡན་ལ་དེད་ཡོད་པས་བོད་ཡིག་དང་མཚུངས་པའི་སྒྲ་མཚོན་ཡི་གེ་སྔོན་ཐོན་ཅན་ཞིག་ཡིན་མི་སྲིད། སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེའི་བཙན་རིང་བོན་སྤྱུགས་པ་རྣམས་ཀྱིས་ཞང་ཡིག་མཁྱེན་པ་དང་ཞང་ཡིག་ཏུ་བསྒྱུར་ཡོད་པའི་གཤེན་ཆོས་མང་པོ་འཇང་ཡུལ་དུ་གདན་དྲངས་ཏེ་མི་བོ་ཆེའི་བསྟན་པ་སྤེལ། སྟོད་མངའ་རིས་སོགས་ཀྱི་བྲག་ངོས་དང་། རྡོ་སྟེང་། ས་འོག་ནས་རྙེད་སོན་བྱུང་བའི་གདོད་མའི་གཟུགས་མཚོན་ཡི་གེ་དེ་ཚོའི་གྲས་སུ། འབྲོང་དང་། ར་མ། བོང་བུ། རི། ལུག །རྭ་ཅོ། སྟག །སེང་གེ །སྤྲེའུ། རྟ། གཟིག །ཤྭ་ར་སོགས་དང་། བོན་པོའི་ལྷ། བྱ་རྒྱལ་ཁྱུང་ཆེན། གཤེན་རབ་མི་བོ་སོགས་དང་། དཀྲུག་ཇ་དཀྲུག་བྱེད་དང་། ཇ་དམ། ཅ་ནེ་སོགས་ཀྱི་གཟུགས་འདྲ་བ་ཡོད་པར་བཤད་འདུག །འཇང་སྐད་དང་འཇང་ཡིག་ནང་གཉེན་ཉེ་རྣམས་ཀྱི་འབོད་སྲོལ་བོད་དང་མཐུན་པ་ཡོད་ཟེར།
འ་ཛི་འདི་འདྲའི་ཀུན་རླུང་མ་གནང་། ས་ག་ཟླ་བ་ལ་བོན་པོས་ཀྱང་ཚིག་རྩུབ་སྤོངས་ཐབས་མི་གནང་ངམ། ཧ་ཧ། ཀུ་རེ་ཡིན་ནོ། །བན་བོན་གཉིས་ཀ་དར་རྒྱས་ཤོག །
སྟོན་པ་གཤེན་རབ་གནམ་ལས་བྱོན་མིན་ལ།།
སློབ་དཔོན་པདྨ་ས་ལས་འཁྲུངས་མིན་པས།།
བོད་ཀྱི་ཆོས་ལུགས་གཞན་ནས་དར་བས་ན།།
ས་སྐྱེས་རྡོ་སྐྱེས་ལྟ་བུའི་བེམ་པོ་མིན།།
ཤཱཀྱའི་སྲས་པོ་ནས།
དགེ་སློང་དག་གམ་མཁས་རྣམས་ཀྱིས།།
བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།།
ལེགས་པར་བརྟགས་ལ་ང་ཡི་བཀའ།།
བླངས་བར་བྱ་ཡི་གུས་ཕྱིར་མིན།།
ས་སྐྱ་ལེགས་བཤད་ལས།
བསྟོད་པས་དགའ་བར་མི་འགྱུར་ལ།།
སྨད་པས་མི་དགར་མི་འགྱུར་ཞིང་།།
རང་གི་ཡོན་ཏན་ལེགས་གནས་པ།།
སྐྱེས་བུ་དམ་པའི་དམ་པའི་མཚན་ཉིད་ཡིན།།
