སྙན་བཟང་གཡུང་དྲུང་ཚེ་རིང་།
———-
‘‘བོད་རང་དབང་རང་བཙན་ཡིན། ༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་’’ཞེས་པ་འདི་ནི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོའི་འབོད་སྒྲ་རེད། འབོད་སྒྲ་འདི་ནི་བོད་མདོ་དབུས་ཁམས་གསུམ་དུ་ལོ་ནས་ལོར་བསྟུད། ཟླ་ནས་ཟླར་བསྟུད་ནས་གྲགས་པའི་ཚིག་ཅིག་རེད། རྒྱ་གཞུང་གིས་འབོད་སྒྲ་འདི་རྩ་ཆད་དུ་གཏོང་ཆེད་བོད་མི་མང་པོ་ཞིག་དམར་གསོད་བྱས། བཙོན་དུ་བཅུག་ནའང་། འབོད་སྒྲ་འདི་བོད་ཀྱི་གནམ་སྔོན་པོ་དང་ས་དོག་མོའི་སྟེང་དུ་ཆད་མ་མྱོང་། འབོད་སྒྲ་འདི་ཇེ་ཆེ་ནས་ཇེ་ཆེར་འགྱུར་བཞིན་ཡོད། ཟླ་གཅིག་གི་གོང་དུ། འབོད་སྒྲ་འདི་མེ་དམར་པོའི་དཀྱིལ་ནས་གྲགས་ཤིང་། མེ་ལྕེའི་གསེང་ནས་གློ་བུར་དུ་འབར་འགོ་ཚུགས་པ་རེད།
རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོས་འབོད་སྒྲ་འདི་བསྒྲགས་ཐེངས་རེར། བྱེས་འབྱོར་བོད་མི་ཚོས་ཀྱང་དེ་ལ་གདུང་སེམས་མཉམ་སྐྱེད་དང་། རྒྱལ་སྤྱིའི་ཐོག་ནས་ཤེས་རྟོགས་གསལ་པོར་ཡོང་ཆེད་ལས་འགུལ་སྣ་མང་སྤེལ་བཞིན་ཡོད། ད་ལྟའི་བར་དུ་ང་ཚོར་གྲུབ་འབྲས་ཤིག་བྱུང་མེད་ཀྱང་། འབོད་སྒྲ་འདི་རྩ་ཆེན་པོར་གྱུར་ཡོད། འབོད་སྒྲ་འདི་ཧ་ཅང་ནུས་ལྡན་ཞིག་ཏུ་གྱུར་པ་རེད། འདི་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ད་ལྟའི་བར་དུ་གནས་ཤིང་། མ་འོངས་པའང་འབོད་སྒྲ་འདི་ལ་བརྟེན་ནས་གནས་དགོས་པ་ཞིག་ཆགས་ཡོད། འབོད་སྒྲ་འདི་ཆད་པའི་ཉིན་མོར་ང་ཚོའི་བཙན་བྱོལ་གྱི་ཟིན་ཐོ་མཇུག་བསྡུས་པ་རེད་ལ། ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཡོད་པའི་བོད་རྒྱལ་ཁབ་དང་། རིག་གཞུང་། བོད་མིའི་སེམས་ཁམས་དང་བཅས་པ་རྒུད་ཚར་བ་རེད།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་གནས་སྟངས་དང་བསྟུན་ནས་འཐབ་རྩོད་ཀྱི་ལངས་ཕྱོགས་ཤིག་གཏན་འབེབས་གནང་ཡོད་པ་མ་གཏོགས། བོད་རང་བཙན་རྩོད་མཚམས་བཞག་ནས་ད་ལྟའི་བར་བོད་གཞིས་ལུས་མི་མང་གི་རེ་འདུན་ལས་འཕྲོས་པའི་འཐབ་རྩོད་ཀྱི་ལངས་ཕྱོགས་ཤིག་གནང་མེད། ང་ཚོར་‘‘བོད་ཀྱི་མཐའ་མའི་ཐག་གཅོད་བོད་མི་མང་གིས་གནང་གི་རེད་’’ཅེས་པའི་ཚིག་འདི་འདྲ་ཞིག་ཡོད། ཚིག་འདིས་མ་འོངས་པའི་དོན་དག་ཅིག་སྟོན་པ་ལས་ད་ལྟ་བའི་དོན་དག་ཅིག་སྟོན་གྱི་མེད། མ་འོངས་པ་ནི་སུས་ཀྱང་བཤད་བྲལ་ཐབས། མ་འོངས་པར་རྒྱ་ནག་གི་སྲིད་གཞུང་ཚལ་བ་ཚལ་ཕྱེད་དུ་འགྱུར་སྲིད་ལ། བོད་གཞིས་ལུས་མི་མང་གིས་ཀྱང་རང་བཙན་མི་དགོས་ཞེས་གསུང་སྲིད་པ་རེད། དེས་ན། བོད་གཞིས་ལུས་མི་དམངས་ཚོས་འབོད་སྒྲ་འདི་མི་ལོ་ལྔ་བཅུ་ལྷག་ལ་བསྒྲགས་ཤིང་། ཁ་སང་དེ་རིང་ཡང་‘‘བོད་རང་དབང་རང་བཙན་ཡིན་’’ཞེས་ཟིལ་ཤུགས་ཀྱིས་དྲངས་པའི་འབོད་སྒྲ་འདི་མེ་དམར་པོའི་དཀྱིལ་ནས་སྒྲོག་གིན་ཡོད། ད་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་འབོད་ཚིག་འདི་ལ་ངེས་པར་དུ་ཐུགས་སྣང་གནས་དགོས་པའི་དུས་ཚོད་ཛ་དྲག་ཅིག་ཏུ་སླེབས་པ་རེད།
