གཅན་བཟོད་རྒྱམ།
————-
ཕ་ཡུལ་ཡུལ་ཤུལ་དུ་ས་ཡོམ་བརྒྱབས་པའི་ཉིན་གུང་དེར་རྡ་ས་ནས་གྲོགས་པོ་ཞིག་གིས་ཁ་པར་ལས་དེའི་སྐོར་གྱི་གནས་ཚུལ་གོ་བྱུང་། སྐབས་དེར་ང་ཏག་ཏག་ཧ་རི་དྭར་(Haridwar )ཞེས་པའི་ཕྱི་རོལ་བ་འབུམ་ཕྲག་འཛོམས་པའི་གནས་དེར་ཡོད། ཉིན་དེ་ནི་མི་ལོ་བཅུ་གཉིས་རེར་ཚོགས་ཆེན་པོ་ཐེངས་རེ་གཏོང་བའི་དུས་ཚིགས་དང་འཁེལ་བས་ཕྱི་རོལ་གཅེར་བུ་དང་ཧིན་དྷུའི་ཆོས་བྱེད་མི་སྣ་ཁྲི་ཕྲག་དང་མི་དམངས་འབུམ་ཕྲག་གཉིས་དང་ཕྱེད་ལྷག་འདུས་སོང་ཟེར། ཉིན་དེར་ཚ་བ་རབ་ཏུ་ཆེ་ཞིང་མི་ཚོགས་ཀྱིས་འཚང་ཁའི་བར་ནས་དབུགས་ཀྱང་གཏོང་ལེན་དཀའ་བར་འདུག་ལ། མིག་གིས་མཐོང་མ་མྱོང་ཞིང་རྣ་བས་ཐོས་མ་མྱོང་བའི་བྱ་དངོས་དེ་ཚོ་དབང་པོ་ལྔ་ལས་ཡང་ཡང་འཛུལ་འོང་ན་ཡང་། ཁ་པར་ལས་གོ་བའི་སྐད་ཆ་དེ་དག་ནི་ཡང་ཡང་རྣ་ལ་གྲངས་ཤིང་མིག་གིས་ཀྱང་ཁང་བའི་བཤིག་རོའི་འོག་གི་རྒན་དར་བྱིས་གསུམ་ཚང་མ་མཐོང་འོང་བའི་སྣང་བ་ཞིག་ཡང་ཡང་སྟེར་ཞིང་། མཚམས་རེར་དེ་དག་གི་འོ་དོད་འབོད་པའི་སྒྲ་ལྟ་བུ་རེའང་རྣ་ལ་གྲགས་པའི་ཚོར་སྣང་སྦྱིན་འོང་གི གང་ལྟར་རང་སེམས་རང་གིས་གནོན་ཅི་ཐུབ་ཀྱིས་མིག་གིས་མཐོང་བ་དག་པར་རེ་ལེན་བཞིན་ཉིན་མ་འཁྱོལ་ཐབས་བྱས་པ་ཡིན།
དགོང་མི་ཕྱིར་འདུག་གནས་སུ་སླེབས་མ་ཐག་གཟུགས་པོ་ཡང་མ་ཁྲུས་པར་དྲ་རྒྱ་བསྔོགས་པ་ཡིན། དུས་བབ་དྲ་ངོས་ནས་སྐབས་དེར་མི་སུམ་བརྒྱ་ནས་བཞི་བརྒྱ་ཙམ་འདས་གྲོང་སོང་སྐོར་དང་། ཁང་པ་བརྒྱ་ཆའི་བརྒྱད་ཅུ་བཤིག་སོང་བ་སོགས་མཐོང་མི་འདོད་ཅིང་ཐོས་མི་ནུས་པའི་གནས་ཚུལ་འདི་ཚོས་ང་ངུས་པ་ཡིན། རྡ་སར་ཁ་་པར་བཏང་ནས་སྐད་ཆ་རེ་དྲིས་ཀྱང་ཁོ་ཚོར་ཡང་དེ་ལས་ལྷག་ཅིག་བཤད་རྒྱུ་མི་འདུག
དེ་ནས་བཟུང་ཉིན་མ་རེ་དང་དུས་ཚོད་རེའི་དབར་ནས་ཡུལ་ཤུལ་ས་ཡོམ་སྐོར་གྱི་གནས་ཚུལ་དྲ་ལམ་གང་སར་མཐོང་རྒྱུ་འདུག་ཅིང་། མི་ཤི་རྨས་ཀྱི་གྲངས་ཀའང་ཇེ་མང་ནས་ཇེ་མང་དུ་འགྱུར་བཞིན་འདུག་པས་ན། སེམས་པ་བློང་བློང་བོར་གྱུར་ཅིང་བྱས་ཐབས་གང་ཡང་མེད་པའི་ངས་ནི། ད་ནི་མགྱོགས་པོར་རྡ་སར་འགྲོ་དགོས་སྙམ་པ་ལས་ཅི་ཡང་དྲན་མ་སོང་། རྡ་སར་སོང་ནས་ཅི་ཞིག་བྱེད་དམ། ཅི་ཡང་བྱེད་ནུས་ཀི་མ་རེད། ངས་རང་གི་འཆར་གཞི་ལྟར་གྱིས་ལས་ཀ་ཚར་མེད་ཅིང་མགྱོགས་པོར་རྡ་སར་སོང་ཡང་བྱེད་རྒྱུ་དམིགས་གསལ་ཅི་ཡང་མེད་པས་ན། གནས་དེར་མ་ཎི་འགའ་རེ་འདོན་བཞིན། དུས་བབ་དང་ཁ་བརྡ་དྲ་རྒྱ། མཚོ་སྔོན་བརྙན་འཕྲན་དྲ་རྒྱ་དང་མཉེན་བྱེད༼ Media video ༽སོགས་ལས་གནས་ཚུལ་ལྟ་ཀློག་བྱས་པ་ཡིན། གནས་ཚུལ་དེ་དག་དང་ལྷན་དུ་མིག་ཆུ་གཏོང་བ་ལས་ཅི་ཞིག་བྱེད་དགོས་པ་ཡང་ཤེས་མ་སོང་། རྡ་སར་ཁ་པར་རེ་བཏང་ཡང་སྐད་ཆ་འཇིག་ཡེར་བ་རེ་བཤད་པ་དེས་དེ་བས་ཀྱང་ང་བློང་བློང་བོར་བསྒྱུར་སོང་། སྐབས་འདི་འདྲ་ཞིག་ལ་ང་ལའང་སེམས་གསོ་བྱེད་མཁན་ཞིག་དགོས་པ་འདྲ་མོད། དྲ་ངོས་དང་མཉན་བྱེད་དག་ནི་སེམས་ཁམས་དཀྲིགས་བྱེད་ཁོ་ན་དེ་ཡིན་མོད། མ་བལྟས་ན་འདུག་མི་བཟོད་པའི་ཚོར་བ་དེ་བཀག་ཀྱང་མི་ཁོག་གི མནན་ཀྱང་མི་ནོན་གི གང་ལྟར་རྡ་སར་རྒྱུགས་སོང་ཡང་བྱེད་རྒྱུ་ཅི་ཡང་མེད་པས་ན་ངས་མུ་མཐུད་ནས་དྲ་རྒྱའི་གསར་འགྱུར་བཀླགས་བཞིན་རང་གི་འཆར་ལས་སྒྲུབ་པ་ཡིན།