མཆན་འཁོད་པ་་་བདག་པོ་གཙོའི་ཐོན་མི་ཡི་གེ་བྱེད་པོ་དུ་འདོད་པའི་རུ་ཏྲའི་ཆགས་ཞེན་ཆེ་བའི་མཆན་འཁོད་པ་དག་་་་
མཆན་བུ་བཅུ་བཞི་པའི་ནང་དུ་༸རྒྱལ་བའི་བཀའ་སློབ་ཀྱི་ཞལ་གསུངས་འདི་དག་དོན་མེད་དུ་མ་གནང་རོགས་
ང་ཚོ་བོད་པར་སོ་སོའི་ཡི་གེ་ཡོད། ཡི་གེ་དེ་ཡང་རྒྱ་ཡིག་དང་རྒྱ་གར་གྱི་ཡི་གེ་ནས་དཔེ་བལྟས་པ་ཞིག་མ་རེད། སྤྱིར་བཏང་སུམ་རྟགས་གྲས་དེ་རྒྱ་གར་ནས་དཔེ་བལྟས་པ་ཞིག་རེད།
རྩ་བའི་ང་ཚོའི་ཡི་གེ་ཞང་གཞུང་སྨར་ཡིག་ཡིན་ནའང་འདྲ། གང་ལྟར་སོ་སོའི་ཡི་གེ་རང་བཙན་པ་ཞིག་ཡོད།
བོན་དང་བན་སྡེའི་ཁྱད་པར་གནམ་དང་ས།།
བོན་དཀར་བོན་ནག་ལང་ལོང་སྤྲིན་དུ་བསྡུས།།
ཕྱི་མིག་དྭངས་མོས་སྔོན་བྱུང་ལོ་རྒྱུས་ཀློགས།།
གདོང་དམར་བོད་འདི་རྨོངས་དད་ཆེ་པས་ཕྱིར།།
གཡམ་རྒྱུག་བྱེད་པར་ལྷག་ཏུ་སྤྲོ་དགའ་སྐྱེད།།
དུས་རབས་བདུན་པའི་དུས་ཀྱི་ཡི་གེ་དེ།།
ཡོད་ན་ཅི་དགོས་མེད་ལའང་ཅི་བྱ།།
བོན་པོའི་ཁ་ནས་བོན་པོ་བཟང་རབ་བཤད།།
དགེ་ལུགས་ངག་ནས་ཁོང་ཉིད་རྒྱན་རབ་བཤད།།
མདོར་ན་ཆོས་ལུགས་རེ་ལ་སྟོད་བཤད་རེ།།
འདི་འདྲ་བོད་པའི་ཐུན་མིན་གཤིས་སུ་གྱུར།།
བོན་ལ་བཟང་ཕྱོགས་གང་མང་ཡོད་དུ་རུང་།།
ཐམས་ཅད་བོན་གྱིས་བསྐྲུན་འདི་སྒེར་སེམས་ཉིད།།
རང་མགོ་རང་གིས་སྐོར་མཁས་བོན་པོ་དག།
ཆིག་ལབ་སྟོང་གི་གཡང་ན་འཇིག་རུང་ཆེ།།
བོད་ཀྱི་བཙན་པོའི་དུས་ཀྱི་སྐྱོ་གར་དག།
ཕྱི་མིག་ཀློང་ན་མིག་ཆུ་ཁོལ་མོ་རྡོལ།།
བོད་དང་བན་སྡེའི་བར་གྱི་ཕྱོགས་ཞེན་དེས།།
བོད་འདི་རྨང་ནས་དཀྲུགས་པའི་སྐྱོ་གར་མང་།།
ཡིད་འཕངས་སྐྱེ་བའི་བྱ་ངན་རྒྱ་ཆེན་དེ།།
བོད་ཀྱི་་རྗེ་བོ་རེ་ཟུང་ཕྱོགས་རིས་ཀྱི།།
སྐུ་ཡི་འཚོ་གནས་དེ་ཡང་མུན་པས་སྒྲིབ།།
མདོར་ན་བོན་བཟང་ངན་གང་ཡིན་ཀྱང་།།
བོད་ཀྱི་སྲིད་དབང་འདི་ལ་རྨ་ཆེན་བཟོས།།
