-མགར་རྡོར།
ཡང་རྨ་ཆུའི་དཔའ་བོ་ཞིག་གིས་དགུན་འཁྱག་གི་གྲངས་ངར་འདི་ཚ་ལམ་མེར་བཏང་སོང་། ཁོང་བོད་ཀྱི་ཆེད་དུ་འཇིག་རྟེན་འདི་དང་གཏན་དུ་ཁ་བྲལ་སོང་བའི་གཏམ་བཟང་མ་ངན་དེ་ཐོས་འཕྲལ་བདག་གི་སེམས་ནི་ལྷོང་ལྷོང་བོར་གྱུར་ཏེ་བྱང་མཐའི་འཁྱག་རོམ་གྱི་སྦུབས་སུ་གཡུག་འདྲའི་ཚོར་བ་བྱུང་། ངོ་མ་ཡིན།
དེ་རིང་ཁ་སང་གི་རྒྱལ་སྤྱིའི་གནས་སྟངས་ཐད་ནས་བོད་ཀྱི་རང་ལུས་མེ་བསྲེག་གི་ལས་འགུལ་འདི་ཕལ་ཆེར་ངལ་བ་འབྲས་མེད་ཏུ་གྱུར་ཚར་རེད། ད་ཁྱོད་ཚོས་རང་ཉིད་འོ་བརྒྱལ་མ་གཏོད་རོགས་ཞུ། ཁྱིམ་བཟའ་ཚང་སྡུག་ལ་མ་སྦྱོར། ཆེས་རྩ་ཆེ་བའི་ཚེ་སྲོག་དེའང་རང་འགར་འབྱུང་བར་འཐིམ་དུ་མ་འཇུག་རོགས་ཞུ། ཁྱོད་ཚོའི་ཚེ་སྲོག་ནི་ནང་དམེ་བ་ཚོའི་གྲི་ཁ་མདུང་ཁ་ནས་ཤོར་བའི་ཚེ་སྲོག་དང་གཏན་ནས་མི་འདྲ། ང་ཁྱོད་ཚོའི་ཚེ་སྲོག་ལ་སེར་སྣ་སྐྱེས་ཀི ངོ་མ་ཡིན།
སྤྱིར་ན་རང་ལུས་མེ་བསྲེག་གི་ལས་འགུལ་འདི་ཆེས་རླབས་ཆེ་ཞིང་རྣོ་ངར་ལྡན་པ། ཕ་རོལ་བོ་སྤ་བཀོང་བར་བྱེད་པའི་ཞི་བའི་ལས་འགུལ་ཞིག་ཡིན་མོད། འོན་ཀྱང་ཁ་གཏད་གཅོག་ཡུལ་དེ་ངོ་ཚ་ཁྲེལ་མེད་ལ་འཛེམ་བག་མེད་པ། མི་གཞིའི་རྩིས་ཐང་ཐད་ལ་བོར་བ། བྱམས་སྙིང་རྗེའི་དྲི་མི་བྲོ་བ། རང་གི་ཁེ་ཕན་གཞན་གྱི་དཀའ་ངལ་ལས་འཚོལ་མཁན། ཐ་ན་བསམ་ཤེས་ཀྱི་རྟོག་པ་ཙམ་ཡང་ལར་ནས་མ་སད་པའི་མི་སྡེ་ཞིག་ཡིན་དུས། དེ་ནི་སྤྱང་ཀིའི་རྣ་བར་ཆོས་བཤད་ཀྱི་དཔེ་ལས་ཅང་ཡོད་ནི་རེད། རྗེས་རབས་པ་ཚོས་མི་ཚེའི་དམིགས་ཡུལ་ལམ་ཁ་གཞན་ཞིག་ནས་འཚོལ་རོགས་ཞུ། ངོ་མ་ཡིན།
