ཨེ་མ་ཧོ།
ཨོ་རྒྱན་པད་འབྱུང་ལས་གཞན་སྐྱབས་གནས་མེད།།
ཨེ་ཀ་ཛ་ཏྲི་མཆོག་གི་སྔགས་སྲུང་མེད།།
ཨུ་ཚུགས་སྐྱབས་སུ་འགྲོ་བའི་རྨོངས་དད་མེད།།
ཨི་ལྡན་དབྱངས་གསལ་ལས་གཞན་དུང་བ་མེད།།
ཧ་ཤང་ལྟ་བ་ཟེར་ཀྱང་ཐེ་ཚོམ་མེད།།
ཨ་ཏིའི་ཟབ་དོན་འཕྲན་པས་སྡུག་བསྔལ་མེད།།
ས་ཐོབ་མིང་བྱང་རེ་བའི་དཀའ་ངལ་མེད།།
ཤ་ཚ་སྙིང་རྗེ་བྲལ་བའི་གྲོགས་པོ་མེད།།
ལ་རྒྱ་ཁ་ལ་ཁྱེར་བའི་དཔོན་པོ་མེད།།
ར་རུའི་སྡུག་སྤྱོད་གཏོང་བའི་ཁྲིམས་རྩོད་མེད།།
ཡ་ཁོག་དམར་པོའི་ལྷད་པའི་ལྟ་བ་མེད།།
འ་འུར་སྐྱལ་སྒྲོག་བྱེད་སའི་སྐུལ་འདེབས་མེད།།
ཟ་གོས་དཀའ་ངན་མྱོང་བའི་སེམས་ཁྲལ་མེད།།
ཞྭ་མོ་ཐོབ་ཤོར་རྩོད་སའི་དུར་ཁུང་མེད།།
ལྦ་མོ་སྟག་ཏུ་རྫུ་བའི་གཡོ་འཕྲུལ་མེད།།
ཛ་ཡའི་བསྟན་པ་གནོད་པའི་ཇུས་ཀ་མེད།།
ཚ་གྲང་སྡུག་གྱོང་དགའ་བའི་མ་རིག་མེད།།
ཙ་ར་མ་ཆོད་དམོ་བའི་སྲོལ་ཁ་མེད།།
མ་རྒན་སེམས་ནད་བྱས་པའི་རང་འདོད་མེད།།
བ་གམ་བསྟན་པ་འཛིན་པའི་ཞེན་ཆགས་མེད།།
ཕ་མེས་ཕག་རིགས་བརྗོད་པའི་ངན་སྨྲས་མེད།།
པ་ཏྲ་གནའ་རིགས་གཟོ་བའི་ལག་རྩལ་མེད།།
ན་རཀ་དམྱལ་ཁམས་སྐྱེ་བའི་འཇིགས་སྐྲག་མེད།།
ད་ལྟ་འཆི་ཡང་ངུ་འབོད་འགྱོད་པ་མེད།།
ཐ་མག་གང་དགར་འཐེན་ལ་འདོད་མོས་མེད།།
ཏྰ་ལའི་བླ་མ་བཙོང་བའི་སྙིང་ཁམས་མེད།།
ཉ་ཤ་དམར་ཟས་སྲེད་པའི་ཚོར་བ་མེད།།
ཇ་ཆང་ཁོ་ནར་གཡེང་བའི་འདུ་འཛི་མེད།།
ཆ་མེད་རྒྱུས་ཡོད་བཤད་པའི་ལུགས་སྲོལ་མེད།།
ཅ་ཅོའི་ངག་འཆལ་དགའ་བའི་བྲེད་མོང་མེད།།
ང་རྒྱལ་ལོག་ལྟས་ཁེངས་པའི་སྡིག་ལྟ་མེད།།
ག་ལེར་སྐྱིད་ཉལ་བྱེད་སའི་དུས་ཁོམས་མེད།།
ཁ་མཁས་བཟང་སྤྱོད་དོར་བའི་བགྲོ་གླེང་མེད།།
ཀ་ར་བུ་རམ་ལྟ་བུའི་ངོ་དགའ་མེད།།
དེ་མེད་སུམ་ཅུ་སོ་བཞིའི་ད་ཧ་ཞིག།
ཤྲྰི་སྨྱོན་མགྲིན་པའི་ལམ་ནས་དབང་མེད་ཐལ།།
ཞེས་པ་འདི་ཡང་རབ་གནས་མེ་སྤྲེལ་ཟླ་ཚེས་ལ་གློ་བུར་དུ་དྲ་ཐོག་གཏམ་གྱི་རི་མོ་བོད་ཡིག་གི་གཟུགས་སུ་བགྱིས་པར་དགེའོ།། །།