༸རྒྱལ་བ་རིན་པོ་ཆེས་ཕྱི་ལོ་༡༩༩༥ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་དུ། ‘‘ད་ལྟའི་ཆར་བོད་ནང་རྒྱ་ཁྱབ་ཡོངས་བསྒྲགས་ཀྱིས་བསམ་འཆར་བསྡུ་ཐབས་མེད་ཀྱང་བོད་རྒྱ་ཁྱབ་ཀྱི་ངོ་བོ་མཚོན་པའི་བསམ་འཆར་བསྡུ་རྒྱུའི་ཐབས་ལམ་འཚོལ་རྒྱུ་’’ཞེས་བཀའ་ཕེབས་ཡོད་ཀྱང་། སྐབས་དེར་ལམ་ལྷོངས་བྱུང་མེད། ད་ནི་ང་ཚོས་ལམ་ལྷོངས་ཡོད་པ་ཞིག་བཟོ་དགོས་པ་རེད། བོད་རྒྱ་ཁྱབ་ཀྱི་ངོ་བོ་མཚོན་པའི་བསམ་འཆར་ཆ་ཚང་བ་ཞིག་འཚོལ་ཐབས་མེད་ནའང་། བཙན་བྱོལ་དུ་གསར་དུ་འབྱོར་བའི་བོད་མིའི་ཚོའི་བསམ་འཆར་བསྡུ་ཆོག་ལ། བོད་དུ་གསང་སྟབས་ཀྱིས་ཕྱིན་ཏེ་བསམ་འཆར་བསྡུ་ཆོག ལྷག་པར་དུ་
དེང་སང་སྔོན་མ་དང་མི་འདྲ་བར་དྲ་རྒྱ་དང་ཁ་པར་གྱི་བརྒྱུད་ལམ་ཞིག་ཡོད་པ་འདི་ལ་བརྟེན་ནས་ཀྱང་བསམ་འཆར་བསྡུ་ཆོག་པ་རེད། བརྒྱུད་ལམ་འདི་གསུམ་ལ་བརྟེན་ནས་མ་མཐའ་ཡང་བསམ་འཆར་ཞིག་བསྡུ་དགོས་པ་རེད། ང་ཚོར་སྲིད་དོན་གྱི་ཐ་སྙད་མང་པོ་ཡོད་ཀྱང་། བསམ་འཆར་བསྡུ་སྐབས་‘‘ཁྱེད་རང་ཀྲུང་གོའི་འོག་ཏུ་གནས་འདོད་ཡོད་དམ། མེད་’’ དྲི་བ་འདི་རེད།
འདི་འདྲའི་བསམ་འཆར་ཞིག་གང་མགྱོགས་ཀྱིས་བསྡུ་དགོས་པ་རེད་དྲན་བྱུང་། བསམ་འཆར་འདི་བསྡུ་ཐུབ་པ་ཡིན་ན་བོད་གཞིས་ལུས་མི་མང་གི་ཐུགས་དགྱེས་ངེས་རེད་ལ། བཙན་བྱོལ་གྱི་བཀའ་ཤག་གསར་པས་ཀྱང་ཕྱག་ལས་གསར་པ་དང་། ‘‘ལས་འགུལ་གསར་པ་’’སྤེལ་ཐུབ་ཀྱི་རེད་སྙམ། བོད་རྒྱལ་ཁབ་ཀྱི་རྩ་དོན་ནི་བོད་མི་ཡོངས་ཀྱིས་ཐག་གཅོད་དགོས་པ་ཞིག་ཡིན་སྟབས། བཙན་བྱོལ་སྤྱི་ཚོགས་སུ་བོད་མི་འབུམ་གཉིས་ཟིན་མ་ཟིན་ཙམ་ཡོད་པ་ང་ཚོས་‘‘བོད་ཀྱི་དོན་གྱི་བདག་པོ་བོད་གཞིས་ལུས་མི་དམངས་ཡིན་’’ཞེས་པ་དང་། ‘‘བོད་ཀྱི་མཐའ་མའི་ཐག་གཅོད་བོད་མི་མང་གིས་གནང་གི་རེད་’’ཅེས་གླེང་སྟེ་འཐབ་རྩོད་གཞན་པ་ཞིག་གནང་རྒྱུ་ཨེ་ཡོད་དྲན། ལྷག་པར་དུ་བཀའ་ཤག་གསར་པས་ཀྱང་ཕྱག་ལས་གསར་པ་དང་། ལས་འགུལ་གསར་པ་གནང་མ་ཐུབ་ཚེ། ནུས་ཤུགས་ཡོད་ཚད་ཀྱིས་རྩ་དོན་མང་པོ་བགྲངས་ནས་སྒྲིག་འཛུགས་ཤིག་ལ་ཤུགས་བརྒྱབ་བསྡད་ན་ང་ཚོའི་འཐབ་རྩོད་ཀྱི་ལངས་ཕྱོགས་ནོར་བ་རེད།
