རྨ་དུག་ལྕེ།
དེ་རིང་སྔ་མོ་ནས་གཉིད་སད་བྱུང་། སད་མ་ཐག་ཏུ་ཁ་སང་དེ་རིང་གི་བཙན་བྱོལ་བའི་མཁའ་དབུགས་ལ་རང་བཞིན་གྱིས་བསམ་བློ་ཞིག་འཁོར་བྱུང་། འདི་དེང་སྐབས་རྒྱུན་ལྡན་དུ་འབྱུང་བཞིན་པའི་སྣང་ཚུལ་ཞིག་རེད། ཉེ་ཆར་གྲོགས་པོ་ཞིག་གིས་སྐད་འཕྲིན་བརྒྱུད་ནས་དྲྭ་ཐག་ཅིག་བསྐུར་འདུག་པ་དེར་ཕྱིར་དྲན་བྱས། དེ་ནི་<བོད་ཀྱི་དུས་བབ་>གསར་ཁང་དུ་ཨ་ཇོ་བསོད་ནམས་སྟོབས་རྒྱལ་ཟེར་བ་ཞིག་གིས་རྩོམ་ཡིག་ཅིག་སྤེལ་བའི་འབྲེལ་ཐག་རེད། དེ་རུ་ཐེངས་འདིའི་བྱང་ཨ་རིའི་སྐུ་ཚབ་འཕོ་འགྱུར་སྐོར་ལ་འདི་ལྟར་བྲིས་འདུག ‘‘ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་དེ་སྔོན་ནས་ཨ་རིའི་དོན་གཅོད་ལ་ཐེངས་གཅིག་བསྐོས་ཟིན་པ་རེད། དེ་ནི་ཁོང་རང་གིས་བཀའ་བློན་ལས་ཡུན་རྫོགས་རྗེས་ཨ་རིའི་དོན་གཅོད་ཡིན་སྐོར་ལས་ཁུངས་ནང་བཤད་ནས་ལས་ཁུངས་ནས་ཁོང་ཕེབས་སྐྱེལ་གྱི་གསོལ་སྟོན་ཡང་བཤམས་ཟིན་པ་རེད། དེའི་སྐབས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མས་ཀྱང་རང་ཉིད་ལྡི་ལི་དོན་གཅོད་ཡིན་ཟེར་ནས་ནང་ཆས་འགའ་ཤས་ཀྱང་ལྡི་ལི་དོན་གཅོད་ལ་བཏང་ཟིན་པ་ལྡི་དོན་ལས་བྱེད་མང་པོས་ཤེས་ཀྱི་ཡོད་པ་རེད། དངོས་གྲུབ་ཚེ་རིང་དང་རྒྱ་རི་སྒྲོལ་མ་གཉིས་ནི་སྲིད་སྐྱོང་བློ་སེང་གི་འོས་ཤོག་ལ་རྒྱབ་སྐྱོར་བྱེད་མཁན་འོས་བསྡུའི་གར་སྟེགས་ཐོག་དངོས་སུ་འཐོན་མཁན་གྱི་མཐོ་རིམ་མི་སྣ་གཉིས་རེད།”
ངས་རྩོམ་ཡིག་འདི་ཡང་ནས་བསྐྱར་དུ་བལྟས། སྙིང་ལ་ཙག་ཤད་རྒྱུག་ཀྱང་མུ་མཐུད་ནས་བཀླགས་པ་ཡིན། ‘‘བཀའ་ཤག་གིས་དང་པོ༧གོང་ས་མཆོག་གི་མཚན་གནས་མི་དགོས་པར་རང་རྐྱ་ཐུབ་པའི་དོན་གཅོད་ཁང་ཞིག་འཛུགས་ཐབས་ལ་ཚོད་ལྟ་བྱས་པ་རེད། དེ་མཚམས་དགའ་ལྡན་ཕོ་བྲང་ནས་ཨ་རི་དང་། ཡོ་རོབ། ལྡི་ལི་བཅས་སོ་སོར་སྐུ་ཚབ་ལོགས་སུ་བསྐོ་རྒྱུའི་སྐད་ཆ་བྱུང་མཚམས་སུ་ས་གནས་སོ་སོའི་གཞུང་སྒེར་གྱི་མཐོ་རིམ་སྒྲིགས་འཛུགས་དང་མི་སྒེར་ཚང་མས་དེར་ཐུགས་སྣང་གནང་པར་བརྟེན་གཞུང་གི་དོན་གཅོད་རང་རྐྱ་འཕེར་ཐབས་མེད་པ་གསལ་པོ་ཆགས་མཚམས་ལྡི་ལི་དང་ཨ་རིའི་དོན་གཅོད་གསར་བསྐོའི་བཀའ་རྒྱ་ཕྱིར་བསྡུ་བྱས་ཏེ་གཞི་ནས་དགའ་ལྡན་ཕོ་བྲང་ལ་གོ་བསྡུར་ཞུས་པ་རེད། དགའ་ལྡན་ཕོ་བྲང་དང་གོ་བསྡུར་རིམ་པར་བྱས་མཐར་ལྡི་ལི་དོན་གཅོད་དུ་བདེ་སྲུང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་དང་། ཨ་རིའི་དོན་གཅོད་ལ་ཚོགས་ཟུར་སྤེན་པ་ཚེ་རིང་གཉིས་ཐུན་མོང་ཐག་གཅོད་ཀྱིས་བསྐོས་པ་རེད།”
གོང་གི་ཚིག་དུམ་འདི་མཐོང་མ་ཐག་ང་རང་དབང་མེད་པར་མལ་ལས་ལྡང་། ཅིའི་ཕྱིར་ལྡང་དགོས་པ་མ་ཤེས་མོད། གང་མགྱོགས་ཀྱིས་ཁྲུས་ཁང་དུ་ཕྱིན་ཏེ་གདོང་ལ་ཆུ་སྤར་མོ་འགའ་གཏོར་རྗེས། སྒེའུ་ཁུང་ཕྱེས་ནས་རླུང་བུ་བགམས་པ་ཡིན། ད་ནི་དངོས་གནས་བཙན་བྱོལ་བའི་ཁ་ལ་རླུང་བགམ་རྒྱུ་ལས་ལྷག་མེད་པའི་ཚོར་སྣང་བྱུང་། ཆུ་འཁྱག་ཁམ་འགའ་བཏུང་རྗེས་སླར་ཡང་བསམ་གཞིགས་བྱས། རེ་བ་དང་དོགས་པ་སེམས་ནང་ནས་མེ་ལྕེ་བཞིན་མཆེད་པར་གྱུར། སྲིད་སྐྱོང་མཆོག་ནས་སྤེན་ཚེར་ནག་ཉེས་ཚབས་ཆེན་ཞིག་མེད་ཚེ་འདི་ལྟར་རྒྱང་འཕུད་གཏོང་སྲིད་དམ། བཙན་བྱོལ་གཞུང་གི་དཀྱིལ་འཁོར་ལས་མཐར་སྐྲོད་གཏོང་སྟངས་ལ་གཞིགས་ན་ནག་ཉེས་ཚད་ལས་བརྒལ་བ་ཞིག་བཟོས་པ་མིན་ནམ། མ་གཞི་དེ་ལྟ་བུའི་ནག་ཉེས་ཤིག་བསགས་རྒྱུ་ཡོད་དམ། ༧གོང་ས་མཆོག་གིས་ཕྱི་གསལ་ནང་གསལ་ཤེལ་གྱི་གོང་བུ་བཞིན་བསྐྲུན་པའི་ང་ཚོའི་གཞུང་འདིས་དེང་སང་མག་མོག་དང་རབ་རིབ་ཀྱི་གསལ་བཤད་བྱེད་དགོས་དོན་ཅི་ཡིན་ནམ། ངས་གློ་བུར་དུ་ཝུ་ཆང་དྲན་བྱུང་། ཕངས་པ་ཞིག་ལ། ད་དུང་ནམ་གསལ་མི་འདུག་པས། ང་མུ་མཐུད་དུ་བསམ་གཞིགས་ཀྱི་ནང་དུ་ཐིམ་དགོས་བྱུང་།
