ཆང་སྐྱེས།
མཐོན་མཐིང་ཆུ་འཛིན་དཀར་པོའི་གདན་སྟེང་ན་བཞུཊ་པའི།།
བཅུ་དྲུག་ལང་ཚོ་འབར་བའི་ངག་དབང་གི་ལྷ་མོ།།
རྒྱུད་དྲུག་པི་ཝང་སྙན་མོའི་རོལ་དབྱངས་ཀྱི་འགྱུར་ཁུགས།།
ཉམས་ཆུང་བུ་ལ་སྐོམ་པ་ཆུ་འདོད་ལྟར་སྩོལ་རོགས།།
སྐྱོ་གདུང་ངག་ལ་གྱེར་བའི་ཤུགས་རིང་གི་དབྱངས་རྟ།།
ཐག་རིང་རི་ལ་འཁོར་བའི་བྲག་ཆ་རུ་འཐིམ་ཡང་།།
ཞེན་ཆགས་སྙིང་ལ་ཟུག་པའི་བརྩེ་བ་དེ་རུམ་ནས།།
སེམས་པ་ཁྱོད་ལ་བསྲིངས་ཏེ་རེ་བ་ཞིག་བཅངས་ཡོད།།
ཤ་རུས་ཁྲག་གིས་གྲུབ་པའི་ཕྱི་གཟུགས་ཀྱི་ལུས་པོ།།
ནུབ་ཕྱོགས་གྲོང་ཁྱེར་ཆེན་པོའི་ཞིང་ཁམས་ན་ཡོད་ཀྱང་།།
ནང་སེམས་ཕྱི་ཐག་རིང་མོའི་བརྩེ་དུང་གི་མེ་ཏོག།
ནམ་ཡང་ཁྱེད་ལ་གཏད་དེ་རེ་སྒུག་ནི་བྱས་ཡོད།།
ཆར་བ་ཟ་ཟིམ་འབབ་པ་དུས་ཚིགས་ཤིག་ཡིན་ན།།
མེ་ཏོག་ལྷམ་མེར་བཞད་པ་མཛེས་སྡུག་ཅིག་ལོས་ཡིན།།
ཡིད་འོང་འཛུམ་གྱིས་ཕྱུག་པའི་ཁྱོད་ཞལ་གྱི་པད་མོ།།
བདག་སེམས་བུང་བ་འགུག་པའི་ལྕགས་ཀྱུ་ཡི་ཨ་ལོང་།།
ལོ་མ་སེར་ཐིག་ལྷུང་སྟེ་ཙག་རླུང་གིས་ཁྱེར་དུས།།
ཁྲུང་ཁྲུང་དཀར་མོ་རྒྱང་རིང་རྒྱང་རིང་དུ་འཕུར་སོང་།།
སེམས་པ་སྡུག་ལ་སྦྱར་བའི་སུན་སྣང་གི་ཀློང་ནས།།
ཐ་མག་རྔུབ་འཐེན་བྱེད་པ་འུ་ཐུག་གི་བྱ་བ།།
དེ་རིང་གནམ་གཤིས་སྐད་ཅིག་སྐད་ཅིག་གིས་འགྱུར་ཐལ།།
བདག་གི་སེམས་ཀྱང་དེ་བཞིན་དེ་བཞིན་དུ་འཁྲུག་བྱུང་།།
བརྩེ་བ་རྒྱང་ན་ལུས་པའི་ན་ཟུག་དེ་འཁུར་ནས།།
མི་ལོ་བཅོ་ལྔའི་ཉིན་ཞག་ཡ་ཐོད་ལ་བརྩེགས་ཡོད།།
མདང་དགོངས་ཀྱི་མཛེས་མ། །
དེ་རིང་གི་སྙིང་སྡུག །
སང་ཉིན་གྱི་སེམས་འཕྲལ། །
མ་འོངས་པའི་ཚེ་གྲོགས། །