༧བོན་འདིས་མི་རིགས་རྒུད་པར་བྱས།།
ཡིད་བཞིན་ནོར་པའི་སྐུ་དྲིན་གྱིས།།
བོན་དང་བོད་ཀྱི་ཆོས་ལུགས་རྣམས།།
མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བཟོས།།
གོང་དུ་བོན་ལ་དགག་ཁུལ་གྱིས་དུས་རབས་བདུན་པའི་ཡར་སྔོན་དུ་བོད་ལ་ཡིག་གེ་མེད་རབས་བཤད་མཁན་རྣམས་ལ་ཞུ་དོན།
གོང་གི་རྩོམ་འདི་སྐབས་དེའི་སྒྲོགས་གླེང་པ་པདྨ་དགྲ་འདུལ་ལགས་ནས་བརྩམས་གནང་བ་རེད།
ཁོང་ནི་བོན་གཞིས་སུ་ཡོད་པའི་ས་གནས་ཉིན་སློབ་ཀྱི་བོད་པའི་དགེ་རྒན་ཆེན་མོ་ཞིག་ཡིན་ཅིང།
ཁོང་ནི་བན་དེ་བ་ཞིག་ལས་བོན་པོ་མིན་པས་དེ་ངེས་པར་དུ་མཁྱེན་པ་གནང་དགོས།
ཁྱེད་ཚོས་བོན་ལ་དགག་ཁུལ་གྱིས་དོན་ལ་རང་ཉིད་ལ་རང་ཉིད་ཀྱིས་དགག་གྱིན་ཡོད་འདུག་གོ།
ལྷག་པར་དུ་ཁོང་གི་རྩོམ་དེ་ཡི་ནང་དུ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ལས་སོགས་ཀྱི་གསུངས་པ་དག་བཀོད་ནས་ལུང་འདྲེན་གནང་འདུག་པས་དེ་ཚོར་དགོངས་པ་བཞེས་ཏེ་འགོག་རོགས། དེ་ཚོ་བོན་གྱི་མཁས་པ་དང་བོན་གྱི་གཞུང་ལུགས་བོན་གྱི་ལོ་རྒྱུས་ཅང་མ་རེད།
ནང་ཁུལ་དམག་འཁྲུག་རྒྱབ་ན་ང་ལ་ཁྱད་པར་མེད།
ལྷག་པར་དུ་༸གོང་ས་མཆོག་ནས་བོད་ཡིག་ནི་རྒྱ་གར་ལས་དཔེ་བླང་པ་མ་རེད་བོད་ཡིག་རང་བཙན་པ་ཞིག་རེད་ཅེས་གསུང་མི་འདུག་གམ།
ད་ཡང་སྔར་ལྷ་འདྲེ་ཚོགས་པས་༸་རྒྱལ་བའི་བཀའ་ལ་དྲང་ངེས་ཀྱི་འགྲེལ་བཤད་སྣ་ཚོགས་བྱས་པ་བཞིན་ཁྱེད་ཚོས་ཀྱང་དེ་བཞིན་མཛོད།
ས་ག་ཟླ་བར་ཁྱོད་ཚོས་སེམས་ངན་ཆགས་སྡང་ཕྱོགས་རིས་རང་རྒྱལ་གཞན་ཕམ་གྱི་གཏམ་བཤད་དེ་ཁྱེད་ཚོས་སྲུང་དགོས་རྒྱུ་ཞིག་རེད།
མ་གཞི་ནས་ཀརྡོ་རབ་འབྱམ་མམ་ཀརྡོ་གཉེར་ཕྱག་ཟེར་བ་དང་མིག་བརྒྱད་ལས་སོགས་ནི་ཁ་བརྡ་དྲ་རྒྱའི་སྲིན་འབུ་ངོ་མ་དེ་རེད་འདུག ག་དུས་ཡིན་ནའང་ཉུལ་ཉུལ་ནས་བསྡད་དེ་ཡར་བཤད་མར་བཤད་རྩོམ་ཡོད་ཚད་ལ་མཆན་གོ་རྒྱུ་མེད་མཁན་རེ་འབྲི་བསྡད་དེ་ཉིན་མ་ཁྱོལ་ཐབས་བྱེད་མཁན་རེད། ལས་མེད་དེ་རིགས་ལ་ངས་ཞུ་འདོད་མེད་དོ།