གལ་ཏེ་སྤེན་ཚེར་ནག་ཉེས་ཤིག་ཡོད་ན་ངེས་པར་དུ་གསལ་བོ་བཟོ་དགོས་ཀྱི་འདུག དེ་མིན་བཀའ་ཤག་གིས་ནག་ཉེས་ཤིག་ཡོད་མདོག་མདོག་བྱས་ན་ཕྱོགས་གཅིག་ནས་ཆེད་དུ་བོད་པ་ནང་ཁུལ་དཀྲུག་བཞིན་པར་མཐོང་གི་འདུག་ལ། ཕྱོགས་གཞན་ཞིག་ནས་མི་མང་གཞུང་ལ་ཡིད་ཆེས་མེད་པ་བཟོ་བཞིན་འདུག་པར་སྙམ། བཀུར་འོས་སྲིད་སྐྱོང་མཆོག་ནས་འདི་ལ་དགོངས་པ་བཞེས་ཡོད་ངེས་ན་འདི་ལྟར་བྱེད་དོན་ཅི་ཡིན་ནམ། རྒྱ་ནག་ལ་དགོས་མཁོ་སྒྲུབ་ཀྱི་ཡོད་དམ། བྱང་ཨ་རིའི་སྐུ་ཚབ་འཕོ་འགྱུར་ཐད་བོད་གཞིས་བྱེས་གཉིས་ཙམ་མ་ཟད། ད་དུང་རྒྱ་རིགས་དང་ནུབ་གླིང་བ་མང་པོས་དོ་སྣང་བྱེད་ཀྱིན་པ་བཀའ་ཤག་གིས་མཐོང་ཡོད་ངེས། དེ་རིང་གནམ་གཤིས་ཀྱང་མི་བཟང་མོད། བར་ཁྱམས་ནས་ལངས་ཏེ་རྒྱང་རིང་གི་གནམ་སའི་བར་མཚམས་ཀྱི་སྤྲིན་ཚོགས་ལ་ཡུན་རིང་གྱེར། སེམས་ཁམས་ལ་དྲོད་ཐིགས་ཤིག་རྒྱས་མ་ཐུབ། གལ་ཏེ་སྤེན་ཚེར་བཀའ་ཤག་ནས་བསྒྲགས་པའི་ནག་ཉེས་དེ་ལས་མེད་ཚེ། སྲིད་སྐྱོང་མཆོག་གིས་ཆེད་དུ་དགའ་ལྡན་ཕོ་བྲང་ལ་དམག་སྣ་དྲངས་པ་མིན་ནམ། སྤེན་ཚེ་དང་འབྲོང་ཆུང་དངོས་གྲུབ་གཉིས་ལ་མཚོན་ན་༧གོང་ས་མཆོག་གིས་བཀའ་ཤག་ལ་རེ་སྐུལ་བྱས་ནས་བསྐོས་པ་ཡིན་པས། ཐེངས་འདིའི་དམག་འཁྲུག་ཁྲོད་དགའ་ལྡན་ཕོ་བྲང་གི་ཕྱག་གཡོན་པ་དགྲ་ལ་ཤོར་བ་མ་རེད་དམ། འོ་མ་རེད། སྲིད་སྐྱོང་ལ་ཤོར་བ་མིན་ནམ། ད་ངོ་མ་མགོ་རྙོག་སོང་།
“གསལ་བཤད” “གསལ་བཤད” “གསལ་བཤད” ངས་ཆིག་ལབ་རྒྱག་བཞིན་སྒེའུ་ཁུང་ལ་ཁུ་ཚུར་འགའ་གཞུས་པས། བསྟན་འཛིན་དབྱངས་གསལ་གཉིད་སད་ནས་ངུས་བྱུང་། མོ་ངུས་པས་ངས་སྒེའུ་ཁུང་ལ་ཁུ་ཚུར་གཞུས་པ་ད་གཟོད་ཚོར་བྱུང་།
