དབྱིངས།
དེ་རིང་ཡང་དྲན་སྣང་ཞིག་གིས་ཁྲིད་དེ་རྡ་སར་འབྱོར་བྱུང་། ལོ་གཅིག་གི་རྗེས་ཀྱི་རྡ་ས་ཡང་ང་རང་ཉིད་དང་འདྲ་བར་ལོ་ཟླའི་འཕོ་འགྱུར་ཁྲོད་ཅུང་སྒུག་འདུག་པའི་ཚོར་སྣང་ཞིག་བྱུང་། རྡ་ས་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་བཞུགས་སྒར་ཡིན་པས། གནས་འདིར་མིང་གྲགས་ཅན་གྱི་འཛམ་གླིང་གི་མི་སྣ་མང་པོ་ཞིག་ཀྱང་རང་གི་དམིགས་ཡུལ་མ་འདྲ་བས་ཁྲིད་དེ་ཤོག་བུ་རླུང་གིས་བཏེགས་པ་ཇི་བཞིན་འཛམ་གླིང་ཤར་ནུབ་གང་ས་ནས་འཕུར་ཡོང་གི་ཡོད།
མིག་སྔར་རྡ་སའི་བོད་མི་ཚོའི་གནས་བབ་ནི། ལོ་འགའི་སྔོན་གྱི་རྡ་ས་དང་རྦད་དེ་འགྱུར་བ་ཐེབས་ཡོད། དེའི་རྒྱུ་མཚན་ནི། རྒྱ་ནག་གི་གུ་དོགས་པའི་ཆབ་སྲིད་ཀྱི་རྐྱེན་པས་བོད་ནས་གསར་དུ་འབྱོར་མཁན་ཉིན་རེ་ནས་ཉིན་རེར་ཇེ་ཉུང་དང་། བྱེས་སྡོད་མི་བོད་མི་ཚོ་རྒྱ་གར་ནས་བོད་དང་། ནུབ་ཕྱོགས་སུ་འགྲོ་མཁན་ལོ་རེ་ནས་ལོ་རེར་ཇེ་མང་དུ་སོང་བས་རེད། འོན་ཀྱང་། བོད་མི་ཉུང་དུ་སོང་བ་དེས་རྡ་སའི་མི་ཚོགས་ཉུང་དུ་སོང་མེད་ནའང་། ༧གོང་ས་མཆོག་ཕྱོགས་ཕེབས་གནང་བ་དེས་རྡ་ས་ན་ཅི་ཞིག་མ་ཚང་བ་ལྟ་བུའི་ཚོར་སྣང་ཞིག་ཤུགས་ཀྱིས་ཡོང་གི་འདུག
དེ་སྔོན་བོད་མི་ཚོས་བོད་པ་མེད་ན་རྡ་སའི་རྒྱ་གར་བ་ཚོར་དཔལ་འབྱོར་གྱི་ཡོང་འབབ་མེད་སྐོར་ཤོད་པ་གོ་མྱོང་མོད། མིག་སྔར་རྡ་སའི་རི་ངོགས་ན་སྔར་བས་ཀྱང་སྡོད་ཁང་གསར་པ་འཛུགས་སྐྲུན་གྱི་འགྲན་བསྡུར་མཐོང་རྒྱུ་ཡོད་པ་དེས་བོད་པའི་རང་མཐོང་ལ་ལན་ཟབ་མོ་ཞིག་བཏབ་ཡོད།