མདོར་ན། ང་ཚོས་སྔ་མོར་རང་བཙན་མ་བརྩད་པ་མ་རེད། གྲུབ་འབྲས་མེད་སོང་བ་རེད། མི་ལོ་སུམ་བཅུའི་རིང་དུ་རང་སྐྱོང་ཅི་ལྟར་གླེང་ནའང་འབྲས་རྟགས་ཅི་ཡང་མེད། ད་དུང་མུ་མཐུད་དུ་འཐབ་རྩོད་བྱེད་ཀྱིན་ཡོད། ཡིན་ནའང་འཐབ་རྩོད་ཀྱི་ལམ་ཁ་ནུས་ལྡན་ཞིག་མ་རྙེད་པར་བསྡད་ཡོད། བརྒྱ་ལ་བཤད་ཀྱང་། ང་ཚོས་འཐབ་རྩོད་ཀྱི་ལམ་ཁ་འདི་གཉིས་ལས་གང་རུང་གཅིག་འདེམས་དགོས། འདི་བོད་མི་དམངས་ཀྱིས་ཐག་གཅོད་དགོས་ཤིང་། ཐག་གཅོད་འདི་མང་མོས་འོས་བསྡུའི་ལམ་ནས་ཡོང་དགོས། འདི་ནི་ང་ཚོའི་ཐོབ་ཐང་རེད། བོད་མི་ས་ཡ་དྲུག་གི་ཐོབ་ཐང་རེད། འདི་སུ་ལའང་དགའ་མི་དགའ་བའི་དོན་དག་ཅིག་མ་རེད།
མཁས་པའི་དབང་པོ་བསྟན་དར་ལྷ་རམས་པས།
ཡི་གེའི་འཇུག་ཚུལ་ཕ་མཐའ་མི་མངོན་ཞིང་།
ཞེས་གསུངས་པ་ལྟར། བཟང་སྤྱོད་ལས།
ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ།
སྩོལ་ལ་ཡང་ད་ཡང་འཇུག་ཏུ་ཡོད་དམ། རང་རེས་དཔྱད་དགོས། དོན་ལ་ཡང་ད་བཤུལ་ཡོད་པས་དོན་ཏོ། ཞེས་མང་དུ་སྣང་། དོན་ཡང་སྩོན་ཀྱིན་ཞེས་པ་དེ། སྩོན་བཞིན་ཞེས་པ་ལས་མཆེད་པར་སེམས། སི་ཏུན་པཎ་ཆེན་གྱིས། སྟོན་བཞིན། གཅོད་བཞིན། སོགས་བྲིས་པ་མཆིས། མཇུག་ཏུ་སི་ཏུའི་ཞལ་ལུང་དུ། རྗེ་དངུལ་ཆུ་ཆོས་བཟང་གིས། གཅོད་ཀྱིན་འདུག གཅོད་བཞིན། དགག་གིན། དགག་བཞིན། ད་ལྟ་དེ་ལས་སྒྲ་ཉམས་པ་གཅོད་ཀྱི། དགག་གི། ཞེས་སྒྲ་གདངས་ཉམས། བོད་ཀྱི་སྒྲ་ཚིག་ལྟ་ཅི་སྐད་རིགས་ཚང་པ་ཕལ་སྐད་དུ་འགྱུར་བ་ཆོས་ཉིད་ཡིན་ཀྱང་། རྒྱ་གར་དུ་སྐད་སྒྲ་ལ་ཤ་གཞེན་ཅན་དག་གིས་ཡི་གེ་ཚང་མ་མ་ཉམས་པར་འདོན་པས། ལེགས་སྦྱར་སྐད་དུ། ཇི་ལྟར་ཡི་གེར་བཀོད་པ་དེ་ལྟར་ཀློག་ཐུབ་པར་བཤད། དེ་བཞིན་དུ་བོད་ཀྱི་མཁས་པ་དག་གིས་ཀྱང་ཡི་གེའི་སྒྲ་གདངས་ཉམས་ནས་འདོན་པར་གཟིགས་ཏེ། ས་སྐྱ་རྗེ་བཙུན་བསོད་ནམས་རྩེ་མོས་སྔོན་འཇུག་རྗེས་འཇུག་ར་ལ་སའི་མགོ་ཅན་སྒྲ་གདངས་འཐོན་པར་ཀློག་དགོས་ཚུལ་གསུངས་པ་བཞིན་དུ་མཁས་པ་འགའ་རེས་ལག་ལེན་དུ་བསྟར་ཀྱང་། དར་ཁྱབ་ཆེ་བ་ཞིག་མ་བྱུང་། བོད་ཀྱི་གནས་ཡུལ་་དབེན་པ་དག་ཏུ་གནའ་བོའི་འདོན་སྟངས་དེ་ལུས་ཀྱང་། ཡུལ་དབུས་གཙང་སོགས་ཀྱི་སྐྱེ་བོས་མི་གོ་བར་མ་ཟད་དེ་ཉིད་་འཕྱས་འདོགས་པའི་གཞིར་ཡང་གྱུར། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་དར་སྲོལ་ཆེ་ཞིང་། མཁས་པ་མང་པོས་འགྲེལ་པ་དཔེར་བརྗོད་བཅས་བྲིས་ཤིང་འབྲི་བཞིན་ཡང་། བོད་སྤྱིའི་སྐད་ཡིག་དེ་ཇེ་ཉམས་ཇེ་ཉམས་སུ་སོང་དང་འགྲོ་བཞིན་པ་ཡིན་འདུག། དེས་ན་རང་རེས་བྲིས་ནས་ཡོད་བཞིན་པའི་བཀའ་བསྟན་གསུང་འབུམ་དག་གི་སྐད་དེ་སྒྲ་གདངས་མ་ཉམས་པར་འདོན་ཞིང་འབྲི་བ་སོགས་རྩལ་ཅི་ཡོད་ཀྱིས་བསྲུང་དགོས་པར་མཐོང་བ་བདག་རང་གི་རྨི་ལམ་གྱི་བྱ་བ་ཞིག་གོ །
གོང་གསལ་མཆན་དི་གཞན་དུ་འགྲོ་དགོས་པ་ནོར་ནས་ཕྱིན་འདུག དགོངས་དག
