གླིང་ཚ་ཚེ་བརྟན་རྡོ་རྗེ།
དེ་རིང་ང་རང་ཐོག་ཁང་གི་ལས་ཁུངས་ཨ་མའི་ནང་དུ་སྐད་བཏང་སོང་། ལས་གཙོ་བ་དེས་ང་ལ་ཁྱེད་རང་དེ་རིང་གློད་གྲོལ་བྱེད་དགོས་ཀྱི་ཡོད་ན། ང་ཚོ་ལ་བལ་སྒོར་སྟོང་ཕྲག་ལྔ་བཅུའི་ཉེས་ཆད་སྤྲོད་དང་། ཁྱོད་རང་སོང་ཆོག་ཟེར། དེ་དུས་ངས་སྐད་ཆ་ཞིག་དྲིས་ན་འགྲིག་གི་རེད་དམ་ཞེས་དྲིས་པ་ན། འགྲིག་གི་རེད་ཟེར། ག་རེ་བྱས་ནས་ངས་སྒོར་མོ་དེ་དག་སྤྲོད་དགོས་པ་རེད་ཅེས་དྲིས་དུས། དེ་ནི་ཁྱེད་རང་རྒྱལ་ཁབ་འདིར་ལག་ཁྱེར་གང་ཡང་མེད་པར་འཛུལ་བའི་ཉེས་པ་རེད། དེ་ཡི་ཉེས་ཆད་དུ་ང་ཚོས་ལས་ཁུངས་ནས་ཐག་གཅོད་བྱས་ནས་ཁྱོད་རང་ལ་ཉེས་པ་དེ་འབབས་པ་རེད།
དེས་ན་དེ་ནི་ཁྲིམས་ཐོག་གི་ཐག་གཅོད་རེད་དམ་ཞེས་དྲིས་དུས། ཁོས་དེ་ནི་ཁྲིམས་ཐོག་གི་ཐག་གཅོད་མ་རེད། ང་ཚོས་ལས་ཁུངས་ཀྱི་ཐག་གཅོད་རེད་ཟེར་བས། ངས་དེས་ན་ང་རང་གིས་དུས་དེ་རིང་བར་དུ་ཁྱེད་ཅག་གཞུང་གི་ཁྲིམས་ལ་བརྩི་སྲུང་གིས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་སྒུག་ནས་བསྡད་པ་དེ་ལ་གྲུབ་འབྲས་གང་ཡང་མ་བྱུང་བ་རེད་དམ། ང་ལ་ཁྲིམས་ཐོག་ནས་ཐག་གཅོད་གཙང་མ་མ་བྱས་པ་དང་ང་རང་གི་ཉེས་པ་འདི་རེད་ཅེས་ཁྲིམས་ཐོག་ནས་གཏན་འབེབས་མ་བྱས་པར་དུ། ཁྱོད་ཚོ་སྒོར་གཅིག་ཀྱང་སྟེར་རྒྱུར་གྲྭ་སྒྲིག་ང་རང་ལ་རྩ་བ་ནས་མེད་ཅེས་ཞུས་པ་ཡིན།
དེ་དུས་མི་དེས་ཁོང་ཁྲོ་དང་བཅས་འདི་ནི་ང་ཚོའི་རྒྱལ་ཁབ་རེད། ཁྱེད་ཅག་འཁྱམས་སྤྲང་ཚོའི་གནས་ཚང་མ་རེད་ཅེས་འཇིགས་རྔམ་གྱིས་བཤད་པ་དང་ང་རང་ལ་སྐད་ཆ་བཤད་འཕྲོ་གང་ཡང་བཤད་དུ་མ་བཅུགས་པར། ཕྱིར་འོག་ཁང་གི་བཀག་བསྐྱིལ་ཁང་ནང་དུ་བཅུགས་སོང་། ཁོས་བཤད་འཕྲོས་ལ་ཉན་ན་ཁོང་ཚོས་ལས་ཁུངས་ནས་ང་རང་ལ་ཁྲིམས་འདི་ཐག་གཅོད་བྱས་པ་རེད་ཟེར་ནས་བདེན་དབུང་གི་ཡི་གེ་གང་ཡང་མེད་པར། བར་ནས་སྒོར་མོའི་ཉེས་ཆད་ཁུར་དུ་བཅུགས་ནས་གཏོང་འདོད་པ་དེ་རེད་འདུག