མི་གཅིག་ལ་ངོ་དེབ་དང་སྐད་འཕྲིན་ལྔ་དྲུག་ཡོད་པ་ཏག་ཏག་གིས་དམིགས་ཡུལ་ཆེན་པོ་ཞིག་གྲུབ་པ་ལྟར། དྲྭ་སྒང་ན་རྒྱབ་ལྗོངས་དང་གནས་ལུགས་མེད་པར་ཟང་ཟིང་ལང་ལོང་བྱེད་ཀྱིན་འདུག སྤེན་ཚེར་བཅར་འདྲི་ནམ་བྱུང་བའི་ཚེ་ན། ཁོང་གིས་གཟབ་ནན་ངང་སྔར་གྱི་འོས་བསྡུའི་སྐབས་བཞིན་མི་མང་ཟིང་ཆ་ལངས་མི་རུང་བའི་འབོད་སྐུལ་ཞུས་བྱུང་མོད། བཀའ་ཤག་གིས་འདིའི་སྐོར་ཟུར་ཙམ་ཡང་མི་གསུང་བ་ག་རེ་ཡིན་ནམ། དྲྭ་ཐོག་གི་མིང་རྫུན་ཅན་གྱི་དྲྭ་འབུ་དེ་དག་གིས་བཀའ་ཤག་གི་བཀའ་སྲུང་བ་ཡིན་ནམ།
ཨ་ཁ། ད་ངོ་མ་ཉོབ་སོང་། ཞོགས་ཟས་ཀྱང་མ་ཟོས་པར་བུ་མོ་བྱིས་གཉོར་ཁང་ལ་བཅོལ་རྗེས་ཝུ་ཆང་ལྕགས་ཀྲིན་འགའ་ཉོས་ནས་ཕྱིར་ལྡོག་པ་ཡིན། ལམ་བར་ནས་དུག་ཚོམས་དང་འབྲུག་མོའི་ཇ་མཁར་གཉིས་ལ་མིག་ཉུལ་ཞིག་བྱས་ཀྱང་ཚོར་བ་རྦད་དེ་མི་འདུག ནང་དུ་བསླེབས་རྗེས། ངས་བྱང་ཆ་དོད་པོས་ཝུ་ཆང་གཅིག་གི་ཁ་ཕོག་སེར་ཕྱེས་ཏེ་རྔམ་འཐུང་འགའ་བྱེད་བཞིན་སླར་ཡང་བསམ་གཞིགས་བྱས། བཀའ་ཤག་གི་སྐུ་ཚབ་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་བཙན་བྱོལ་བོད་གཞུང་དང་༧གོང་ས་མཆོག་གི་སྐུ་ཚབ་ལས་ཐོགས་པར་བཀའ་ཤག་གི་ལོ་རྒྱུས་ནང་སྤྱད་མ་མྱོང་བའི་མིང་ཚིག་ཅིག་སྟེ་སྐུ་ཞབས་སྤེན་པ་ཚེ་རིང་ཟེར་དགོས་དོན་ཅི་ཡིན་ནམ།
གློ་བུར་དུ་ངས་སློབ་དཔོན་མཐོང་བ་དོན་ལྡན་མཆོག་དྲན་བྱུང་། ཧ་ཅང་དྲན་བྱུང་། ཁོང་གི་སྐུ་པར་ལ་ཅེར་ནས་ཡུན་ཙམ་བསྡད། ཆིག་ལབ་འགའ་ཡང་ཤོར་བ་འདི་ལྟར། “༧གོང་ས་མཆོག་སྐུ་ཉིད་དེང་སྐབས་ག་འདྲ་འདུག