ལྷག་པར་དུ་མིག་བརྒྱད་པ་ཁྱེད་རང་ཆོས་རྒྱུད་རྙིང་མ་བ་ཞིག་ཡིན་འདུག་པས།
རྙིང་མ་པའི་སྲོལ་གཏོད་པ་པོ་པདྨ་སམ་བྷ་བ་དྲན་པ་ནམ་མཁའི་སྲས་རེད་དམ་མ་རེད།
རིན་ཆེན་གཏེར་མཛོད་ཀྱི་དབང་བསྐུར་བའི་སྐབས་སུ་བླ་མས་བོན་གྱི་གཤང་དཀྲོལ་གྱི་ཡོད་དམ་མེད།
རིན་ཆེན་གཏེར་མཛོད་ཀྱི་ནང་དུ་བོན་གྱི་གདམས་ཁྲིད་དེ་འདྲ་ཡོད་དམ་མེད།
བོན་ལ་སྡང་སྟངས་ལ་ལྟས་ན་དེ་ཚོ་མཐོང་མི་འདུག་གཱ
ད་ཚང་མས་རྙོག་དྲྭ་མ་བཤད་བོད་ཆོལ་ཁ་གསུམ་པོ་མཐུན་སྒྲིལ་གྱི་ནུས་བ་ཆེས་ཆེལ་ཡོང་བཞིན་པའི་སྐབས་མཆན་འགོད་པ་རྣམས་ཀྱི་ཆོས་ལུགས་ཀྱི་ཕྱོགས་རིས་མི་བྱེད་རོགས་ཞུ། ༧རྒྱལ་བ་ཡིད་བཞིན་ནོར་བུ་ཡིས་རྟག་ཏུ་འཛམ་གླིང་གི་ཆོས་ལུགས་ཚང་མ་མཐུན་སྒྲིལ་བྱེད་དགོས་ཞེས་གསུང་བཞིན་ཡོད་པ་རེད་འོན་ཀྱ་འཛམ་གླིང་གི་ཆོས་ལུགས་ཚང་མར་གུས་བཀུར་བྱེད་མ་འོས་ན་ཡང་བོད་ཀྱི་ཆོས་ལུགས་ཚང་མར་གུས་རྩི་བྱེད་ལོས་དགོས་སྙམ་་་་རྣམས་པ་ཚོས་བསམ་བློ་ཞིབ་ཏུ་གཏོང་རོགས་ཞུ།
བལ་ཡུལ་གླང་རི་ལུང་བསྟན་གྱི་ཉེ་འཁྲིས་སུ་ཆགས་པའི་བོན་དགོན་དཔེ་མཛོད་ཁང་དུ། དགེ་ལུགས་ལ་ཡོད་པའི་མཚན་ཉིད་སྐོར་མིང་མི་འདྲ་བ་མ་གཏོགས་ཕལ་ཆེ་བ་བོན་པོ་ལའང་འདུག །བོན་པོས་དགེ་ལུགས་ལས་བཤུས་པ་ཡིན་ནམ་དགེ་ལུགས་པས་བོན་གཞུང་བཤུས་པ་ཡིན་ཐག་མ་ཆོད་པར་ལུས་སོང་། འོན་ཀྱང་ལྟ་བའི་སྐོར་རྙིང་མ་དང་མཐུན་ཚབས་ཆེ་བར་སྣང་། དྲན་པའི་པདྨ་བཀའ་ཐང་ཟེར་བ་ཞིག་ཀྱང་འདུག་ལ། དེ་འདྲའི་མིང་འདྲ་འདྲ་མང་པོ་ཞིག་ཀྱང་འདུག །