རྒྱུ་མཚན་ནི། སྤྱིར་རྡ་ས་འདི་༧གོང་ས་མཆོག་གི་བཞུགས་གནས་ཡིན་པ་དང་། གཉིས་ནས་ལོ་ཤས་གོང་ནས་རྡ་སར་རྒྱལ་སྤྱིའི་རང་བཞིན་ཅན་གྱི་དབྱིག་རྩེད་སྤོ་ལོའི་རྩེད་འགྲན་ཆེན་མོ་ཚུགས་པ་ནས། རྒྱལ་སྤྱི་དང་རྒྱལ་ནང་གི་བརྙན་འཕྲིན་མང་པོའི་ནང་དར་དཀར་ཐུར་དུ་དཔྱངས་པ་ལྟ་བུའི་དྭངས་གཙང་གི་རྦབ་ཆུ་དང་། སྟོད་ན་གངས་རི་དཀར་པོའི་གཟི་མདངས་བརྗིད་ཅིང་། བར་ན་ནགས་རི་ཕྱུག་མོའི་ཚང་ཚིང་སྟུག་པ། མཐའ་ན་སྤང་ལྗོངས་སྔོན་མོ་འཕྱུར་བའི་རྡ་སའི་རང་བྱུང་གི་མཛེས་སྡུག་དེས་ཚ་ཀློང་ན་ཡུན་རིང་ངལ་མྱོང་བའི་རྒྱ་གར་ལྷོ་ཕྱོགས་པ་དག་དང་། ཡུལ་དབུས་པ་ཚོར་རྒྱ་གར་རང་ན་ཡང་ནུབ་གླིང་གི་སིཝིསི་ཇི་བཞིན། དུས་བཞིའི་མཛེས་སྡུག་ལྷན་དུ་འཛོམས་པའི་འཇིག་རྟེན་གསར་པ་ཞིག་ཡོད་པའི་གོ་རྟོགས་བྱུང་སྟེ། མིག་གི་ལོངས་སྤྱོད་གསར་པ་དེའི་ཆེད་དུ་འཚང་ཀ་ཤིག་ཤིག་གིས་ཡོང་གི་ཡོད་པས། གྲང་རླུང་གིས་མཁུར་ཚོས་གཟེར་བའི་དགུན་གཞུང་འདིར་ཡང་རྡ་སའི་རི་སྒང་ན་ཡོད་པའི་ཡུལ་སྐོར་བ་ཕལ་མོ་ཆེ་ནི་གར་རང་གི་མི་རིགས་ཡིན།
དེ་བས་ཀྱང་རྡ་ས་ན་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། མི་ཚོགས་ཀྱི་འཚང་ཅི་བས་རྒོད་པའི་རླངས་འཁོར་འབབ་ཚིགས་ཀྱི་གཡས་གཡོན་ན་གསར་འབྱོར་བ་ཉམས་ཆུང་ཚོའི་འཚོ་བ་དག་མིག་ལ་མངོན་ཡོང་སྟེ། སྔོ་ཚོད་མོག་མོག་དང་། རྩམ་པ། ཨ་མདོའི་བག་ལེབ། རྒྱ་ནག་གི་ཚོང་ཟོག་ཙག་ཙིག་སོགས་རང་གི་འཇོན་ཚོད་དང་འཚམས་པའི་ཚོང་ལས་ལ་ཤ་ཐང་དུ་བྲེལ་བཞིན་པའི་སྣང་ཚུལ་དག་རེད། མིའི་འཚོ་གནས་ཀྱི་གདམས་ཀ་དང་། ལས་དབང་གི་ཁ་ཕྱོགས་ལ་རྒྱུས་མེད་པའི་བོད་མི་བསམ་མེད་འགས་འདི་དག་ལ་མཐོང་ཆུང་དང་ཟུར་ཟ་བྱེད་ཀྱིན་བདོག་མོད།