རྩོམ་ཡིག་ཡག་པོ་ཞིག་སྤེལ་འདུག་ཁར། ཐུགས་བསམ་གཏིང་ཟབ་པོ་ཞིག་བཞེས་འདུག རྒྱབ་བསྐྱོར་ཡོད། དེ་མཚུངས་སུ་ཁ་བརྡའི་སྟེང་དུ་འོས་འཕེན་ས་ཞིག་བཟོས་ནས་ཚོད་ལྟ་ཞིག་བྱེད་དགོས་པ་འདྲ། དེང་སྐབས་བོད་ཕྱི་ནང་གཉིས་ནས་གང་ལ་གང་འཚམས་ཤིག་གིས་ཕྱི་ཕྱོགས་ཀྱི་དྲ་བ་ཁག་ཀློག་ཐུབ་ཀྱི་འདུག
ཉིས་སྟོང་བརྒྱད་ལོའི་དམིགས་བསལ་ཚོགས་ཆེན་གྱི་རྒྱབ་གཉེར་སྙན་ཐོ་ནང་དུ། ‘‘ཚོགས་ཆེན་འདིར་བོད་གཞིས་བྱེས་གཉིས་ནས་བསམ་ཤོག་ཕུལ་འབྱོར་དང་ཚོགས་བཅར་བ་ཡོངས་ཀྱིས་བགྲོ་གླེང་སྦྱང་བཤད་ཞིབ་ལྷུག་བྱུང་’’ཞེས་གསལ་བ་ཞིག་ཡོད། སྐབས་དེར་གཞིས་ལུས་མི་མང་གི་བསམ་ཤོག་ཚོགས་ཆེན་དེའི་སྟེང་དུ་ག་ཚོད་འབྱོར་བ་རེད་དམ། ཡང་། ‘‘དུས་ཐུང་ནང་གྲུབ་འབྲས་མ་སོན་ཚེ་རང་བཙན་དང་རང་ཐག་རང་གཅོད་རྩོད་ལེན་གྱི་སྲིད་བྱུས་འཛིན་དགོས་པའི་བསམ་འཆར་ཡང་ཤུགས་ཆེར་བྱུང་’’ཞེས་གསལ། ‘‘དུས་ཐུང་’’ཞེས་པ་དུས་ཡུན་ག་ཚོད་ཅིག་ལ་གསུངས་པ་རེད། མཁྱེན་མཁན་རེ་ཡོད་དམ།
བོད་ཀྱི་སྐུ་ཚབ་ཚོགས་པ་གང་ཞིག་ཡིན་མིན་མི་དྲན་མོད་ཁོང་ཚོ་ལོ་རབས་བརྒྱད་ཅུའི་སྐབས་སུ་རྒྱ་གར་ནས་བོད་དུ་འགྲོ་སྐབས་ཞིག་ལ། བོད་མི་ཚོས་སྐུ་ཚབ་ཚོགས་པ་ཚོའི་ཐོག་ལ་མཆིལ་མ་འདེབས་པ་སོགས་ཀྱི་མི་དགའ་བའི་རྣམ་འགྱུར་བསྟན་མི་ཡོང་ངམ་བསམ་ནས་རྒྱ་ནག་གཞུང་ལ་སེམས་ཁྲལ་བྱུང་བ་རེད་ཟེར། དེ་ནི་རྒྱ་བོད་གཉིས་ཀའི་ངོས་ནས་མང་མོས་འོས་བསྡུ་གཅིག་རེད།
ཡང་ལོ་ནམ་ཞིག་ལ་ཡིན་པ་ཏག་ཏག་ཅིག་མི་དྲན་མོད། ལོ་ཁ་ཤས་ཀྱི་གོང་ལ་༧རྒྱལ་བ་རིན་པོ་ཆེ་ཚང་ཕེབས་ཀྱི་ཡོད་པ་རེད་ཅེས་སྐུ་འབུམ་དུ་གློ་བུར་དུ་མི་ཚོགས་རྒྱ་ཆེན་པོ་ཞིག་འཛོམས་པ་རེད་ཟེར། ཁ་ཤས་ཀྱིས་བཤད་ན། དེ་ཡང་རྒྱ་ནག་གཞུང་གིས་ཚོད་ལྟའི་ཐོག་ནས་བསྒྲུབས་པའི་མང་མོས་འོས་བསྡུ་ཞིག་རེད་ཅེས་འགྲེལ་བཤད་བརྒྱག་མཁན་འདུག
ཡང་ ༢༠༠༦ ལོའི་དཔལ་ལྡན་འབྲས་སྤུངས་ཀྱི་དུས་དབང་ཐོག་ཏུ་རྒྱ་ནག་གཞུང་གིས་གུ་ཡངས་པོའི་ཐོག་ནས་གཞིས་ལུས་བོད་མི་མང་དག་ཅིག་རྒྱ་གར་དུ་འགྲོ་བའི་ཆོག་མཆན་སྤྲད་པ་རེད། ཁ་ཤས་ཀྱིས་བཤད་ན་དེ་ཡང་མང་མོས་འོས་བསྡུའི་སྔོན་འགྲོ་ཞིག་རེད་ཟེར།
དེ་ནས་ད་སྐབས་རྒྱ་ནག་གཞུང་གིས་བལ་ཡུལ་དང་རྒྱ་གར་སོགས་ནས་བོད་དུ་གཉེན་འཕྲད་ལ་འགྲོ་མཁན་ཚོར་ལམ་ཁ་རྒྱ་ཆེན་པོ་ཞིག་འབྱེད་ཀྱི་འདུག་ཟེར། དེ་ཡང་མང་མོས་འོས་བསྡུའི་སྔོན་འགྲོ་ཞིག་རེད་ཟེར།
ནུབ་རྒྱུད་ཐོན་འབྱེད་ཆེན་མོ་ཞེས་པའི་འཛུགས་སྐྲུན་ཞིག་ད་ལྟ་བོད་དུ་འགྲོ་དང་འགྲོ་བཞིན་པ་རེད། དེ་ཡང་མང་མོས་འོས་བསྡུའི་སྔོན་འགྲོ་ཞིག་ག་ལ་མིན།