གཡུང་དྲུང་བོན་ལ་སྡང་ཟུག་ཡོད་མཁན་མི་གཅིག་ཀྱང་ཡོད་པ་མ་རེད། རང་རེའི་བོན་དག་གིས་ཡོད་ཚད་བོན་ལ་ཁུངས་གཏུགས་ཟེར་ན་ཁས་ལེན་ཐབས་བྲལ་བ་རེད། གོང་ས་མཆོག་གིས་གསུངས་པའི་སྨར་ཡིག་དེ་དེང་སང་གི་ཀ་ཁ་ག་ང་སོགས་གསལ་བྱེད་ཀྱིས་མཚོན་པའི་ཡི་གེ་དེ་ཡིན་པར་བཤད་དཀའ། གལ་ཏེ་དེ་ཡིན་ན་ཐོན་མི་རང་གིས། རྒྱ་ཡིག་ལྔ་བཅུ་ཐམ་པ་དེ།།བོད་ཡིག་སུམ་ཅུར་གཏན་ལ་ཕབ།།ཅེས་བའི་དོན་ཇི་ལྟར་འགྲེལ། མི་འགལ་བར་ཤོད་ཐུབ་མཁན་ཨེ་ཡོད།
དུས་རབས་བདུན་པའི་གོང་ལ་ཡི་གེ་མེད་པར་འདོད་མཁན་རྣམ་པ་ཚོར་ཞུ་རྒྱུར། གལ་ཏེ་དུས་རབས་བདུན་པའི་གོང་དུ་བོད་ལ་ཡི་གེ་མེད་ན་དེ་དུས་བོད་པ་དེ་ཚོར་ཕན་ཚུལ་གཏམ་གླེང་བྱེད་པའི་སྐད་མེད་པ་རེད་པས།
གལ་ཏེ་ཡོད་ན་དེ་བོད་ཡིག་མ་རེད་དམ་ཞེས་འདྲི། འདྲི་ལན་གནང་རོགས།
ངའི་སེམས་ལ་བོད་ཀྱི་ཡིག་གཟུགས་འདི་ག་དུས་བྱུང་མིན་ཐག་མ་བཅད་གོང་་་བོད་ཡིག་གི་བརྩམ་ཆོས་ཐོག་མ་དང་བོད་ཡིག་གི་སློབ་གྲྭ་ཐོག་མ་གཉིས་གང་དང་གང་ཡིན་མིན་ངོས་ཟིན་གསལ་པོ་གནང་ཐུབ་མཁན་ཞིག་བྱུང་ན་ཅི་མ་རུང་།
ཁྱེད་ཚོའི་ནང་ན་དེ་འདྲ་ཅང་ཨེ་ཡོད། དེ་འདྲ་མེད་ན་་་་་
སློབ་གྲྭ་ཐོག་མ་ཕོ་བྲང་མ་རུ་རྩེ། སློབ་དཔོན་ཐོག་མ་ཐོན་མི། སློབ་ཕྲུག་ཐོག་མ་སྲོང་བཙན་སྒམ་པོ། བརྩམས་ཆོས་ཐོག་མ་ཞལ་རཉ་གསལ་ལ་སོགས་རྒྱལ་པོར་བསྟོད་པའི་དབྱངས་ཨ་ངེས་པའི་ཚིགས་བཅད། བརྩམས་གཞུང་ཐོག་མ་སུམ་རྟགས་སོགས་བརྡའ་སྤྲོད་པའི་གཞུང་བརྒྱད་པོ། བསྒྱུར་ཆོས་ཐོག་མ་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག
བོན་པོ་ནང་པ་ཡིན་འགྲོ ཆོས་ལུགས་ཚང་མ་སོ་སོ་ནང་པར་རྩིས་གི་རེད་པ། ནང་པ་སངས་རྒྱས་པ་ནི་མ་རེད། ནང་པ་སངས་རྒྱས་པ་མིན་ན་སྡུག་ཅག་ཡིན་པ་སུས་སྒྲུབ་ཐུབ།
མེ་ཏོག
ཁྱེད་ཟེར་པ་དེ་ཚོ་མ་རེད་ཟེར་ན་ཡིན་ཟེར་རྒྱུ་ཏན་ཏན་རེད། འོ་ན་ངས་ཅིག་འདྲི