སྐུ་གཟུགས་བདེ་འམ། ཐུགས་སེམས་སྐྱིད་དམ། བཀའ་ཤག་གིས་བྱེད་སྟངས་དེར་སྐུ་ཉིད་མོས་མཐུན་ཡོད་དམ། སྤེན་ཚེ་བོད་གཞུང་གི་སྐུ་ཚབ་ཙམ་མ་ཟད་སྐུ་ཉིད་ཀྱི་སྐུ་ཚབ་ཀྱང་རེད། དགའ་ལྡན་ཕོ་བྲང་དགུན་གྱི་ཁུ་བྱུག་བཞིན་དུ་འདུག་དོན་ཅི་ཡིན། གསུང་མི་ཐུབ་པའི་དཀའ་ངལ་འདུག་གམ། ད་ལྟ་ང་ཚོར་དགོས་པ་དེ་དགའ་ལྡན་ཕོ་བྲང་གི་བསམ་ཚུལ་དངོས་དེ་རེད། གསུངས་དང་། ཁ་མི་གྲག་དོན་ཅི་ཡིན།” མགོ་བོ་ཤེད་ཀྱིས་གྱང་ལ་བརྡུངས་པས་ཏོག་ཙམ་མིན་ན་རང་ཉིད་སར་འགྱེལ་བྱུང་། “༧གོང་ས་མཆོག ཉེ་ཆར་སྐུ་ཉིད་ནས་བློས་འགེལ་ཆོག་པའི་མི་གཉིས་དེ་ཟམ་གདོང་དང་སྲིད་སྐྱོང་རྣམ་གཉིས་ཡིན་གསུངས་པ་མིན་ནམ། དངོས་གནས་ང་འཐོམས་པར་གྱུར། ང་ལ་བོད་གཞུང་ལས་སྐུ་ཉིད་གལ་ཆེ།” ད་དུང་ཆིག་ལབ་འདི་འདྲ་ཤོར། ་་་ ་་་
13/11/2017
ཨ་ལེ་ དུག་ལྕེ་ད་ཡིན་ན་ སྦལ་ལྕེ་ལ་འགྱུར་ཚར་བྱ། ཚོར་བ་ཆ་ཚང་ཞིག་ཕྱིར་སྟོན་ཐུབ་མི་འདུག རེ་བཞག་ས་ནས་ལུང་སྡུབ་སོང་ངོ
སྲིད་སྐྱོངས་ལ་ཤོར་བ་མ་རེད་གནང་བ་རེད།
་་་་་་་་་་ དངོས་གནས་ང་འཐོམས་པར་གྱུར། ང་ལ་བོད་གཞུང་ལས་སྐུ་ཉིད་གལ་ཆེ། ་་་་་་་
སྐད་ཆ་མང་བོ་ཞིག་འཕྲོས་ནས་འགྲོ་བཞིན་འདུག་པས་ཉུང་ཙམ་གསུང་ན་ཡག་པོ་འདུག འབབ་ས་ངོ་མ་དེ་གཡུགས་ནས་གཞན་ཞིག་བཤད་ཀྱིན་བསྡད་ན་སྐབས་དོན་འཆོར་བའི་ཉེན་ཁ་འདུག གཞི་འཛིན་ས་ངོ་མ་དེ་བསྔོགས་ནས་བཤད་ན་ཡག་པོ་འདུག ཁྱེད་པར་དུ་ཕྱོགས་ཁག་བསྒྲིགས་ནས་སྐད་ཆ་བཤད་སྟངས་དེ་དེ་བས་ཀྱང་ཡག་པོ་མི་འདུག དཔྱད་བརྗོད་པ་སུ་ཡིན་ཡང་བདེན་དཔང་དང་མཉམ་དུ་སྦྱར་ནས་འབྲི་དགོས་པ་དེ་ཡང་གལ་ཆེན་པོ་རེད་སྙམ། དེ་ལྟར་བྱས་ན་ཁྲིམས་དང་མཐུན་པ་དང་ཁྲིམས་ཐོག་ནས་འགན་ལེན་བྱེད་ཐུབ་པར་ཕན་ཐོག་ཡོད་རེད། དེ་མིན་ཚོད་དཔག་ཙམ་ལ་ཆ་འཇོག་བྱེད་མི་ཐུབ་པས་འུར་བརྗོད་རིང་ལུགས་པ་ཚོས་སྤྱི་ཚོགས་དཀྲུགས་པ་ལས་ཕན་ཐོག་མི་འདུག་གོ།། དོན་དངོས་འདི་སུ་ཞིག་གིས་བདེན་དཔང་བྱེད་ཐུབ་བམ།
