རེབ་ཐོག་མདའ།
དགེ་འདུན་ཆོས་འཕེལ།
དགུ་ཀླུང་རིང་མོའི་འགྲམ་རྒྱུད་དེ་ནས་ཁ་བའི་རི་ལ་མགྲོན་དུ་སླེབས།།
ཆོས་སྐྱོང་བཙན་པོའི་བཀའ་ལུང་ལྕི་མོས་བླ་བྲང་དགོན་ནས་ཕྱི་ལ་བསྐྲད།།
སྙན་པའི་གྲགས་པ་དབུས་ན་མཆེད་དུས་ད་དུང་ཁེར་རྐྱང་ཡིན་རབས་སོགས།།
མ་གསང་ཁྱོད་ཀྱི་གཏམ་རྒྱུད་ཅིག་གི་ཕྱི་ནང་བདག་གིས་ཀློག་བཞིན་ཡོད།
སྤྲུལ་སྐུ་ཞིག་གི་ཆོ་ལོ་སྩལ་ཀྱང་མཐོན་པོའི་ཁྲི་ལ་མ་ཆགས་ལ།།
གྲྭ་རྐྱང་ཞིག་གི་འཚོ་བའི་ཀློང་ནས་རྒྱལ་ཁམས་རིག་པས་སྐོར་བཞིན་དུ།།
དབྱངས་གསལ་སོ་བཞིར་བདག་པོ་རྒྱག་བཞིན་གངས་རིའི་བདེ་སྡུག་གླེང་ན་ཡང་།།
རྙིང་ཞེན་ཞྭ་མོ་མཐུག་པོའི་འོག་གི་སྐུ་དྲག་དེ་ཚོ་མ་དགྱེས་ཐལ།།
དབང་ཤུགས་ཅན་གྱི་སྐུ་དྲག་དེ་དང་རྒྱུ་འབྲས་བསྣོག་པའི་གྲྭ་བ་འགས།།
རང་རེའི་རིགས་ལ་དུངས་ཞེན་དཀར་བའི་སེམས་པ་ཞིག་ལ་ན་ཟུག་བསླངས།།
དུས་རབས་ནག་པོའི་ལོ་ཟླ་དེ་དང་བསམ་བློ་མེད་པའི་དཔོན་པོ་འགས།།
ཨ་མདོ་སྐམ་པོའི་མི་ཚེ་འདི་ལ་སྒོ་ལྩགས་ནག་པོ་བརྒྱབ་དང་ཐལ།།
ཕྱི་རོལ་གྲོང་གི་གནམ་མཐའ་ཞིག་ནས་རྒྱུ་དང་འབྱོར་བར་མ་ཆགས་ལ།།
ཆུ་མོ་གང་གྷའི་འགྲམ་རྒྱུད་དེ་ནས་བོད་ཞེན་གཙང་མ་མ་དོར་བར།།
ཤོག་དཀར་སྟེང་ལ་ཡི་གེ་ནག་པོས་སྲིད་དོན་རྒྱལ་རབས་བརྩམས་ན་ཡང་།།
ཀླད་མེད་སྒང་བ་བོད་པ་ཚང་གིས་དྲིན་ཆེན་དྲིན་ལོག་བྱས་དང་ཐལ།།
མི་རབས་གསར་བའི་སྟེགས་བུའི་སྟེང་ན་ཁྱོད་ཀྱི་མི་གཞི་དྲན་གི་ཡོད།།
མགོ་སེར་མགོ་ནག་བསྡུ་རུབ་བརྒྱབ་སྟེ་ཁྱོད་ཀྱི་ཞབས་རྗེས་འཚོལ་གི་ཡོད།།
ཁྱོད་རང་གཤེགས་པའི་ནངས་མོ་དེ་ནས་དུས་རབས་གསར་པའི་དེ་རིང་བར།།
འགྱོད་གདུང་དྲག་པོའི་སྨྲེས་ངག་རིང་མོ་མཁས་བླུན་ཀུན་ཀྱི་ངག་ན་ལྕི།།།
དོན་འགྲུབ་རྒྱལ།
རྐང་ལམ་ཕྲ་མོ་སྐྱབས་སུ་སྒོམ་པའི་ཡབ་མེས་ཤིག་གི་སེམས་ཁམས་དེས།།
གཞུང་ལམ་མདོ་ན་ཁེར་རྐྱང་ལྷག་པའི་བསམ་བློ་བ་ཁོང་མ་རིག་ཐལ།།
དྲག་ཏུ་འཕྱོ་བའི་ལང་ཚོའི་རྦ་ཆུའི་ས་ཡ་དྲུག་པོ་སྒུལ་ན་ཡང་་།།
སྤྲུལ་སྐུ་རྫུན་མའི་གསུང་ལ་འཐམ་བཞིན་ཁྱོད་ཀྱི་རྗེས་སུ་མ་སྙེག་ཐལ།།
བརྩེ་དུང་མེ་ཏོག་སྤང་ནས་བཞད་ཀྱང་ཕ་མས་བཅོམ་པའི་སྦྲ་འདབས་ན།།
རྗེས་ལུས་མི་ཡི་རྣམ་པ་དེ་ལ་ཁ་ལོ་ཅུང་ཙམ་བསྒྱུར་འདོད་ཀྱང་།།
མི་རྟག་མཚན་གྱི་རྨི་ལམ་འདྲ་བའི་སྒྱུ་མའི་གར་གྱི་འཇིག་རྟེན་ནས།།