གཉའ་ཁྲི་བཙན་པོ་གཉའ་ལ་འཁུར་ནས་འགྲོ་མཁན་གྱི་བོད་མི་དེ་དག་གི་མིང་ལ་ཅི་ཟེར་པ་རེད། དེར་རང་སེམས་ནས་འགྲེལ་ཅིག་དང་གོ་བ་ཅིག་ལེན་ཨེ་ཐུབ་བམ།
བོད་ཡིག་འབྲི་སྲོལ་གྱི་ཐོག་མ་དུས་ནམ་ཞིག་ལ་བྱུང་ཕལ་ཆེར་ཁ་གསལ་པོར་ཆགས་འགྲོ་བར་འདུག། ཡིན་ནའང་བོད་སྐད་ཐོག་མར་རྒྱག་མཁན་དེ་་་བོན་པོ་་་ཡིན་ནམ་་་བན་དེ་་་ཡིན་དེ་མཁས་དབང་ཚོས་གཅིག་གསུངས་རོགས་གནང་།
འདོད་ལྷ་ཁམས་པས་ལན་གཅིག་རྗེས་གཉིས་མཐུད་ཀྱིས་ཡག་པོ་བརྒྱབ་འདུག
བོད་སྐད་ཐོག་མར་རྒྱབ་མཁན་དེ་མུན་ནག་མདའ་འཕེན་ཞེས་པ་དེ་རེད།
ཀ་ཁ་ག་ང་གཅིག་པོ་མིན་པར་ང་ཚོ་ལ་གྲངས་ཀ་ཞིག་ཀྱང་ཡོད་པ་རེད། ཨང་ཀི་དེ་ཚོ་ཨ་རབ་ཀྱི་ཨང་ཀི་དང་གཅིག་པ་རེད། འཛམ་གླིང་ཐོག་གཅིག་ལ་གཅིག་གི་ཤུགས་རྐྱེན་ཐེབས་མ་ཡོང་བའི་ཆོས་ལུགས་ཤིག་དང་རིག་གཞུང་ཞིག སྐད་ཡིག་ཅིག ཡི་གེ་ཞིག་ཕལ་ཆེར་མེད་ཚོད་རེད།
རྒྱ་གར་ཡི་གེ། ཁ་ཆེའི་ཡི་གེ། བོད་ཀྱི་ཡི་གེ སྟག་གཟིག་གི་ཡི་གེ རྒྱ་གར་མཐའ་འཁོར་གྱི་ཡི་གེ་ཚང་མ་རྩ་བ་གཅིག་ནས་གྱེས་པའི་ཡལ་ག་མ་འདྲ་བ་རྐྱང་རེད། ང་ཚོས་ལོ་རྒྱུས་ལ་ལྟ་སྟངས་དེ་ཁྱབ་ཆུང་དྲགས་ཤིང་གུ་དོག་དྲགས་པ་ཞིག་རེད། འཛམ་གླིང་སྤྱི་དང་མ་མཐའ་ཡང་ཤར་གླིང་གི་ལོ་རྒྱུས། ཧིན་དུ་ཡོ་རོབ་ཀྱི་རིག་གཞུང་ལོ་རྒྱུས། མི་རིགས་དང་རིག་གཞུང་གཅིག་གིས་གཅིག་ལས་ཤན་ཞུགས་ཚུལ་དེ་ཚོ་ལོ་རྒྱུས་ཀྱི་འགྲོས་དང་བསྟུན་ནས་ལེགས་པར་བརྟག་པ་ཡིན་ན་སྐད་དང་ཆོས་ལུགས་མི་འདྲ་བར་གྱེས་ཚུལ་དང་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་ཚུལ་སོགས་གོ་རིམ་ལྟར་ངོ་འཕྲོད་རྒྱུ་ཞིག་ཡོད་པ་འདྲ། བོད་ཡིག་གཅིག་པོ་དང་བོད་ཀྱི་ལོ་རྒྱུས་གཅིག་པོ་ཀློག་པ་ཡིས་བོད་ཡིག་དང་བོད་ཀྱི་ལོ་རྒྱུས་ལ་ཆ་ཚང་བའི་རྒྱུས་ལོན་ཞིག་བྱེད་མི་ཐུབ་པ་དེ་གསལ་པོ་རེད། དེ་ཡིན་ན་རྣམ་པ་ཚོས་ལྟ་རྒྱ་མཐོང་རྒྱ་ཅུང་ཆེ་རུ་བསྐྱེད་དགོས་པར་མཐོང་།