ཉིན་མ་རེ་དང་དུས་ཚོད་འགའི་བར་གྱི་གསར་འགྱུར་དག་ལས་མུ་མཐུད་ནས་ཡུལ་ཤུལ་གནས་ཚུལ་ཇེ་མང་དང་ཤི་འདས་ཀྱི་གྲངས་ཀ་དང་རྨས་མའི་གྲངས་ཀ གང་ལྟར་མ་ཤི་སྐྱོན་བྲལ་དུ་ལྷག་བསྡད་ཡོད་པ་ལས་འདས་སོང་བ་དང་མགོ་རྐང་ལག་བཅག་སོགས་ཀྱི་གྲངས་ཀ་མང་བའི་ཚད་རེད་པས།
གདུག་རྩུབ་ཆེ་བའི་ས་འགུལ་དེས། ཕ་མ་ས་འོག་ཏུ་བཅུག་ཤུལ་གྱི་ཕྲུ་གུ་ཆུང་ཆུང་ཚོའི་ཁ་གནམ་ལ་སྐོར་སོང་། བུ་དང་ཚ་བོ་ཚ་མོ་འདས་ཤུལ་གྱི་རྒན་རྒོན་བདག་མེད་ཚོ་ཐང་ལ་བསྐྱུར་སོང་།
ཕ་མ་དང་གཅེས་བའི་བུ་ཕྲུག་འདས་ཤུལ་གྱི་ལོ་གཞོན་ཕོ་མོ་དག་སྡུག་ལ་སྦྱར་སོང་། ཨ་མའི་མངལ་ན་སྐྱིད་ཅིང་བདེ་བར་སྡོད་པའི་ཕྲུ་གུ་དེ་དྭའུ་ལ་བཏང་སོང་། ཨ་མའི་བྲང་ན་འོ་མ་འཐུང་བཞིན་པའི་གཅེས་ཕྲུག་དེ་དག་དང་། མ་ཤི་གསོན་བྲལ་མི་ནུས་པའི་མཛའ་བོ་མཛའ་མོ་དག་ཁ་ཁར་བྱས་སོང་། མདོར་ན་མཛེས་ཤིང་སྡུག་པའི་ཡུལ་ཤུལ་དེ། བདེ་ཞིང་སྐྱིད་པའི་ཁྱིམ་གཞིས་དག་ཐལ་བར་བརླག་སོང་ཨང་། ཡུལ་ཤུལ་གྱི་ནམ་མཁའ་ཐལ་རྡུལ་གྱིས་བཀབ་སོང་། ཡུལ་ཤུལ་གྱི་ས་གཞི་སྨྲེ་ངག་གིས་ཁྱབ་སོང་། ཀྱེ་མ། ས་འགུལ་བའི་རྗེས་ཀྱི་མིའི་འགུལ་སྟངས་འདིས་ང་ལ་དེ་བས་ཀྱང་བཟོད་ཐབས་མེད་པའི་སྡིག་བསྔལ་ཐོལ་བ་མང་པོ་ཞིག་སྦྱིན་བྱུང་ཡ། སྡུག་ཆེན་པོས་མནན་བྱུང་བས། མིག་ཆུ་ཡང་ཟད་སོང་པ་འདྲ། འདི་ནི་སྲིད་པ་བོད་ཀྱི་ཁ་དཔེ་ལ། “སྡུག་ལ་བརྗེད་རྒྱུ་མེད་ཀྱང་རྙིང་རྒྱུ་ཡོད།”ཟེར་བ་དེ་ཡིན་ནམ། ༼སྐབས་དེར་ང་ངུ་བཞིན་རང་གིས་རང་ལ་སེམས་གསོ་གང་མང་བྱས་པ་ཡིན། རྒྱུ་མཚན་ནི། ཏག་ཏག་སྐབས་དེའི་ ཁེར་རྐྱང་གི་ང་ལ་སེམས་གསོ་ཞིག་ཧ་ཅང་མཁོ་བས་ཡིན།༽