མི་ཞིག་གི་མི་ཚེའི་གོ་རིམ་ཁྲོད་འདི་དག་ནི་ཧ་ཅང་ཡི་རངས་བྱ་བའི་བརྒྱུད་རིམ་གལ་ཆེན་ཞིག་ཀྱང་ཡིན་པར་ཚོར་ཏེ། རྐང་མགོའི་ལྷམ་ཡང་ཟུར་ནས་རལ་ཞིང་། རྒྱབ་ཀྱི་སྟོད་ལྭ་མཆན་ནས་ཐེད་པའི་གསར་འབྱོར་བ་ཚོས་ཕ་ས་དྲོད་མོར་རི་ཆུ་སྟོང་གིས་བར་ཐག་ཆོད་པའི་ས་མཐའ་འདི་ནས་ཀྱང་། རང་གི་ལག་ཟུང་གིས་རང་གི་ལྟོ་བོ་གསོ་བའི་མྱི་འདི་དག་ནི། ཕ་མས་གནང་བའི་རྐང་པའི་སྟེང་འགྱེལ་གྱིན་འགྱེལ་ལངས་ལ་བརྩོན་མྱོང་བའི་སྐྱེས་བུ་སྙིང་སྟོབས་ཅན་དག་ཡིན་པས། ག་ལེར་བསམས་ཤིང་བསམ་ན་ནི། ནམ་ཡང་ཕ་མ་དང་གཉེན་ཉེའི་དབང་ཐང་ལ་རེ་བའི་ཁུག་མ་བཟེད་པའི་སྤྲང་པོ་སྣང་སྐྱིད་བདག་ལྟ་བུའི་མིག་དཔེ་འགངས་ཆེན་ཞིག་ཀྱང་རེད་ཨང་སྙམ་པ་བྱུང་། མ་ཟད་རྡ་ས་ནས་དུས་རྒྱུན་བརྙན་འཕྲིན་དང་། ཚགས་ཤོག་སྟེང་ནས་མ་གཏོགས་མཇལ་དཀའ་བའི་བོད་མི་ཤེས་ལྡན་པ་མང་པོ་ཞིག་ཐད་ཀར་མཐོང་ཐུབ་པར་མ་ཟད། དེ་དག་དང་མཉམ་དུ་རང་རང་གི་མི་ཚེའི་ལྟ་བ་བརྗེ་རིས་ཀྱི་གོ་སྐབས་ཀྱང་ཡོད་པ་དེ་རེད།
དམིགས་བསལ་ཁྱོད་ཀྱིས་སྣང་ཆུང་གཏན་ནས་བྱེད་མི་རུང་བ་ཞིག་ནི། གངས་ཅན་སྐྱིད་གཤོང་གི་ཁོར་ཡུག་དེ་ཡིན། ཁོར་ཡུག་དེ་ཕར་བལྟས་ཚོད་ལ་ཧ་ཅང་ཆུང་ཆུང་ཞིག་ཡིན་ནའང་། གནས་དེ་ན་ལོ་རྒྱུས་ཀྱི་བདེན་པ་སྲོག་ཏུ་ཉལ་བའི་མི་རིགས་ཤིག་གི་མ་འོངས་པ་ཡོད་པས། བོད་ཀྱི་གལ་ཆེའི་ལས་ཁུངས་ཁག་གིས་མཚོན་པའི་བོད་ཀྱི་དཔེ་མཛོད་ཁང་དང་། བདེ་ལེགས་སྨན་ཁང་། སྨན་རྩིས་ཁང་སོགས་ཀྱི་གཡས་གཡོན་ནས་ཁྱོད་ཀྱིས་མིང་དུ་གྲགས་པའི་བོད་ཀྱི་བསམ་བློ་བ་དང་། ཆབ་སྲིད་པ། ཁྲིམས་ཞིབ་པ། ཞིབ་འཇུག་པ། རྩོམ་པ་པོ། ལོ་ཙཱ་བ། གསར་འགོད་པ། སྙན་ངག་པ། སྨན་རམས་པ་བཅས་ལ་རྒྱུས་ལོན་གང་འཚམས་རེ་བྱེད་རྒྱུའི་གོ་སྐབས་ཡོད་པས། རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་དེ་དག་ལ་དོ་སྣང་ཕྲན་བུ་རེ་བྱེད་རྒྱུ་ནི་གལ་ཆེའི་རྒྱུན་ཤེས་ཤིག་ཏུ་ངོས་འཛིན་བྱེད་དགོས་སོ། །
