འབའ་སྲས།
མི་ལོ་འདི་རྒས་ནས་འགྲོ་ཡང་།།
ལུས་ཕུང་ནི་ཇེ་བདེ་ཇེ་བདེ།།
འཚོ་བ་ལ་ཡར་རྒྱས་དཀའ་ཡང་།།
སེམས་པ་འདི་ཇེ་སྐྱིད་ཇེ་སྐྱིད།།
ངོ་གདོང་ལ་འགྱུར་བ་ཐེབས་ཀྱང་།།
སེམས་པ་ལ་འགྱུར་ལྡོག་མི་འདུག །
སྐྱེས་གཟུགས་ཀྱང་སྒུར་ནས་འགྲོ་ཡང་།།
རང་བཞིན་འདི་སུས་ཀྱང་མ་བསྒྱུར།།
འདས་སོང་ལ་བསམ་གཞིགས་བྱ་ཞོར།།
རྗེས་ཤུལ་ལ་མིག་གིས་བལྟས་ན།།
ཐོབ་པ་ལས་ཤོར་བ་མང་ཡང་།།
སྡུག་སྐད་ཅིག་བརྒྱག་འདོད་མི་འདུག །
མི་ཚེ་འདི་སྐྱིད་ཀྱིས་མ་རྒས།།
ལོ་ན་ཡང་སྡུག་གིས་མ་བརྩིས།།
སྐྱིད་སྡུག་དང་མཉམ་དུ་འགྲོགས་ནས།།
ཞེ་ལྔ་ཡི་ལོ་ཁ་ཟིན་སོང་།།
སྐྱེས་པ་ནས་དེ་རིང་བར་དུ།།
བྱས་རྗེས་ཀྱི་དཀར་ཐིགས་མེད་ཀྱང་།།
མི་སྒེར་དང་སྤྱི་ཚོགས་གང་ལ།།
དབྱེན་དཀྲིག་གི་ནག་ཐིགས་བཀོད་མེད།།
བཙན་པོ་ལ་ངོ་ལོག་མ་བྱས།།
བླ་མ་ལ་དད་ལོག་མ་བྱས།།
རྒྱལ་ཁབ་ཀྱི་ཁྲིམས་ལུགས་མ་ཞིག །
ནག་ཉེས་ཤིག་མ་བསགས་དགའ་ཡོད།།
འཇིག་རྟེན་དུ་དགའ་ས་མང་ཡང་།།
མང་མང་ལ་སེམས་པ་ཤོར་མེད།།
བག་ཆགས་ཀྱིས་བདག་ལ་གནང་བའི།།
སྙན་ངག་འདི་འདོར་ཐབས་མ་བྱུང་།།
བུད་མེད་ལ་སྙན་ངག་བྲིས་ཀྱང་།།
ཆུང་མ་ལ་ཁྲེལ་མེད་མ་བྱས།།
སྙིང་རྡོག་འདི་ལྷོག་ལྷོག་ལྡིང་ཡང་།།
སེམས་པ་འདི་གཞན་ལ་ཕུལ་མེད།།
རྐང་རྗེས་ལ་དཀར་པོ་མེད་ཀྱང་།།
ནག་པོ་ཡང་ཤུལ་ན་མེད་པས།།
མི་ཚེ་ཡི་རྐང་ལམ་རིང་མོ།།
ཁ་དོག་གིས་མ་བསྒྲིབས་དགའ་ཡོད།།
ཆབ་སྲིད་ཀྱི་སྟེགས་བུ་སྟེང་ནས།།
རྐུབ་ཀྱག་ཅིག་མ་ཟིན་མི་འགྱོད།།
སྙན་ངག་གི་གླེགས་བམ་ཁྲོད་ནས།།
ཤོག་བུ་གཅིག་བརྙེད་པས་དགའ་ཡོད།།