ཟླ་འདིའི་སྤྱི་ཚེས་༡༩་ཉིན་གྱི་ཞོགས་པར་རྡ་སར་འབྱོར་བ་དང་། ནང་དུ་སླེབས་མ་ཐག་མཚོ་སྔོན་བརྙན་འཕྲིན་ལ་བལྟས་པ་ཡིན། ཨ་ཧོ། དེ་རིང་ནི་ས་འགུལ་གྱི་གོད་ཆགས་བྱུང་སྟེ་ཉིན་ལྔ་དྲུག་ཅིག་འདས་ཟིན་པས་ན། ངས་དྲ་ལམ་ཁག་དང་མཉན་བྱེད་དག་ལས་མཐོང་ཞིང་ཐོས་པ་ལས་ཀྱང་བརྡབ་བརྒྱ་ཕྲག་གིས་འཇིགས་ཡེར་བ་དང་། སྐྱི་གཡའ་བ་ཞིག་རེད་ཨང་། མཛེས་ཤིང་སྡུག་པའི་ངའི་ཕ་ཡུལ་ཡུལ་ཤུལ་ནི་ཡོངས་སུ་འཇིག་ནས་འདུག ཡོངས་སུ་གཏོར་ནས་འདུག ཡོངས་སུ་བརླག་ནས་འདུག ས་འོག་ནས་ཤི་རོ་བརྒྱ་ཕྲག་བཏོན་ཏེ་ཕུང་བོ་ཞུགས་ལ་འབུལ་བའི་རྣམ་པ། མ་ཤི་རྒན་གཞོན་བྱིས་པ་འདོན་པའི་དགའ་འབོད། མགོ་རྐང་ལག་བཅག་བྱས་པའི་རྨས་མ་སྐྱོབ་པའི་བྲེལ་འཚུབ། ལག་ཟུང་ཐལ་མོ་སྦྱར་ཏེ་ཁ་ནས་མ་ཎི་འདོན་པ་དང་། རྐང་ལག་ས་ལ་བརྡབ་བཞིན་ཆོ་ངེས་གནམ་ལ་འདེབས་པའི་རྣམ་པ། ཀྱེ་མ། ཡུལ་ཤུལ་ཨ། ཡུལ་ཤུལ། སེམས་ནས་བཟོད་མི་ནུས་ཀྱང་མ་ཁར་སོ་བཏབ་སྟེ་མིག་ཆུའི་ཕྲེང་ཐག་ཆད་པ་ལས། ངས་ཁྱོད་ཚོ་འདས་གསོན་གཉིས་ལ་ཕན་པའི་བྱ་བྱེད་ཅི་ཡང་སྒྲུབ་ནུས་མ་སོང་ཨང་།
ཅི་ཡང་མི་ནུས་པའི་ངས་ས་མཐའ་འདི་འདྲ་ཞིག་ནས་ངུས་བསྡད་འདུག་ན་ལས་ངས་ཅི་འཇོན་མ་ཐུབ་ཐལ། ངའི་ཡུལ་ཤུལ་ཨ། ཡུལ་ཤུལ། དགོངས་པ་མ་ཚོམས་ལགས།
ཕ་ཡུལ་མི་དམངས་ཚོ་ས་གནས་སུ་སོང་ཏེ་ས་བསྐོ་རྡོ་སློག་རེ་བྱེད་རོགས་བྱེད་ཀྱིན་འདུག ངས་ས་སྤར་མོ་གང་དང་རྡོ་རྡོ་ལེབ་གཅིག་ཀྱང་སློག་ཅིང་ལེན་རོགས་བྱེད་ནུས་མ་སོང་།
ཕ་ཡུལ་མི་དམངས་ཚོས་རྩམ་མར་ཕྱུར་གསུམ་དང་ཕྱེ་དང་འཐུང་ཆུ། ཇ་དང་གོ་རེ་སོགས་སྐབས་མཁོའི་དངོས་རྫས་དག་བསྐྱེལ་དང་སྐྱེལ་བཞིན་འདུག་ཀྱང་། ངས་ས་མཐའ་འདི་ནས་ཅི་ཡང་བྱེད་ནུས་མ་སོང་། བརྒྱ་སྟོང་ཁྲི་འབུམ་གྱི་སྒོར་མོས་ཞལ་འདེབས་ཕུལ་དང་འབུལ་བཞིན་འདུག་ཀྱང་