དབྱིངས་སུ་འབོད་པས་ཕྱི་ཟླ་༡ ཚེས་༢༦ ཉིན་རྡ་སྟེང་མགྲོན་ཁང་སྔོན་པའི་ཇ་ཁང་དུ་བྲིས།
་་་་་་་་་ བོད་ཀྱི་བསམ་བློ་བ་དང་། ཆབ་སྲིད་པ། ཁྲིམས་ཞིབ་པ། ཞིབ་འཇུག་པ། རྩོམ་པ་པོ། ལོ་ཙཱ་བ། གསར་འགོད་པ། སྙན་ངག་པ། སྨན་རམས་པ་བཅས་ལ་རྒྱུས་ལོན་གང་འཚམས་རེ་བྱེད་རྒྱུའི་གོ་སྐབས་ཡོད་པས། རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་དེ་དག་ལ་དོ་སྣང་ཕྲན་བུ་རེ་བྱེད་རྒྱུ་ནི་གལ་ཆེའི་རྒྱུན་ཤེས་ཤིག་ཏུ་ངོས་འཛིན་བྱེད་དགོས་སོ། ། ་་་་་་་་་་
དྷ་ས། བསྡུས་ཚིག མིང་རྒྱས་པར་བརྗོད་ན། དྷ་རྨ་སཱ་ལཱ་སྟེ། ཆོས་ཀྱི་མགྲོན་ཁང་། ང་བོད་ལ་འགྲོ་དུས་རྒྱ་གར་ས་གནས་ཁག་ཏུ་དྷ་རྨ་སཱ་ལཱ་རྩ་གཅད་ནས་དེར་སྡོད་པར་ཕྱིན། ཝཱ་རཱ་ཎ་སཱིའི་ཆོས་འཁོར་གནས་སུ་བིར་ལཱའི་དྷ་རྨ་སཱ་ལཱ་ཡོད་པ་ལྟ་བུ་ཡིན། དེས་ན། ས་གནས་འདི་ལ་དྷ་རྨ་སཱ་ལཱ་ཞེས་མིང་ཇི་ལྟར་ཐོགས་པ་དྷ་སར་གནས་སྡོད་པ་ཞིག་གིས་རྩད་གཅོད་ཐུབ་ན་ལེགས། རྩོམ་ཡིག་འདིར་དིང་དུས་ཀྱི་དྷ་སའི་བསྔགས་བརྗོད་ལེགས་པར་བཀོད། གཡས་གཡོན་ཀྱི་རི་བོའི་ལོགས་སུ་གཞིས་ཆགས་པའི་མི་རིགས་རྣམས་ཕལ་ཆེ་བ་་ཌོག་རཱ་ཟེར། ཌོག་རཱ་དང་། གར་རང་གི་མི་རིགས་ཡིན། ཞེས་པ་དག་གི་དོན་དག་བདག་གིས་མི་ཤེས་པས། དེ་དག་གི་དོན་འགོད་ཐུབ་ན། ལེགས་སོ། ཞུ་ངེས་ལགས་སོ།
རྩོམ་ཡིག་བཟང་།
དྷ་སར་ཡར་ཡར་འགྲོ་དུས། །
ཁ་བ་མར་མར་བབས་བྱུང་། །
གཡས་གཡོན་ཕར་ཚུར་ལྟ་དུས། །
གྲྭ་བཙུན་མང་པོ་མཇལ་བགྱིད། །
གངས་སྐྱིར་ཡིག་གཡས་གཡོན། །
ལས་བྱེད་མང་པོ་མཐོང་བགྱིད། །
དྷ་སའི་ཁྲོམ་གཞུང་ནང་ལ། །
མི་རིགས་རྣམ་སྣ་ཚོགས། །
དངོས་གསལ་དོད་ཤོས་དེ་ནི། །
ཧི་པི་སྐྲ་རིང་འགྲོ་བགྱིད། །
གངས་སྐྱིར་ཡིག་གཡས་གཡོན། །