དེང་གི་འཛམ་གླིང་འདི་དུད་འགྲོ་རྣམས་ནི་གཅིག་ལ་གཅིག་ཟ་བ་ཟེར་བའི་དཔེ་རང་རེད། ཡོད་ཚད་ཁེ་བསང་རྐྱང་རྐྱང་གིས་གཅིག་ལ་གཅིག་རྟེན་བྱས་བསྡད་ཡོད་རེད། རང་དབང་དམངས་གཙོ་ཟེར་ན་འདྲ། ཞི་བདེ་མཉམ་གནས་ཟེར་ན་འདྲ། ཐོབ་ཐང་འདྲ་མཉམ་ཟེར་ན་བླ། ཐམས་ཅད་རང་གི་ཁེ་བསང་སྲོང་བའི་མེ་སྒྱོག་རྐྱང་རེད། དེ་བས་ཡར་ཁའི་ཨ་རི་དང་མར་ཁའི་ཡོ་རོབ། ཅིག་གི་མཉམ་འབྲེལ་རྒྱལ་ཚོགས་དང་། གན་གི་ཡོ་རོབ་མཐུན་ཚོགས་ཟེར་ནས་ཁ་མ་གདངས་རོགས་ཞུ། དེ་ན་ཁྱོད་ཉིད་སྐྱོབས་པའི་མི་ཞིག་མེད་པ་གཏན་ཁེལ་རེད། ས་དེ་ཕྱོགས་ལ་རེ་སྟོང་ཞིག་མ་འཆའ་རོགས། ཨ་རིའི་ཕོ་བྲང་དཀར་པོར་མོ་ཙེ་ཏུང་གི་གོ་མགོ་ཐོན་ཡོད་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་རར་ཡང་ཀྲུང་གོའི་མི་དམངས་ཚོགས་ཁང་གི་ཀ་བ་བསླངས་ཡོད་རེད། དེ་བོད་འབངས་ཡོངས་ཀྱིས་ཧ་གོ་བར་བྱ། ངོ་མ་ཡིན།
ཕྱི་སྡོད་དམ་བྱོལ་སོང་གི་བོད་མི་ཚོ་ནི་ངོ་མ་བཙན་ལ་བྱོལ་བ་ཙམ་རང་ཡིན། སེམས་ཤུགས་ཉི་ཚེ་བ་རེ་ཡོད་ཀྱང་ནུས་པ་གང་ཡང་མེད། ནམ་རྒྱུན་ཁ་ཅིག་ནི་ཆོས་ལ་བྲེལ། ཁ་ཅིག་ནི་སྒོར་ལ་བྲེལ། ཁྱོད་ཚོས་རེ་བ་རྒྱག་ས་ཞིག་གཏན་ནས་མི་ཉན། གཞུང་དམངས་གཉིས་ལ་ཁྱོད་ཚོར་ཕན་པའི་ལས་དཀའ་སྣ་གཅིག་སྟོན་རྒྱུ་མེད། མ་འོངས་པ་ནའང་དེ་བཞིན་ཡིན་རྒྱུ་རེད། རང་ཁ་སོས་པ་ཙམ་བྱས་ནས་སྡོད་འདང་རེད། གཞུང་དམངས་གཉིས་སྒོར་གྱི་ཆེད་དུ་འདུར་རྐྱང་རེད། དེ་ན་བོད་འབངས་སྐྱོབས་པའི་ལྷ་དམག་ཅིག་མེད་པ་ནམ་ལངས་ཉི་ཤར་རེད། ད་ཁྱོད་ཚོས་རེ་བ་མ་རྒྱག ངོ་མ་ཡིན།
བོད་ཀྱི་འཐབ་རྩོད་འདི་རང་ལུས་མེ་བསྲེག་གི་གྲངས་ཁ་བརྒྱབས་ནས་མཐའ་སེལ་བ་ཞིག་གཏན་ནས་མ་རེད། ད་མ་མང་ན་མི་ཉུང་། བརྒྱ་ཕྲག་ལས་བརྒལ་སོང་། གོ་སྐབས་ཤིག་མ་ཤར་ན་ཨུ་ཚུགས་ཀྱིས་མི་འཁྱོངས་ཁོ་ཐག་རེད། ངའི་དཔའ་བོ་ཚོ་ཚེ་སྲོག་ལ་སེར་སྣ་བྱོས། ངོ་མ་ཡིན།