ངའི་སེམས་ཀྱིས་ཧིན་སྒོར་འགའ་ཞལ་འདེབས་སུ་ཕུལ་བས་ཅི་ཞིག་ཕན་ཡོང་། མྱ་ངན་མཚོན་ཆེད་ཡིན་མདོག་གིས་ཡི་གེ་(སྙན་ངག་)ཚིག་འགའ་བྲིས་ཀྱང་ཅི་ཞིག་ཕན་ཡོང་། འདས་སོང་བའི་ཆེད་དུ་མ་ཎི་འགའ་བཏོན་པའང་། འདས་པོའི་གྲངས་ཀ་ལས་ལྷག་ཅིག་བཏོན་ཡོད་དམ། ཨ་ཧོ། ཅི་ཡང་མི་ནུས་པའི་ངས་ཅི་ཡང་མ་འཇོན་ཐལ། ཐ་ན་ངས་ལོ་མང་སྦྱངས་པའི་ཡི་གེ་འདི་ཚོས་ཀྱང་ཅི་ཡང་མ་འཇོན་ཐལ། ཕ་ཡུལ་ཡུལ་ཤུལ་གྱི་ཆགས་འཇིག་གསལ་བོར་མཚོན་པའི་ཡི་གེ་ཞིག་ཀྱང་སྦྱངས་མེད་པས། ངས་ཅི་ཡང་མ་འཇོན་ཐལ། དགོངས་དག་ཨང་དགོངས་དག ཡུལ་ཤུལ་གྱི་འདས་གསོན་མི་དམངས་ལ་དགོངས་དག་ཞུ། གཞིས་ལུས་རྒྱ་ཆེའི་བོད་མི་དམངས་ལ་དགོངས་དག་ཞུ། རང་ལོ་སུམ་ཅུར་འབུད་རག་ཏུ་ཡི་གེ་སྦྱངས་ཀྱང་གནད་འགག་དགོས་མཁོའི་སྐབས་འདི་འདྲ་ལ་ཅི་ཡང་ཕན་མ་སོང་ཨང་། ཕ་ཡུལ་གྱི་སློབ་ཆེན་པ་ཚོས་སྨན་ཁང་ན་རྨས་མར་ཞབས་ཞུ་ཇི་ལྟར་སྒྲུབ་བཞིན་འདུག ས་གནས་གྲོང་གསེབ་ཏུ་ཡོད་པའི་བྱིས་པ་ལོ་དགུ་ཅན་དེས་ཀྱང་ས་གནས་སུ་སྨན་པ་དང་རྨས་མར་ལོ་ཙཱས་ཞབས་ཞུ་ཇི་ལྟར་སྒྲུབ་བཞིན་འདུག་མོད། ས་མཐའ་ནས་ལོ་མང་ཡི་གེ་སྦྱངས་ཀྱང་། ཤ་དར་ཁྲག་རྒྱས་ཀྱི་བོད་མི་ངས་མི་ལ་ཁ་རྒྱག་བཤད་པ་ལས་ཅི་ཡང་མི་ཤེས་ཤིང་ཅི་ཡང་མི་འཇོན་པའི་ཁར། སྐབས་འདི་འདྲ་ལ་ཐུག་ཡོང་དུས། ཁྱོད་ཀྱིས་ཅི་ཡང་མ་འཇོན་ཏེ། ཐ་ན་དགྲ་བོ་ཡིན་ཟེར་བཞིན་པའི་ཏང་གི་དམར་སྲུང་དམག་མི་ཞིག་གི་བྱ་བྱེད་ཀྱང་སྒྲུབ་མེད་པས་ན། ཁྱོད་ཁྱི་ཁ་ཟུམས་ཤིག་ཅེས་རང་གིས་རང་ལ་སྡིགས་བཞིན་དུ། མིག་ཟུང་ལས་བཞུར་བའི་མིག་ཆུས་བརྙན་འཕྲིན་དྲ་ཡོལ་ཀྱང་རབ་རུབ་ཏུ་བསྒྲིབས་སོང་།