ཆེ་ཆེ་ཞིག་ནམ་ཡང་མི་འདོད།།
ཆུང་ས་ལ་ལྷུང་དུ་མི་འཇུག །
རང་ཚོད་ཀྱིས་འགྲོ་ལམ་བདེ་མོ།།
འདི་བཞིན་དུ་དྲང་བས་ཆོག་ཨང་།།
དེ་རིང་ནི་རང་གི་སྐྱེས་སྐར།།
མགྲོན་ཡོང་གི་ལག་སྐྱེས་མེད་ཀྱང་།།
ལས་ཀ་ཡི་ཞ་ཞོར་ཞིག་ནས།།
དགའ་ཚོར་ཞིག་རང་ལ་བྲིས་སོ།།
༢༨/༠༣/༡༣
དྲ་གྲོགས་པོ་ཁྱེད་ཀྱི་སྐྱེས་སྐར་ལ་བཀྲིས་བདེ་ལེགས་ཞུ་བ་དང་ཆབས་ཅིག ལོ་འདིར་ཁྱིམ་ཚང་འཆམ་མཐུན་དང༌། ནད་མེད་སྙན་གྲགས་རྒྱས་པའི་སྨོན་འདུན་ཞུ།
ལོ་ན་ཡི་ཚོད་དང་འགྲོགས་ཏེ། །
སྐྲ་ལོ་ལ་དཀར་ཐིགས་ལྷུང་ཐལ། །
ཐོད་པ་ལ་སྙེར་མ་བབས་ཀྱང་། །
མཇེ་ངན་ལ་རྒས་རྟགས་མི་འདུག །
མི་ལོ་ནི་ལྔ་བཅུར་ཉེ་བའི། །
སྐྱ་བྷ་ཡི་རྒད་པོ་ཞིག་གི །
སྐྱེས་ཚེས་ལ་རྟེན་འབྲེལ་ཞུ་རྒྱུར། །
འདྲེ་རྐང་ལ་ལུགས་སྲོལ་མེད་ཀྱང་། །
སྙན་ངག་གི་དབྱངས་ཅན་མགྲིན་གླུ། །
རྣ་བ་ལ་ཡང་ཡང་གྱེར་བའི། །
བཀའ་དྲིན་དུ་དེ་རིང་ཁྱེད་ཀྱི། །
སྐྱེས་སྐར་ལ་རྟེན་འབྲེལ་ཞུའོ། །
ཆབ་ཆབ་ཀྱི་ཕ་རོལ་ན།།
སུད་སི་ཡི་ཚུ་རོལ་ན།།
ཕ་རན་སིའི་གྲོང་ཞིག་ན།།
མི་བུ་ནི་བོད་རིགས་ཅན།།
འབའ་སྲས་ནི་ཟེར་བ་ཞིག །
བུ་གསུམ་གྱི་ཕ་རྒན་ཞིག །
སྨན་མཛེས་མའི་ཁྱོ་ག་ཞིག །
སྙན་ངག་ནི་ངག་ནས་གྱེར།།
སྙན་དེབ་དེ་སྙིང་ནས་རུམ།།
ཁ་བརྡ་ན་ཡང་ཡང་ཉུལ།།
མི་ཁོ་ཡི་སྐྱེས་སྐར་ལ།།
བཀྲ་ཤིས་པའི་མེ་ཏོག་བཏོར།།
ངག་བཟང་པོའི་ཚིག་ཕྲེང་སྤེལ།།
སེམས་བཟང་པོས་སྨོན་ལམ་འདེབས།།
སྐྱེས་སྐར་ནི་མཇེ་དང་འདྲ་འོ།།
ཡང་ཤི་ནི་ཡང་སྐྱེས་ཡོད་དོ།།
གསོལ་སྟོན་ནི་སྟུ་དང་འདྲ་འོ།།
ཡང་སྐྱིད་ནི་ཡང་སྡུག་ཡོད་དོ།།
རྒྱ་མཚོ་ཡི་ཕ་རོལ་ནས།