དེ་ནས་ང་ཚོས་ ༧རྒྱལ་བ་རིན་པོ་ཆེ་ཚང་ སྐུ་ཚེ་ཁྲི་ལོར་བརྟན་པའི་ཞབས་བརྟན་འབུལ་གྱི་ཡོད་པ་རེད་དེ། ཉིན་མ་གཅིག་ཁོང་མ་བཞུགས་པ་རེད་ཅེས་ང་ཚོའི་མགོ་ཐོག་ལ་ཉི་མ་ནག་པོ་ཞིག་ཤར་གྱི་རེད། དེ་ནས་རྒྱ་ནག་གཞུང་གིས་ག་ལེར་སྔོན་འགྲོ་དང་ཚོད་ལྟའི་མང་མོས་འོས་བསྡུ་འདི་མཚམས་བཞག་ནས། དངོས་གཞིའི་མང་མོས་འོས་བསྡུ་ཞིག་བྱེད་མི་སྲིད་པ་མ་རེད།
ང་ཚོའི་ངོས་ནས་དེ་ལ་བྲེལ་བ་བྱེད་དགོས་པ་མ་རེད། དེ་འདྲ་ཞིག་ཧ་ཅང་ཡོང་མདོག་ཁ་པོ་འདུག
དྲི་བ་འདྲི་ཚུལ་འདི་ཅུང་བསྡུས་དྲག་མི་འདུག་གམ།
འོས་འཕེན་མི་མང་ཚོར་འདེམས་ཀ་གཉིས་མ་གཏོགས་བསམ་གཞིག་གསུམ་པ་ཞིག་གཏོང་བའི་གོ་སྐབས་མི་འདུག
དུས་སྐབས་ངེས་ཅན་ཞིག་གི་རིང་ཀྲུང་གོའི་འོག་ཏུ་གནས་འདོད་མེད་རུང་མི་སྡོད་ཀ་མེད་ཀྱི་དཀའ་ངལ་འདིས་འོས་ཤོག་ག་ཚད་མང་ཡང་དུས་ལ་བབ་ཡོད་མེད་བལྟ་རྒྱུ་གལ་མི་ཆེ་འམ།
ཡག་པོ་བྲིས་འདུག་་་་་བཀའ་དྲིན་ཆེ།
རྩོམ་ཡིག་འདི་དྲ་ངོས་སུ་ཐོན་མ་ཐག་རྩོམ་པ་པོར་མཆན་ཞིག་བཞག་ཡོད་ཀྱང་དེ་རིང་མི་འདུག གང་ལྟར་བསམ་བློ་ཞིབ་ཏུ་བཏང་འདུག བཀའ་དྲིན་ཆེ།
རྩོམ་ཡིག་འདིའི་ནང་དོན་དང་གཤམ་གྱི་མཆན་བུ་དག་ལ་གོ་རྒྱུ་འདུག མ་ཟད་ཡིག་ནོར་ཡང་ཇེ་བཟང་དུ་ཕྱིན་འདུག་པས་དགའ་འོས་པ་ཞིག་མ་ཡིན་ནམ།
ཡག་པོ་བྲིས་འདུག་མ་ཟད་སེམས་འཁུར་བསྐྱེད་ནས་བྲིས་པར་ཡི་རངས་ཡོད།འོན་ཀྱང་ཉིད་ཀྱི་བསམ་ཚུལ་དེར་རྒྱབ་སྐྱོར་མེད།
དེ་སྔ་འོས་འདུ་ལམ་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་གཏན་འབེབས་ནས་ལོ་༡༥ཙམ་ལའང་སོང་མེད།ད་ཆ་ཡང་ཁ་ཕྱོགས་གཞན་ཞིག་ལ་བསྒྱུར་ཐབས་ཀྱི་འོས་འདུ་བྱས་ན་རྒྱལ་སྤྱིའི་རྒྱབ་སྐྱོར་བ་དང་།བོད་ནང་གི་མི་མང་།བཙན་བྱོལ་མི་མང་བཅས་ཚང་འཐོམས་ཀྱི་རེད།འདི་ལོ་ལམ་འདི་ལ་ཕྱིན།ལོ་ཤས་རྗེས་ནས་ལམ་གཞན་ཞིག་ལ་འགྲོ་རྒྱུ་དེ་ཁ་ཕྱོགས་གཏན་འཁེལ་མེད་པའི་གཞུང་ཆགས་ཉེན་ཡོད་པ་རེད།
གོང་གི་མཆན་ཨང་དང་པོའི་ནང་”ཡིན་འདུག།” ཅེས་ག་ཡིག་གི་རྗེས་སུ་ཆིག་ཤད་བཞག་པ་ནོར། མཆན་ཨང་གཉིས་པའི་ནང་”མཆན་དི་”ཞེས་པ་སྔོན་འཇུག་འ་ཡིག་ཆད། མཆན་ཨང་བཅུ་བར་”འོས་འདུ་”ཞེས་ཐེངས་གཉིས་བྲིས་ཡོད་པ་ནོར། རྩོམ་བྱང་ལྟར་”འོས་བསྡུ་”ཞེས་འབྲི་རོགས།
ད་ནི་ད་ལྟའི་དུས་སྐབས་འདིར་གལ་ཆེ་ཤོས་ཤིག་ནི། སོག་རིགས་རྣམས་གཞི་ནས་གཉིད་ལས་སད་ཡོད་པས། དེར་བརྟེན་ བོད་སོག་ཡུ་གསུམ་མནའ་འབྲེལ་འོས་ལངས་ཚོགས་པ་་ ཞེས་པ་ཞིག་འཛུགས་རན་དག་ཆོད་འདུག་པས།
ཚང་མས་དོ་ཁུར་གནང་རོགས། ཚོགས་པ་དེ་ནི་བོད་དང༌། སོག་པོ། ཡུ་གུར་མི་རིགས་སོགས་ཐུན་མོང་གིས་རང་ས་སྲུང་སྐྱོབ་དང༌། བཙན་འཛུལ་བར་ངོ་རྒོལ་གྱིས་མཐའ་སྐ྄ྲོད་བྱེད་རྒྱུ་དེ་ཡིན།