སེམས་ནས་སྐྱོ་བཞིན་ཡིད་ནས་ཕངས་བཞིན་དུ་ཡུལ་ཤུལ་གྱི་སྐྱི་གཡའ་ཞིང་ཡ་ང་བའི་གནས་ཚུལ་འབྲི་ཁུལ་ཙམ་བྱས་པ་ཡིན་ཏེ། ངས་ཤེས་པའི་ཡི་གེ་འདི་དག་གིས་ཡུལ་ཤུལ་གོད་ཆགས་ཀྱི་རྣམ་པ་མཚོན་ནུས་བྲལ་སོང་།
བཞི་བའི་༢༡་ཉིན་བྲིས་ཏེ་ད་ནངས་ཞོགས་པར་བཅོས།
ཁྱེད་ཀྱིས་སེམས་ཚོར་ཆེན་པོས་བྲིས་པ་ལྟར། སྐབས་དེར་ང་ཡི་སེམས་ཚོར་ཡང་སྐྱོ་སྣང་གིས་བརྒྱན་ཡོད། དེ་རྗེས་སྐྱོ་སྣང་སྙིང་སྟོབས་སུ་འགྱུར་བའི་མན་ངག་ལ་བསླབ་པས། དེང་སང་བསམ་སྦྱོར་གཉིས་ཀས་བོད་དོན་ཆེད་སྔར་བས་ལྷག་པའི་འབད་བརྩོན་བྱེད་བཞིན་ཡོད། ཁྱེད་ཀྱིས་ཀྱང་སྐྱོ་སེམས་སྙིང་སྟོབས་སུ་བསྒྱུར་ནས། བོད་སྤྱི་བའི་དོན་ལ་འབད་བརྩོན་གང་ཟབ་གནང་ན། བོད་མི་ཤི་གསོན་ཀུན་ཀྱི་རེ་བ་བཟང་པོ་འགྲུབ་ངེས།
བློ་མཐུན་བཟོད་རྒྱམ་ལགས་ཀྱིས་ངོ་མས་ཡག་པོ་བྲིས་གནང་འདུག་་་་ཐུགས་རྗེ་ཆེ།
གོད་ཆགས་འདིའི་སྐོར་ལ་ཆ་རྒྱུས་ཡོད་མེད་ཚང་མས་ཅིག་ཅིག་མིག་མིག་ཟེར་ནས། སྙན་ངག་ཡིན་ལ་མིན་ལ་མང་བོ་ཞིག་བྲིས་འདུག་ནའང་། ངའི་སེམས་ནང་ལ་སྐྱོ་སྣང་དེ་ཙམ་སྟེར་མ་མྱོང་། ཁྱོད་ཀྱི་མིག་ཆུ་དང་ལྷན་ཅིག་བཞུར་འོང་བའི་རྩོམ་རིང་འདིས་དེ་རིང་ཉིན་གང་བོར་ང་རང་ལ་སྐྱིད་ཅིག་ཡོང་མ་བཅུགས་ཐལ།
ང་རང་ཡང་ཧ་ཅང་བློ་ཕམ་བྱུང། ང་མ་ལེ་ཤན་ལ་བསྡད་ཡོད་གནས་ཚུལ་དེ་གོ་མ་ཐག་ རང་ལ་སྒོར་ཏོག་ཙམ་ཡོད་པ་དེ་ཞལ་འདེབས་སུ་ཕུལ་ཡིན། དེ་ནས་རང་དང་བློ་ཐག་ཉེ་བ་དེ་ཚོ་དང་མཉམ་དུ་སྨོན་ལམ་ཞིག་ཚོགས་ནས་མཆོད་མེ་གང་འགྲུབ་ཞིག་མཆོད་ཡིན། ཉིན་གཉིས་པ་ནས་སྲོག་བསླུ་རེ་དང་སྨོན་ལམ་འཚོགས་ནས་བསྡུད་ཡོད