འདི།
གངས་སྐྱིད་་ཡིག་ཚང་གཡས་གཡོན། །
གོ་བརྡ་མི་་འཕྲོད་པའི་འཆན་།
རྡ་རམ་ས་ལ་རྒྱལ་བའི་གདན་ས་།
རྡ་རམ་ས་ལ་བཙན་བྱོལ་སྒྲིག་འཛུགས་།
རྡ་རམ་ས་ལ་ཚོགས་སྐྱིད་འདུ་ས་།
རྡ་རམ་ས་ལ་ཆབ་སྲིད་གླེང་ས་།
རྡ་རམ་ས་ལ་མགོ་གཉིས་ཁྲབ་ས་།
རྡ་རམ་ས་ལ་གསར་འབྱོར་འཛོམས་་ས་།
རྩ་རམ་ས་ལ་ཕྱུག་པོ་སྡོད་ས་།
རྡ་རམ་ས་ལ་མཛེེས་མ་མགྲན་བསྡུར་།
རྡ་རམ་ས་ལ་མགོ་སེར་མོ་གསར་འཛོམས་ས་།
རྡ་རམ་ས་ལ་ཤོ་སྦག་རྩེད་ས་།
རྡ་རམ་ས་ལ་མགོ་གཉིས་འཛོམས་ས་།
རྡ་རམ་ས་ལར་ཕྱོགས་གཏོགས་འཛོམས་ས་།
རྡ་རམ་ས་ལར་ལུང་ཚན་ཤོག་བསྒྲིལ་།
རྡ་རམ་ས་ལར་མགོ་འདྲེན་རིང་ལུགས་།
ད་དུང་མང་པོ་འངུག་ད་འདི་རུ་གནས་སྐབས་བཞག་གི་ཡིན་།
དྷ་རམ་ས་ལ་དབྱིན་སྐད་སྦྱང་ས།
དྷ་རམ་ས་ལ་གྲྭ་བཙུན་ཐུག་ས།
དྷ་རམ་ས་ལ་གྲྭ་བ་ལོག་ས།
དྷ་རམ་ས་ལ་བཙུན་ལོག་བྱེད་ས།
དྷ་རམ་ས་ལ་དབྱིན་རྐུབ་རྒྱུགས་ས།
དྷ་རམ་ས་ལ་སློང་མོ་བརྒྱབ་ས།
དྷ་རམ་ས་ལ་ནུབ་ཕྱོགས་འགྲོ་ས།
དྷ་རམ་ས་ལ་རྐུན་ཇག་སྡོད་ས།
དྷ་རམ་ས་ལ་རྒྱ་མོ་ཐུག་ས།
དྷ་རམ་ས་ལ་ལྷ་ཡི་བཞུགས་གནས་སོ།
དཔྱོད་ལྡན་ལ་དྭགས་བླ་མས་དགོངས་ཚུལ་བཏོན་པར་བཀའ་དྲིན་ཆེ། རྡ་རམ་ས་ལ་ཞེས་པའི་དོན་འགའ་རེས་ཆོས་ཀྱི་མགྲོན་ས་ཞེས་བསྒྱུར་བ་ཡི་གེ་འགའི་མཇུག་ཏུ་ཡང་མཇལ་ཏེ་ངེས་གཏན་ཞིག་ནི་མ་ཤེས་ལགས། རྡ་སའི་གཡས་གཡོན་གྱི་ཡུལ་མི་དག་གི་རིགས་རུས་དང་བྱུང་བ་དེ་བས་ཀྱང་འཆད་མ་ནུས། ལར་ནས་གྲོགས་ཕྱག་རྡོར་དང་། ཇུས་ཏོག ཁྱུང་སེ་སོགས་རིགས་པ་ཅན་ཚོའི་མཆན་བུ་བཀོད་པ་ལ་ཡི་རངས་ཡོད།