ཤ་དང་རུས་པ་གཅིག་ལས་མཆེད་པའི་གངས་རིའི་བུ་ཁྱོད་རྒྱང་ལ་དེད།།
བསམ་བློ་རྙིང་བའི་ཁུག་སོ་དེ་ནས་གསར་བར་ཕྱོགས་པའི་ལམ་ཆེན་ཞིག།
ཁྱོད་ཀྱིས་རང་ཉིད་དོར་དགོས་བྱུང་ཡང་ཁ་བ་རི་ལ་གཟས་ན་ཡང་།།
མཁས་མིང་འཛིན་པའི་ཁྱུ་ཚོགས་ཤིག་གི་སྒེར་དོན་ལག་པའི་སྣེ་མོ་ནས།།
རྙིང་ཞེན་ཚོགས་ལ་ཞེན་པའི་ཁྲོད་ནས་ཨ་མའི་བུ་ཁྱོད་ཕྱི་མར་ཆས།།
ཞོགས་དུང་།
དཔྱོད་ལྡན་རིག་པའི་རྒྱང་འབོད་དེ་ལ་དགོན་གྲོང་གཉིས་ཀ་མ་དགྱེས་ཐལ།།
ཞོགས་པའི་དུང་ཟླ་ཤར་ནས་འཆར་ཡང་ནུབ་ལ་ཕྱོགས་པའི་ངེད་ཚང་གི།།
ཁྱོད་ཀྱི་ལྟ་བའི་མཐའ་དེ་རྟོགས་པའི་ཨ་མའི་བུ་ཞིག་མེད་ཚོད་ཀྱིས།།
ཁྱོད་ལ་འཕངས་པའི་དུག་ལྕེ་ཐོགས་མཁན་གངས་རིའི་གྲོང་ན་ཐ་ར་ར།།
དོགས་པ་སྐྱེས་ན་དོགས་སློང་བྱེད་པ་འཇིག་རྟེན་ཀུན་གྱི་ཆོས་ཉིད་རེད།།
སྙིང་སྟོབས་ཅན་གྱིས་བརྡར་ཤ་བཅད་དེ་དགེ་སྐྱོན་ཅུང་ཙམ་གླེང་བ་དེ།།
ཡིག་རྨོངས་ཅན་གྱི་རི་ཁུག་ཞིག་ནས་ཁྭ་ཏའི་ཐན་སྐད་སྒྲོག་བཞིན་དུ།།
བོད་པའི་སྡེ་ན་ཁྱོད་ལ་མི་དུང་ད་དུང་བླུན་པོ་ཁྱུ་གཅིག་ཡོད།།
དུས་རབས་ཉེར་གཅིག་སྤྱི་ཚོགས་ཁྲོད་ཀྱི་རྐང་ཐང་བོད་པ་ཞེ་སྨོན་ནས།།
གནམ་ས་གཉི་གའི་སོ་མཚམས་ཤིག་ན་སྒང་པ་བོད་པའི་སྐྱིད་སྡུག་དེ།།
མ་གསང་དྲང་བོའི་སྨྱུག་ཁར་བླུངས་པ་ཀླ་ཀློའི་ཐུགས་ལ་ཕོག་སོང་དུས།།
ཕྱི་ནང་ཀུན་ཏུ་ཁྱོད་རང་གླེང་བའི་བོད་པ་ཚང་ལ་ངོ་རེ་གནོངས།།
གནམ་ས་གཉིས་ཀ་སོ་སོ་ཡིན་པས་གནས་ལུགས་བོད་ལ་འཆད་པ་ནས།།
ཕྱི་རོལ་ཡུལ་ན་གཉིད་དུ་ཡུར་བའི་མི་རིགས་འདི་ཡང་ཟང་ཟིང་ངང་།།
བསམ་བློ་ཅན་གྱི་མིང་བྱང་རྫུན་མ་ཁྱོད་རང་མགོ་ལ་འཇོག་བཞིན་དུ།།
ཁ་སང་ཞིག་ལ་རྡ་སའི་རི་ན་གསར་འགྱུར་བཞིན་དུ་གྲགས་ནས་འདུག།
ཕྱི་ལོ ༢༠༡༢ ལོའི ༡༠ ཚེས ༢༢ ཉིན་དུས་རབས་ཤིག་གི་བསམ་བློ་བ་ཁྱུ་ཅིག་དྲན་འགྱུ་ཡི་གེར་བསྡེབས་པ་ཙམ་མོ།
ནོར་བུ་རང་ལ་ཡོད་དུས།ནོར་བུའི་ནོར་ངོ་མ་ཤེས།ནོར་བུ་གཞན་ལ་ཤོར་དུས།འགྱོད་པ་གཏིང་ནས་སྐྱེས་ཡོང།
རེབ་ཐོག་མདས་བཤད་སྟངས་དང་བསམ་བློའི་འཁོར་ཕྱོགས་ཙམ་ལ་བལྟས་ན་ཚ་མདའ་ཡང་གླེང་འོས་ཀྱང། ཁོ་པ་ཕྱོགས་འཐེན་གྱི་མིག་རས་ནག་པོ་དེས་ངོ་གདོང་གཡོག་དྲག་པས་ཚ་བ་མདའ་སྨྱུག་མིག་གིས་མ་མཐོང་བ་འདྲ། ཁག་མེད་མིག་རས་དེ་ལྡན་གྱི་སྨྱུག་ཐོག་ཡིན་རློམ་འགའ་རེས་འུ་ཚང་གི་ལོ་རྒྱུས་ལ་འདི་འདྲ་མང་པོ་བྲིས་ཡོད།
དགེ་ཆོས་རྟག་ཏུ་རྒྱལ་འགྱུར་ཅིག །