ཕྱག་གཉིས་པ།
ཁྱེད་ཟེར་ཡས་ལ་བོད་ཀྱི་གྲངས་ཀའི་ཨང་ཀི་དེ་དག་ཨ་རབ་ཀྱི་ཨང་ཀི་དང་གཅིག་པ་རེད། དོན་དག་དེ་ཨ་རབ་ཀྱིས་བོད་ལ་དཔེ་བལྟས་པ་རེད་དམ། ཡང་ན་བོད་ཀྱིས་ཨ་རབ་ལ་དཔེ་བལྟས་པ་རེད།
༠ ༡ ༢ ༣ ༤ ༥ ༦ ༧ ༨ ༩ ཨ་རབ་ཀྱི་ཨང་ཀི་ཡང་འདི་དག་དང་གཅིག་འདྲ་རེད་པས།
ངས་བལྟས་ན་ཨང་ཀི་འདི་དག་བོད་རང་གིས་བཟོས་པའི་ཨང་ཀི་ཕྱི་མོ་དང་རྣལ་མ་ཤ་སྟག་ཡིན་པ་ཁོངས་དང་ལུང་ཡོད་པ་རེད་བསམ།
དེ་རིང་སླར་ཡང་ཁ་བརྡའི་དྲ་ཐོག་ཏུ་ཁ་མཆུ་ཞིག་བཞག་འདུག ཁ་མཆུ་དེ་ནི་རྙིང་དྲགས་པས་སྐྱུར་དྲི་ཁ་བའི་གྲས་གཅིག་རེད། བོན་པོས་དུས་རབས་བདུན་པའི་གོང་དུ་བོད་ཡིག་ཡོད་ཟེར། ཡོད་ན་སྟོན་ཤོག་ཅེས་བན་དེ་ཚོས་ཨུ་ཚུགས་བྱེད་དེ་འདྲི། བན་དེས་དུས་རབས་བདུན་པའི་སྐབས་སུ་བོད་ཡིག་གསར་དུ་བཟོས། ཐོན་མི་ཨ་ནུ་དྲིན་ཆེན་ཡིན་ཟེར། ང་ལ་འདིར་བན་བོན་གཉིས་ལ་དྲི་བ་རེ་རེ་ཡོད། བན་དེར་དྲི་བ་ཞིག་ཡོད་པ་ནི། དུས་རབས་བདུན་པའི་སྐབས་རང་ལ་བྲིས་པའི་སློབ་དཔོན་ཐོན་མའི་ཕྱག་བྲིས་དངོས་དེ་འདྲ་ད་ལྟ་ཨེ་ཡོད། ཡང་ན་མཐོང་བཞིན་པའི་བོད་ཡིག་དེ་ཐོན་མིས་བཟོས་པ་རེད་ཅེས་པ་བན་དེའི་མཁས་པའི་གསུངས་སྒྲོས་ཙམ་རེད། བོན་པོར་དྲི་བ་ཞིག་ཡོད་པ་ནི། དུས་རབས་བདུན་པའི་གོང་དུ་བྲིས་པའི་ཞང་ཞུང་དང་བོད་ཡིག་ལག་བྲིས་མ་དེ་འདྲ་ཡོད་དམ། ཡང་ན་བོན་གྱི་མཁས་པའི་གསུང་སྒྲོས་ཙམ་རེད། བན་དེ་དང་བོན་པོ་ཚོ། ཡོད་ན་སྟོན་ཤོག གལ་སྲིད་མེད་ན། མཁས་པ་དག་གི་གསུངས་རེད་ཅེས་ཕན་ཚུན་ལུང་ཐོ་འདྲ་སྒྲིག་པ་ལས་ཕྱོགས་གཉིས་ཀར་བདེན་པའི་རྒྱབ་རྟེན་གསལ་བོ་ཞིག་མི་འདུག་གོ།