ཆང་སྐྱེས།
དེ་རིང་སེམས་འདི་གཡུ་ཡི་མེ་ལོང་ཞིག།
དེ་ལས་འཕྲོས་པའི་འཆར་སྣང་སྣ་ཚོགས་ཤིག།
སྣང་བ་སྒྱུ་མས་བསླུས་པའི་ཁུགས་སོ་ན།།
སེམས་ཀྱི་བུ་ཆུང་གླ་བོ་ཁེར་ལྡིང་ཞིག།
དེ་རིང་སེམས་འདི་བྱིས་པ་ཆུང་ཆུང་ཞིག།
ཕྱི་ནང་གཉི་ག་གསལ་བོ་གསལ་རྐྱང་ཞིག།
དྲིན་ཆེན་ཕ་མ་ཟུང་གི་ལག་འགོ་ནས།།
དགད་ཀྱང་ཆོག་ལ་ངུ་ཡང་ཆོག་ཆོག་ཅིག།
དེ་རིང་སེམས་འདི་སྒྱུ་མའི་རྨི་ལམ་ཞིག།
དགའ་སྐྱོ་འདྲེས་མའི་ལེའུ་དམར་པོ་ཞིག།
སྲེད་ཆགས་ཚ་རླབས་འཕར་བའི་རྩེ་མོ་ནས།།
འདོད་པའི་དབང་རྩ་འཁྲུགས་པའི་སྨྱོན་པ་ཞིག
དེ་རིང་སེམས་འདི་འབྲི་ཞོ་འོ་མ་ཞིག།
དཀར་པོ་དུང་ལ་ནག་ནོག་མེད་པ་ཞིག།
བསླུ་བྲིད་སྐྱི་སེར་རླུང་གི་སྣེ་མོ་ན།།
གཡོ་ཞིང་འགུལ་བ་མེད་པའི་བྲག་རི་ཞིག།
དེ་རིང་སེམས་འདི་ལོ་ཆང་ཟིལ་མ་ཞིག།
མངར་མོའི་རོ་ལ་བཟི་ཁ་བཙན་པོ་ཞིག།
ཆང་ཕོར་དགུང་ལ་གཏད་པའི་རྩེ་མོ་ནས།།
སེམས་པ་འདི་ཉིད་བྱེའུ་ཆུང་རྨས་མ་ཞིག།
དེ་རིང་སེམས་འདི་དྭངས་གཙང་ཆུ་བོ་ཞིག།
དྲི་མ་མེད་ལ་འབབ་རྒྱུན་རིང་མོ་ཞིག།
རྫ་རིའི་གསེབ་དང་རི་བོའི་ཁུགས་དག་ན།།
ནང་གི་སེམས་འདི་རྫ་ཆུ་བསིལ་མ་ཞིག།
དེ་རིང་སེམས་འདི་སྤྲིན་པ་ལེབ་མོ་ཞིག།
མཐོན་མཐིང་བྱང་ལམ་བརྒྱུད་པའི་མགྲོན་པོ་ཞིག།
ལྷོ་ཕྱོགས་རྒྱ་མཚོ་ཆེན་པོའི་གྲུ་ཁ་ནས།།
ཁ་བའི་ལྗོངས་ལ་འཕུར་བའི་རྒོད་པོ་ཞིག།