དེ་ལྟར་ལེགས་འགྲུབ་མ་བྱུང་སྟབས། ཁོ་རང་གིས་ང་རང་ལ་འཇིགས་རྔམ་བསྟན་ནས་ཁྲིམས་ཁང་གི་ཐག་གཅོད་མ་བྱས་ཐབས་མེད་ཡིན་པ་ངེས་ཟིན་ཐོབ་པ་ལྟར། འགྲིག་གི་རེད། ང་ཚོས་བལྟས་ཆོག་ཟེར་བ་དང་འདྲ་བར་ང་ལ་སྡུག་ར་སྐུལ་བ་དེ་རེད། དེ་དུས་བར་ནས་མི་ཞིག་གིས་ང་རང་ལ་ཁྱོད་ཀྱིས་ང་ཚོས་བཤད་པ་ཉན་ནས། སྒོར་ཆད་དེ་དག་སྤྲད་ན། ཁྱོད་རང་གི་ནག་ཉེས་དག་གི་རེད་ཟེར་ནས་སྐད་ཆ་ཞིག་བཤད་པར་འབད་བརྩོན་བྱས་ཀྱང་། མི་དེས་རྣམ་འགྱུར་ངན་པའི་སྒོ་ནས་མི་དེ་ལ་ངར་སྐད་བཅས་ང་རང་འོག་ཁང་དུ་བཏང་སོང་།
དེ་རིང་ནི་ང་རང་འདིར་བཅུགས་ནས་ཉིན་ཉེར་ལྔ་དེ་ཡིན་ལ། དེ་རིང་ཕྱི་དྲོ་ནས་ཁོང་ཚོས་ལས་ཁུངས་ཉིན་གཅིག་དང་ཕྱེད་ཀའི་རིང་དུ་ངལ་གསོ་ཡིན། འདིའི་རིང་དུ་ཁྲིམས་ཐོག་དུ་ཁྲིད་མ་ཐུབ་པར་གཅིག་བྱས་ན་ང་རང་ཁྲིམས་ཐོག་ལ་མུ་མཐུད་དུ་མི་བསྐྱེལ་བར་བཙོན་ཁང་དུ་འཇུགས་སྲིད་པ་ཡིན། ང་རང་ལ་ཁྲིམས་ཐོག་ནས་ཐག་གཅོད་ལྟར་བཙོན་ཁང་དུ་བཅུགས་པ་ཡིན་ན། དེ་ལ་ང་རང་གིས་སྔ་ནས་དྭང་ལེན་བྱེད་རྒྱུར་གྲྭ་སྒྲིག་ཡོད་ཀྱང་། མི་འདི་དག་གིས་བྱེད་སྟངས་ལ་བལྟས་དེ་འོང་དུས། རྒྱལ་ཁབ་འདིའི་ལས་ཁུངས་དུ་ཁྲིམས་བརྩི་སྲུང་གིས་མི་ལ་ཐག་གཅོད་བྱེད་མཁན་ཞིག་གཏན་ནས་མེད་པར། སྒོར་མོ་ལས་གཏན་ནས་སུ་ཡང་ངོ་མི་ཤེས་པའི་ལས་ཁུངས་ཤིག་རེད་འདུག་སྙམ་པ་དེ་ངོས་སུ་མཐོང་དུ་བཅུགས་སོང་།
གང་ལྟར། ང་རང་གཏན་ནས་བློ་འགྱོད་མེད་པ་ནི། བཙོན་ཁང་དུ་བཅུགས་ན་རེད། ཁ་གཞན་ལ་གཡར་ནས་སྐྱོན་འཛུགས་བྱས་ན་རེད། ཁྲིམས་ཐོག་རང་གིས་ཐག་གཅོད་མ་བྱུང་བར་དང་ཁྲིམས་ཐོག་ནས་ཁྱེད་རང་གིས་ནག་ཉེས་འདི་ཡིན་ལ། དེ་ཡི་ཉེས་ཆད་དུ་སྒོར་མོ་འདི་སྟེར་དགོས་ཞེས་ཁྲིམས་ཐོག་གི་ཡི་གེ་མ་སྤྲད་པར་ང་རང་གིས་གཞན་གྱིས་རྔུལ་ཁྲག་བཙག་ནས་དཀའ་ཚེགས་ཁྲོད་ནས་བསགས་དེ་འོང་བའི་སྒོར་མོ་གཅིག་ཀྱང་མི་འདིའི་རིགས་ལ་གཏན་ནས་འཕྲོད་པར་གྲྭ་སྒྲིག་རྩ་ནས་མེད་པ་དེ་ཡིན། དེ་ཡིན་དུས་བོད་རིགས་སུ་ཞིག་གིས་ངའི་ཆེད་དུ་སེམས་ཁྲལ་གནང་མི་དགོས་ལ། ང་རང་ལ་ཡག་ཉེས་གང་བྱུང་ནའང་ཁྲིམས་ཐོག་གི་ཉེས་པ་དང་ཡི་གེ་ང་རང་གི་ལག་པར་མ་འབྱོར་དུ་ངས་འདི་དག་གི་ལྐོག་ཟ་རུལ་ངན་གྱིས་བྱ་སྤྱོད་འདི་ལ་དྭང་ལེན་གཏན་ནས་བྱེད་མི་སྲིད་པ་ཡིན།
མགྱོགས་མྱུར་ངང་དུ་བལ་ཡུལ་བཀག་བསྐྱིལ་ཁངནས་ཤར་མར་སྤེལ། ༡༥།༦།༡༢
ཡ་ཡ། ཁྱེད་ཀྱི་འཆར་གཞི་དོན་སྙིང་ལྡན་པ་རེད་འདུག དེ་རང་ལ་ཤུགས་རྒྱོབས། དེ་ཡང་གྲུབ་འབྲས་ཤིག་རེད། ཁྱེད་རྒྱལ་ལོ།།
བོད་ཀྱི་ཞི་བའི་འཐབ་རྩོད་པ་ཚེ་བརྟན་རྡོ་རྗེ་ལ་རྗེས་སུ་ཡི་རངས་ཡོད། རྨོག་རུ་བསྟན་པ་ཟེར་བའི་གདན་སའི་གདོན་རྫས་འདི་ཚོ་གུས་བཀུར་མེད།རྒྱུ་མཚན་ཁོས་ལྷོ་ཕྱོགས་ཕོ་ཉའི་སྒྲིག་འཛུགས་ཚང་སྒེར་ཟས་སྒེར་གཅོད་བྱེད་དེ་སྐབས་དེའི་ལས་བྱེད་རྣམས་གླ་ཆ་སོགས་མ་སྤྲད་པར་དཀའ་ངལ་ལྷུང་བཅུག་ཡོད་པའི་ལོ་རྒྱུས་མང་བོ་ཡོད།ལྷག་པར་ཨུ་རུ་སུ་ལ་སོང་ནས་བླ་བརྫུས་བྱས་ཏེ་དངུལ་བསྡུ་རུབ་བྱེད་པའི་པར་དང་གནས་ཚུལ་གསལ་བོ་ཡོད།
བལ་ཡུལ་གཞུང་ལ་ཁྲིམས་དང་ངོ་ཚ་ཞིག་ག་པར་ཡོད་རེད། བལ་ཡུལ་གྱི་སྣ་རིང་པོ་དེ་ཚོས་རྒྱ་ནང་བཞིན་བརྙས་བཅོས་གཏོང་གི་རེད།
དེ་རིང་གི་གཏམ་འདི་ངོ་མ་ཡག་གི། གཏམ་ཉུང་དོན་ལྡན་ཞིག་གིས་བལ་དམག་ཐབས་ཟད་དུ་བཅུག་འདུག་པ་དེ་འདྲ་དགོས་བ་རེད། ཤུགས་རྒྱོབ། ཁྱི་རྒན་དེ་ཚོ་ལ་ལས་རྒྱུ་མང་པོ་ཡོད་པ་ཤེས་ཡོད།
ཡ་ཡ་་་་་་་་་་་་་་་་་་་་་ད་དེ་རེད་་་་་་་་་་་་་སྐྱག་ལོང་ཤོར་ཚར་རེད་་་་་་་་་་་་་་་་་་སྒོར་མོ་མ་སྤྲད་པར་མི་བཏང་རྒྱུ་ངས་ཁག་ཐེག་ཐུབ། ་་་་་་་་་་་་་་་་ཡིན་ན་ཡང་ཕོ་རྒོད་གླིང་ཚ་བུ་ཁྱོད་རང་ནས་གང་ལྟར་བསམ་གཞིག་གནང་དགོས་རེད་་་་་་་་་་་་་གླེན་པ་ཨུ་ཚུགས་རང་མ་གནང་ན་བསམ་བྱུང་།
ཁྲིམས་ལུགས་འགལ་ན་དངུལ་ལམ་དངུལ་གྱི་ཆབ་ཏུ་བཙོན་འཇུག་བྱེད་རྒྱུ་ལུགས་མཐུན་རེད། དངུལ་སྤྲད་ན་ཡག་པོ་རེད།