བོད་དོན་ནམ་མེ་བསྲེག་དོན་རྐྱེན་འདི་རྒྱལ་སྤྱིའི་གསར་འགྱུར་རྒྱུད་ལམ་ཁག་ཆེ་ཤོས་གཅིག་ནས་ཀྱང་མཁོ་སོད་པའི་ཁྱབ་བསྒྲགས་ཤིག་ད་སྔར་བྱས་མྱོང་མེད། དེས་ད་དུང་འཛམ་གླིང་འདི་ཁེ་བསང་ལ་ཕྱོགས་པ་ལས་དྲང་བདེན་མིན་པར་མཚོན། མ་ཟད་མེ་བསྲེག་དོན་རྐྱེན་ལ་འབྲས་བུ་མེད་པ་མཚོན། ཕྱི་སྡོད་བོད་མི་ཚོར་ནུས་པ་མེད་པའང་མཚོན། རྒྱུད་ལམ་ཙག་ཙིག་ཁག་དང་སྐད་འཕྲིན་གི་བར་སྟོང་ཙམ་ལས་ཅི་ཙམ་འུར་ཀྱང་དེས་གྲུབ་འབྲས་ཐོན་པར་མི་མཚོན། དེ་ནི་ཆར་རྗེས་ཀྱི་ཇ་ཚོན་བཞིན་ལམ་སང་ཡལ་འགྲོ། ངོ་མ་ཡིན།
དྲ་ལམ་ཁག་ན་མ་ཎི་དང་མཆོད་མེའི་བསྔོ་སྨོན་ཙམ་གྱིས་འཚང་ཁ་རྒྱག་པ་འདི་ཡག་རྟགས་ཤིག་ལར་ནས་མ་རེད། རྒྱུ་མཚན་དྲ་བདག་དེ་ཚོ་འཆི་བར་ཕྱོགས་པའི་མི་ཞིག་དང་ཅིས་མི་འདྲ་ཨང་། མ་ཟད་དྲ་བདག་དི་ཚང་ཆབ་སྲིད་དང་དཔལ་འབྱོར་མཉམ་བསྲེས་ཀྱིས་ཁྱོད་ཤི་ང་གསོན་བྱེད་པའི་གཡུལ་སའམ་དེང་གི་འཛམ་གླིང་འདིའི་ཆེས་དམའ་བའི་ཞིང་ཁམས་ཤིག་ན་ཡོད་པའང་ངང་གིས་རྟོགས་འོང་། མ་ཟད་བུ་གླེན་པས་ཕ་ནད་པར་དུག་བྱིན་ཏེ་གསོན་པའི་སྨོན་ལམ་བཏབ་པའི་དཔེ་དང་ཅིས་མི་འདྲ་ཨང་། ངོ་མ་ཡིན།
གནམ་འོག་འདི་ནས་སྡུག་པོ་ངོ་མ་མྱོང་མཁན་དེ་ཁྱོད་ཚོ་ཡིན་ལ་མི་རིགས་འདིས་ནམ་ཡང་བརྗེད་མི་གཏིབས་པའི་དཔའ་བོའང་ཁྱོད་ཚོ་ཡིན་མོད། དུས་ལ་མ་བབས་པའི་བློས་གཏོང་ཆེན་མོ་འདི་ད་ནས་བཟུང་མཚམས་འཇོག་པར་བྱ། རྒྱང་རིང་གི་ཆེས་མཛེས་པའི་གངས་རི་དང་སྤངས་ལྗོངས། ད་དུང་རྟ་ནོར་ལུག་གསུམ། མདུན་གྱི་ཆེས་ཞིམ་པའི་མར་ཆུར་རྩམ་གསུམ། ད་དུང་ཁྱོད་ལ་བརྩེ་ཞིང་དུང་བའི་ནང་མི་སྤུན་མཆེད་སོགས་ཡོད་ཚད་རྒྱབ་ཏུ་གཡུགས་ནས་མ་བྱོན་རོགས། ཁྱོད་ཀྱི་རིན་ཐང་ལྡན་པའི་དམུགས་ཡུལ་ད་དུང་མདུན་ན་ལྷག་ཡོད། ངོ་མ་ཡིན།
ཟུར་གཞན་ཞིག་ནས་བལྟས་ན་རང་ལུས་མེ་བསྲེག་གཏོང་མཁན་ཚོའི་ཞལ་ཆེམས་དང་འབོད་ཚིག་ནི་ཕལ་ཆེར་ཕྱོགས་གཅིག་ཏུ་འདུ་སྟེ། གོང་ས་མཆོག་ཁྲི་ལོར་ཤོག གོང་ས་མཆོག་བོད་ལ་ཕེབས་དགོས་སོགས་སོ།། དང་པོ་ནི་རང་ལུས་མེ་བསྲེག་དང་འབྲེལ་བ་ཧ་ལམ་མེད་ལ་ཐ་མའང་རང་ལུས་མེ་བསྲེག་གི་འགྲོ་སོང་མི་དགོས་སྙམ། དེ་ནི་ཤིག་གསོད་པར་སྟ་རེའི་དཔེ་རུ་འགྲོ་བར་དོགས། གོང་ས་མཆོག་གཙོས་པའི་བོད་གཞུང་གིས་ཁོང་བོད་ལ་ཕེབས་པར་དགོས་གལ་ཆེན་པོར་མཐོང་གི་ཡོད་ན། ཟླ་ཤས་རིང་བོད་གནས་སྐོར་སྐྱོད་དང་དུས་དབང་འགའ་བསྐུར་རྒྱུ་ནི་དེ་འདྲའི་ཁུར་ལྕི་མོ་ཞིག་མིན་པར་འདོད། དེ་ནི་ལམ་ཁ་གཞན་ཞིག་ནས་ཕེབས་ཐུབ་སྲིད་པ་ཞིག་ལ་བདག་གིས་མཐོང་།
གོང་ས་ཏཱ་ལས་བླ་མས་མེ་བསྲེག་དོན་རྐྱེན་མཚམས་འཇོག་སྐོར་ལ་གསུང་གསལ་ཐག་ཆོད་པ་ཞིག་མ་བྱོན་ལ་བློ་བཟང་སེང་གེས་ཀྱང་ཁ་གྲག་འདང་མ་རེད། ད་ནི་གུས་པས་སེམས་པ་སྨྲེང་བས་བརྟས་བཞིན་རྩོམ་ཡིག་འདི་བྲིས་པའི་ཁུལ་ལ་ཐལ་སོང་ངོ་།། བཅས་པའི་ཆོས་ལུགས་ཀྱི་མཚམས་ལས་འདས་པའི་དགེ་བ་འདི་ཁོང་ཉིད་གཏན་དུ་བདེ་བར་བཞུད་པར་སྐྱེས་པའི་རྒྱུ་རུ་བསྔོའོ།།
2016-12-8་ཀྱི་དགོང་མོའི་ཆུ་ཚོད་བཅུ་གཅིག་དང་ཕྱེད་ཀར་གྲུབ་པར་བྱས།
མྱི་སུ་ཡིན་ན་ཡང་རང་ཉིད་ཀྱི་འདོད་པ་དང་དམིགས་ཡུལ་ལ་དཀོན་མཆོག་གིས་ཀྱང་ཁ་ལོ་བསྒྱུར་མི་ཐུབ་དེར་བརྟེན་རྩོམ་ཡིག་འདིའི་རིགས་རེ་ཞིག་བཏང་སྙོམས་བྱ་ན་དགའ་པ།