རྩོམ་ཡིག་ནི་སྤྱི་ཚོགས་ཀྱི་འཚོ་བ་དངོས་ལས་བྱུང་ཞེས་པ་ལྟར། སྤྱི་ཚོགས་ཀྱི་འཚོ་བ་དང་མི་བུ་སྒེར་གྱི་སེམས་ཚོར་གསལ་སྟོན་གྱི་རྩོམ་ཡིག་ཧ་ཅང་ཡག་པོ་བྲིས་འདུག ང་རང་ཉིད་ལ་མཚོན་ནའང་སེམས་ཚོར་དེ་འདྲ་བྱུང་། འོན་ཀྱང་སྐུ་ངོ་སྤེན་ཚེ་མཆོག་གིས་སྤྱི་ཚོགས་ལྷིངས་འཇག་ཡོང་རྒྱུར་འབད་བརྩོན་གནང་བར་བརྟེན་སེམས་པ་སྣན་ནས་བསྡད་ཡོད། སྲིད་སྐྱོང་བློ་སེང་གིས་ཁོ་པ་རྗེས་སུ་བསྐྱར་དུ་སྲིད་སྐྱོང་ལ་ཡོང་རྒྱུ་མེད་བསམ་ནས་གང་བྱུང་མ་བྱུང་དྲན་ཚད་བྱས་ནས་མདོར་ན། བོད་དང་བོད་མི་རིགས། ལྷག་པར་དུ་༧གོང་ས་མཆོག་དང་གཞིས་ལུས་རྒྱ་ཆེའི་མི་མང་ལ་འགན་འཁུར་བཞེས་ཀྱི་མི་འདུག རྐང་བཙུགས་ནས་སྤྱི་ཚོགས་ཟང་ཟིང་བཟོ་ཡི་འདུག
ངོ་མ་བློ་ཕམ་ཡོད། གཉིད་མི་ཁུག་གནས་སྟངས་ཡོང་གི་འདུག ༧གོང་ས་མཆོག་ག་རེ་དགོངས་ཀྱི་ཡོད་དམ་སྙམ་ནས་ང་རང་དངོས་གནས་སེམས་ཁྲལ་འདུག བློ་སེང་། ཁྱོད་ཀྱིས་རྫུན་བཤད་རྒྱུར་ཚད་མེད་ནའང་། མི་མང་གི་བཟོད་པ་ལ་ཚད་ཡོད་རེད་ད་་་་
སྤེན་ཚེར་ལགས་སུ།
་་་་་་་་་་ འོན་ཀྱང་སྐུ་ངོ་སྤེན་ཚེ་མཆོག་གིས་སྤྱི་ཚོགས་ལྷིངས་འཇག་ཡོང་རྒྱུར་འབད་བརྩོན་གནང་བར་བརྟེན་སེམས་པ་སྣན་ནས་བསྡད་ཡོད། ་་་་་་་
བློ་སེང་ལགས་སུ།
་་་་་་་་་ བློ་སེང་། ཁྱོད་ཀྱིས་རྫུན་བཤད་རྒྱུར་ཚད་མེད་ནའང་། མི་མང་གི་བཟོད་པ་ལ་ཚད་ཡོད་རེད་ད་་་་་
་་་་་་་་་#5 ནོར་བུ། ་ལགས་ཀྱིས་སྤེལ་དོན།:
November 15th, 2017 at 3:07 pm
རྩོམ་ཡིག་ནི་སྤྱི་ཚོགས་ཀྱི་འཚོ་བ་དངོས་ལས་བྱུང་་་་་་་་་་་་་་
དེ་བཞིན་ནོ།