དྷ་རྨ་སཱ་ལཱ་ནི། རིན་མེད་མགྲོན་ཁང་ལ་གོ་དགོས། སྔར་དུས་སུ་གནས་ཆེན་ཁག་ཏུ་གནས་སྐོར་བ་སྡོད་ས་རིན་མེད་ཁང་མིག་དང་། སྒོ་མེད་པའི་སྡོད་ཁང་ཆེན་པོ་དར་འདྲ་ཡོད་པ་དེ་དག་ལ་གོ་དགོས། དཔེར་ན། མ་ན་ལི་ལ་གཅིག་འདུག ད་ལྟའི་དིལླིར་ལ་དྭགས་བུདྷ་བི་ཧར་དེ་ཡང་། དང་ཐོག་རིན་མེད་མགྲོན་ཁང་ངམ་དྷ་རྨ་སཱ་ལཱ་ཡིན་པར་ངེས།
དྲང་ཚུགས་ཀྱི་ལམ་ནས་བརྗོད་སྙིང་ཚོར་བས་དགའ་བསུ་ཡོད།
དྷ་རྨ་སཱ་ལཱའི་ཚིག་འགྱུར་ལ་ཆོས་ཀྱི་མགྲོན་ཁང་དང་། དྷ་རྨ་སཱ་ལཱའི་དོན་འགྱུར་ལ་རིན་མེད་མགྲོན་ཁང་ཞེས་བསྒྱུར་དགོས་འདུག་སྙམ་ལགས།
རྩོམ་ཡིག་ལེགས་པོ་འདུག རྩོམ་བ་པོ་ལ་ཐུགས་རྗེ་ཆེ་ཞུ།
རྡ་རམ་ས་ལ་ནི།
སྐད་གཅིག་བརྒྱབ་མ་འཛམ་གླིང་ཁྱབ་ས། །
གཏམ་གཅིག་བཤད་ན་དགྲ་བོ་འདར་ས།།
སྒོམ་གཅིག་བརྒྱབ་ན་རྫོགས་འཚང་རྒྱ་ས། །
ལབ་གཅིག་བརྒྱབ་ན་དཔོན་ས་རག་ས། །
མིག་གཅིག་བལྟས་ན་མཛེས་མ་རག་ས། །
ཧེ་གཅིག་ལབ་ན་མགོ་སེར་ཁུག་ས། །
མཁས་པ་མང་པོས་མཁས་ཉམས་སྟོན་ས། །
བླུན་པོ་མང་པོས་ཨུ་ཚུགས་རྒྱག་ས། །
རིགས་ནད་ཅན་ཚོ་སྙིང་རླུང་ལངས་ས།།
ཆོལ་ནད་ཅན་ཚོ་སྲོག་རླུང་འཕར་ས། །
སྒེར་ནད་ཅན་ཚོས་སྒེར་འཁོན་རྩོད་ས། །
ཟབ་མོའི་ཆོས་ཀྱི་སྒྲ་དབྱངས་སྒྲོག་ས། །
ནན་མོའི་སྲིད་ཀྱི་ཁ་གཡང་སྒྲོག་ས། །
བོད་པ་ཚང་མས་རེ་བཅོལ་བྱེད་ས། །
ཕྱི་མི་ཚང་མས་ཧར་གྱིས་ལྟ་ས། །
སྐྱབས་མགོན་རྒྱལ་བའི་མཛད་འཕྲིན་དར་ས། །
ཆོས་དང་རིག་གཞུང་རྒྱུན་འཛིན་བྱེད་ས། །
བོད་དོན་རྩོད་པའི་འགོ་ཁྲིད་གནང་ས། །
སྒེར་བ་མང་པོའི་མདུན་ལམ་རག་ས། །
དབྱིན་མོ་རྒྱ་མོ་ཧབ་ཐོབ་རྒྱག་ས། །
གྲ་ལོག་བཙུན་ལོག་ལུང་པོ་གང་ས། །
ཧ་ལོ་མ་ལོ་སྦྲགས་སྐད་མང་ས། །
ཧཧཧ་། ད་དུང་མང་ཡ།
དྷ་ས་ནི།
ཀུན་ཤེས་ས།
ཀུན་དགའ་ས།
ཀུན་འགྲོ་ས།
ཀུན་འཛོམས་ས།
ཀུན་དད་ས།
ཀུན་མཇལ་ས།
ཀུན་འབུལ་ས།
ཀུན་ངུ་ས།
ཀུན་ལྟ་ས།
ཀུན་འཁྲབ།
ཀུན་ཐུག་ས།
ཀུན་གྱེས་ས།
ངོ་མ་ལེགས།