རྒྱ་ནག་བཙན་འཛུལ་བས་གྲངས་ཉུང་མི་རིགས་ཐོག་གང་བྱུང་གིས་དམར་གསོད་དང༌། དྲག་རྡུང༌། མནར་གཅོད་སོགས་གཏོང་གི་ཡོད་པས། དེ་ནི་མི་རིགས་ཀྱི་བར་ལ་སྙིང་ནད་ཀྱི་འཁོན་འཛིན་བཟོ་ཆེད་རང་ཡིན་པས། རྒྱ་ནག་གི་བསམ་བློ་ཅན་གྱི་ཤེས་ཡོན་ཅན་ཚོས་རྫུན་གཞུང་གི་
རྒྱབ་ལངས་མ་བྱས་པར་དྲང་ཕྱོགས་སུ་བསྐྱོད་མཁན་མི་དམངས་ཉམས་ཆུང་རྣམས་ཀྱི་ལངས་ཕྱོགས་དང་མངོན་འདོད་ཤེས་པ་གནང་རོགས།
ཟབ་གདོང་རིན་པོ་ཆེ་མཆོག་བོད་ར྄ྒ྄ྱ་འབ྄ྲེལ་མོལ་ག྄ྱི་དམིགས་བསལ་ས྄ྐུ་ཚབ་མངགས་ར྄ྒ྄ྱུ་བ྄ྱུང་ན་ཧ་ཅང་བཟང༌།
དུས་ལ་བབ་པའི་མང་མོས་འོས་བསྡུ་མ་རེད།་་དུས་ལས་ཡོལ་བའི་མང་མོས་འོས་བསྡུ་རེད།
༡༩༩༦་ལོར་གདམ་བྱ་འདེམས་བྱེད་བཞིའི་ཐོག་མང་མོས་འོས་བསྡུ་བྱས་པར་བོད་ཕྱི་ནང་གཉིས་ཀྱི་བོད་མི་བརྒྱ་ཆ་༦༠བརྒལ་བས་༸གོང་ས་མཆོག་གིས་དུས་ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐུགས་ཐག་གང་གཅོད་ལ་བོད་མིའི་མངོན་འདོད་དང་ལངས་ཕྱོགས་ཡིན་པར་ལོ་རྒྱུས་ནང་ཟིན་ཐོ་བཀོད་ཟིན་པར་ཁྱེད་ཅག་གིས་ངེས་པར་ཤེས་དགོས།
དེ་རྗེས་བོད་མི་མང་གི་སྤྱི་འཐུས་གྲོས་ཚོགས་ནང་མི་དམངས་ཀྱི་ཐག་གཅོད་ལ་སྤྱི་མོས་བྱུང་སྟེ་བོད་གཞུང་མང་གཉིས་ནམ་ཡང་༸གོང་ས་མཆོག་གི་ལམ་སྟོན་གང་གནང་རྗེས་སུ་འཇུག་རྒྱུ་འཛམ་གླིང་ཡོངས་ལ་གྲགས་ཟིན་པ་ཡང་ཤེས་དགོས།
བར་སྐབས་གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆའི་སྐོར་གྱི་རྙོག་གླེང་བྱུང་སྐབས་སུའང་༸གོང་ས་མཆོག་གི་ཐུགས་ཐག་གང་བཅད་གྲོས་ཚོགས་དང་མི་མང་གི་མོས་མཐུན་བརྒྱུད་མི་དགོས་པར་ཐད་ཀར་ལས་རིམ་འགྲོ་ཆོག་པ་དབང་ལྡན་ཁྲིམས་བཟོ་ལྷན་ཚོགས་ཀྱིས་ཞིབ་གཤེར་གནང་སྟེ་ཐག་བཅད་ཟིན་པ་དེ་ཡང་མིག་ལྡན་སྐྱེ་བོ་ཀུན་གྱི་རྣ་ལམ་དུ་བསྒྲགས་ཟིན་པ་ཡང་ཤེས་དགོས།
མདོ་བསྡུས་ནས་བཤད་ན།་་་འུ་ཅག་མི་དམངས་ཇི་ཙམ་གླེན་ལྐུགས་ཆེ་བ་དང།་་རྗེས་ལུས།་་ཀླ་ཀློ་སོགས་གང་ཞིག་ཏུ་ངོས་འཛིན་བྱས་ཀྱང་རུང་མ་བྱས་ཀྱང་རུང།་་་་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐབས་མཁས་ཐུགས་རྗེའི་ལམ་སྟོན་འོག་གཤར་བསྐྱོད་བྱེད་རྒྱུ་བློ་ཐག་རྦད་བཅད་ཡིན་ལ།་་དེའི་དབང་གིས་རང་ཉིད་ཀྱི་མགོ་དང་ལུས་པོ་གང་ཞིག་ཤོར་ཡང་བློ་འགྱོད་བྱེད་རྒྱུ་ལས་དེ་ལས་ལྡོག་སྟེ་དགའ་སྒོམ་བྱེད་རྒྱུ་ནམ་ཡང་འགྱུར་བ་མེད།
འབའ་བྱ་ཁྱུང་གི་བསམ་འཆར་ལ་རྗེས་སུ་ཡི་རངས་ཡོད།