བོད་རིགས་ཀྱི་ན་གཞོན་ཚོས།
སྐྱེས་སྐར་གྱི་རྟེན་འབྲེལ་དུ།
དགའ་བདེའི་ཞབས་བྲོ་འཁྲབ།
རྒྱ་མཚོ་ཡི་ཚུར་རོལ་ན།
གངས་གཞོན་གྱི་ན་གཞོན་ཚོས།
ས་ཡ་ཡི་དོན་ཆེད་དུ།
ལུས་བསྲེགས་ཀྱིས་ཁ་ཆེམས་བཞག
ཨེ་མ་འདི་འདྲའི་སྐྱིད་སྡུག
མི་འདྲ་མི་གཅིག་མཐོང་དུས།
སེམས་ཚོར་མེད་པ་མིན་ཀྱང།
རྟེན་འབྲེལ་ཞུ་ཚོད་མ་ཐིག
རྒད་པོ་ངའི་སྐྱེས་སྐར་ཉིན་མོར།།
ལས་ཞོར་ནས་སྙན་ངག་བྲིས་སོ།།
ལོ་ལོན་ངའི་སྐྱེས་སྐར་དགོང་མོར།།
རིན་ཆེན་གྱི་ལྟེ་གནས་སྦྱར་རོ།།
བཀྲ་ཤིས་ཤོག
སྦྱོར་ཅིག་ལྟེ་བ་པདྨའི་འདབ།།
སྤྲོད་གཅིག་ཐབས་ཤེས་གཉིས་ཀྱི་མཚན།།
མུར་ཅིག་ལྗགས་ཀྱི་དབང་པོ་ཡང་།།
བདེ་ཆེན་ཡེ་ཤེས་སྐྱེ་བར་ཤོག །
ལ་ལ་སྐྱེ་བའི་ཉིན་མོ་གང་དེ། ལ་ལ་འཆི་བའི་ཉིན་མོ་ཡིན་པས།
གཅིག་ལ་དགའ་ཞིང་གཅིག་ལ་སྐྱོ་བའི། ལས་འདི་མི་ཚེའི་ཆོས་ཉིད་ལོས་ཡིན།
ཆུང་མ་བྲང་ལ་སྦྱར་ནས། སྙན་ངག་གཞན་ལ་ཕུལ་ནོ།
དགེ་སྡིག་གང་དུ་གཏོགས་མིན། སུ་དང་གང་གིས་མི་ཤེས། ཧ་ཧ་ཧ་
ནམ་སྐྱེས་སྐར་མ་ཤེས་ནོ་ངར་གི རང་གིས་རང་སྐྱེས་ཕུལ་ནོ་ཡག་གི
ཡག་ནས་མི་ཚད་སྐྱིད་ནོ་ཤེས་ཐ། ཡང་ཡང་སྐྱིད་ཀི་རྟེན་འབྲེལ་ཞུའོ།
ཆུང་མ་བྲང་ལ་སྦྱར།།
སྙན་ངག་གཞན་ལ་ཕུལ།།
དགེ་སྡིགས་གང་དུ་གཏོགས།།
སྒྲ་དབྱངས་ལྷ་མོ་ལགས།།
སྡིགས། སྡིག་ལ་བཅོས།
རྒན་ལགས་ཀྱི་སྐྱེས་སྐར་ལ། དགའ་སྤྲོ་ཡི་རྟེན་འབྲེལ་ཞུ། ། ཡབ་ཡུམ་གྱི་དགའ་བདེ་དེས། འབྲས་བཟང་ཞིག་སྨིན་པར་ཤོག། རྒན་ལགས་ཀྱི་སྙན་རྩོམ་ལ། ཚངས་སྲས་ཀྱི་མེ་ཏོག་གཏོར། དགའ་སྐྱོ་ཡི་མི་ཡུལ་འདིར། བདེ་སྐྱིད་ཀྱི་འཚོ་བར་ཤོག།