ད་དུང་ཡི་གེའི་དག་ཆ་ལ་ཡིད་སྨོན་སྐྱེ་བཞིན་ཡོད། ཡིན་ནའང་། བོད་ཡིག་ནང་གི་ནང་དུ་དེང་སང་གོང་ལྟར་༼ མདོ་བསྡུས་ནས་བཤད་ན།་་་འུ་ཅག་མི་དམངས་ཇི་ཙམ་གླེན་ལྐུགས་ཆེ་བ་དང།་་རྗེས་ལུས།་་ཀླ་ཀློ་སོགས་གང་ཞིག་ཏུ་ངོས་འཛིན་བྱས་ཀྱང་རུང་མ་བྱས་ཀྱང་རུང།་་་་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐབས་མཁས་ཐུགས་རྗེའི་ལམ་སྟོན་འོག་གཤར་བསྐྱོད་བྱེད་རྒྱུ་བློ་ཐག་རྦད་བཅད་ཡིན་ལ༽ ཚེག་མང་བོ་ཞིག་འཇོག་སྲོལ་འདུག ཁུངས་ལྡན་མིན་ཚེ་ཨུ་ཚུགས་མི་རྒྱག་པར་ཚེག་མང་བོ་མགོར་དང་མཇུག་ལ་ཐོབ་ཐང་ལས་གཞན་དག་ལ་མི་འཇོག་པར་འཚལ།
དགོངས་ཚུལ་ཡག་པོ་གསུངས་འདུག། རྒྱབ་སྐྱོར་ཡོད། འོན་ཀྱང་ལྷབ་ལྷུབ་ཏུ་འབར་བཞིན་པའི་མེ་ལྕེའི་ནང་གི་འབོད་སྒྲ་དེ་དང་འཛུམ་དམུལ་དམུལ་ངང་གི་བཙན་བྱོལ་ཚང་གི་འབོད་སྒྲ་དེ་གཉིས་གཅིག་པ་མིན་ལ་བར་ཁྱད་ཡང་ཆེན་པོ་རེད། རྒྱུ་མཚན་མེ་ལྕེའི་ནང་གི་དཔའ་བོ་དཔའ་མོ་ཚོའི་འབོད་སྒྲ་ནི་རང་སྟེང་མངོན་སུམ་དུ་མྱང་བའི་འབོད་སྒྲ་རེད་ལ་འཛུམ་མདངས་འོག་གི་འབོད་སྒྲ་ནི་སེམས་འཚོར་ཙམ་རེད།
བྱས་ཙང་རྒྱུན་དུ་རང་སྟེང་གི་མྱོང་བ་ཟབ་མོ་མེད་ཙང་མེ་ལྕེའི་ནང་གི་འབོད་སྒྲ་ལ་དེ་ཙམ་དོ་སྣང་མི་གནང་བ་མ་ཟད་མཆན་ཞབས་པ་ཁ་ཤས་ཀྱིས་སྐབས་དོན་མི་གླེང་བར་འབྲེལ་མེད་དོན་གཞན་གླེང་བ་དང་། ཡང་ཁ་ཤས་ཀྱིས་རང་ཉིད་མཁས་མདོག་སྟོན་ནས་ཞུ་དག་པ་ཡིན་མདོག་སྨྲ་བ་དང་། ཡང་ཁ་ཤས་ཀྱིས་མེ་ལྕེའི་ནང་གི་འབོད་སྒྲ་དེ་༧གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་དགོངས་པ་མིན་ཚུལ་གླེང་བ་སོགས་མདོར་ན་རྣམ་འགྱུར་ཡ་མ་བརླ་ཅན་གྱི་མཆན་ཞབས་པ་མང་པོ་རིག་རྒྱུ་འདུག་ན་དེ་འདྲའི་ཡིད་སྐྱོ་བ་ལ།
ཁ་སང་ངས་བྲེལ་བྲེལ་འཚུབ་འཚུབ་ཀྱི་ྐློང་ནས་རྩོམ་འདི་བྲིས་ཤིང་། དོན་དག་རེ་ཟུང་ཚོར་བའི་དབང་དུ་ཤོར་འདུག བོད་རང་སྐྱོང་དང་བོད་རང་བཙན་གང་ཡིན་རུང་། གཙོ་བོ་རྒྱ་གཞུང་གི་སྲིད་ཇུས་དང་དཔོན་རིགས་ཚོའི་ྐླད་པར་བསེར་བུ་ཞིག་ཤོར་དགོས་པ་དེ་རེད། གྲང་བསིལ་བསིལ་གྱི་བསེར་བུ་ཞིག་མ་ཤོར་བ་ཡིན་ན་རང་བཙན་ཕར་ཟད་རང་སྐྱོང་འདི་ཡང་ཁག་པོ་རེད་ལ། གལ་སྲིད་བསེར་བུ་ཞིག་ཤོར་བ་ཡིན་ན་རང་སྐྱོང་ལས་བརྒལ་ཏེ་རང་བཙན་འདི་ཡང་རེག་སྲིད་པ་རེད། མ་འོངས་པར་གལ་སྲིད་ང་ཚོར་རང་སྐྱོང་རེག་ནའང་མང་མོས་ཐག་གཅོད་ཀྱི་ཐོབ་ཐང་ཞིག་ཡོད་མེད་མི་ཤེས་ལ། མ་གཞི་ནས་བོད་མི་རིགས་འདིས་རྒྱ་མི་རིགས་དང་མཉམ་དུ་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་བམ། རྒྱ་འདི་བོད་མི་རིགས་ཀྱི་དགྲ་རེད། རྒྱ་མི་རིགས་དང་བོད་མི་རིགས་གཉིས་མཉམ་དུ་བསྡད་ནས་མི་ལོ་ལྔ་བཅུ་ལྷག་འགོར་སོང་། དེའི་རིང་མི་རིགས་འདི་གཉིས་ཕན་ཚུན་བསྡེབས་པའི་གཉེན་སྒྲིག་གི་གྲངས་ཀར་ལྟོས་དང་། གནད་འགག་འདི་རེད། ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་སྤར་མོ་གང་འདི་གཞིས་ལུས་མི་མང་གི་མགྲིན་ཚབ་ཡིན་ཞེས་པའི་ཚིག་ཅིག་ཡོད། མགྲིན་ཚབ་པ་ཡིན་ན་གཞིས་ལུས་མི་མང་གི་རེ་འདུན་དང་དེ་ལས་འཕྲོས་པའི་འབོད་སྒྲ་སོགས་མཁྱེན་དགོས་པ་གལ་ཆེན་པོ་རེད། བོད་གཞུང་གིས་མང་མོས་ཀྱི་གྲོས་ཆོད་རེ་བཞག་ཡོད་ནའང་། ཡིག་ཆ་རྙིང་པ་ཁག་ཡང་ནས་བསྐྱར་དུ་བསྔོགས་སྐབས། གྲོས་ཆོད་རེ་རེའི་ནང་དུ་བོད་གཞིས་ལུས་མི་མང་གི་བསམ་འདུན་ཡོད་ཟེར་བའི་ཚིག་དེ་ནི་དོགས་གཞི་ཅན་དུ་གྱུར། ཆབ་སྲིད་ཅེས་པའི་ལྟ་གྲུབ་འདི་ནི་འགྱུར་བའི་རང་བཞིན་ཅན་ཞིག་དང་། རྟག་བརྟན་ཐེར་ཟུག་ཅིག་མིན་པ་འདྲ། མང་མོས་འོས་བསྡུ་འདི་ཡང་བོད་མིའི་སེམས་ཁམས་དང་དེའི་གནས་སྟངས་ལ་གཞིགས་ཏེ་ཡང་ཡང་འཇོག་ཆོག་པ་ཞིག་རེད། ཕྱོགས་ཡོངས་ནས་མང་མོས་འོས་བསྡུ་ཞིག་གནང་ནས་རང་བཙན་ཕྱོགས་སུ་གོམ་པ་སྤོ་དགོས་ནའང་། ༸རྒྱལ་བ་རིན་པོ་ཆེས་ཐུགས་མཉེས་པོ་གནང་གི་རེད། ༸རྒྱལ་བ་རིན་པོ་ཆེས་བོད་ཀྱི་སྲིད་དབང་གི་ཐུགས་འགན་ཆ་ཚང་བོད་མི་མང་ལ་གནང་བ་དེ་ནི། ཕྱོགས་གཅིག་ནས་དམངས་གཙོའི་མཚན་ཉིད་ཆ་ཚང་བ་ཞིག་ལ་ཐུགས་བསམ་བཞེས་པ་རེད་ལ། ཕྱོགས་གཞན་ནས་བསམ་བློ་བཏང་ན། ༸རྒྱལ་བ་རིན་པོ་ཆེས་ད་བོད་མི་མང་གིས་ལས་ཀ་བྱོས། སྟོན་རྒྱུ་ཞིག་ཡོད་ན་སྟོན་ཅིག་ཅེས་དགོངས་བཞིན་ཡོད་མི་སྲིད་པའང་མ་རེད། ༸རྒྱལ་བ་རིན་པོ་ཆེ་འཚོ་བཞུགས་ཀྱི་ཉིན་མོ་གློ་བུར་དུ་ཡལ་ཚེ། བོད་གཞིས་ལུས་མི་མང་གི་ག་རེ་གནང་མིན་ངས་མི་ཤེས། ཉེ་ཆར་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་༸རྒྱལ་བ་རིན་པོ་ཆེ་མི་བཞུགས་ས་ནས་ངས་ལས་ཀ་ལས་འདོད་མེད་ཅེས་གསུངས་པ་རེད། དེང་སྐབས་བོད་གཞིས་བྱེས་གཉིས་ཀྱི་ཆིག་སྒྲིལ་ནི་གཙོ་བོ་དད་པ་དམ་ཚིག་གི་སྐུད་པ་ཕྲ་མོ་ཞིག་གིས་བཅངས་བསྡད་འདུག ད་ནི་གཞིས་བྱེས་གཉིས་ཀྱི་ཆིག་སྒྲིལ་དེ་སྲིད་དོན་གྱི་ཕྱོགས་ནས་དམ་པོར་བཟོ་དགོས་པ་རེད་གནད་འགག་ཅིག་མིན་འགྲོ་དྲན། རྒྱ་ནག་འདི་ཡང་འགྱུར་བའི་རང་བཞིན་ཅན་ཞིག་རེད། རྒྱ་ནག་གི་ལོ་རྒྱུས་ལ་ལྟོས་དང་། རྒྱལ་རབས་ག་ཚོད་ཅིག་བརྗེས་འདུག ང་ཚོར་རྒྱ་དཀར་ནག་དང་མཉམ་དུ་ས་མཚམས་ཆུ་མཚམས་ཀྱི་རྩོད་རྙོག་ཡོད་པ་དེ་ཡང་བདེན་ནའང་། འདི་བོད་རང་བཙན་མ་ཤོར་བའི་སྔོན་དུ་ཡོད་པ་རེད། མ་འོངས་པ་ནའང་རྩོད་རྙོག་འབྱུང་སྲིད་པ་རེད། ཡང་། བོད་རང་བཙན་རེག་ནའང་དཔལ་འབྱོར་གྱི་དཀའ་ངལ་ཡོད་པའི་སྐད་ཆ་ཡོད། འདི་དཔལ་འབྱོར་རིག་པ་བ་ཚོར་བཀའ་འདྲི་དང་ལམ་སྟོན་ཞུ་ཆོག་པ་རེད། ཁྱིམ་མཆེས་གཡས་གཡོན་གྱི་རྒྱལ་ཁབ་དཔེར་ན་འབྲུག་ལྟ་བུའང་མིག་དཔེ་བལྟ་ས་མང་པོ་ཞིག་ཡོད། ང་ཚོས་མ་འོངས་བོད་ཀྱི་དཔལ་འབྱོར་གྱི་གནས་བབ་ནི་ད་ལྟའི་རྡ་སའི་ནོར་བུ་གླིང་ག་དང་བསྡུར་ནས་བཤད་ན་མི་ཆོག་གམ།